བོན་པོའི་བཀའ་འགྱུར།

Ⅱ ༄། །གཉིས་པ།

上一章
下一章
1-8b

གོ། །བོན་གྱི་བསྟན་པ་ནུབ་ན། སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་ནུབ་བོ། །འཇིག་རྟེན་གྱི་ཁམས་ཀྱང་བསྐལ་པ་ཕྲ་མོ་གཅིག་གིས་མཐོ་བཅད་དང་ཟུར་བསྙམ་ཙམ་ཅིག་ཞིག་གོ། །ད་འདི་ནས་མར་ནི་དུས་འདི་བསྐལ་པ་འདི་སྲིད་པ་འདི་འབྱུང་བ་འདི་ལ། ལྷ་གང་གིས་ཐུགས་རྗེས་འཛིན་པ་དང་། གཤེན་གང་གིས་སྟོན་པ་བྱེད་པ་དང་། སྲིད་པ་གང་གིས་རྒྱུད་སྤེལ་བའི་ལོ་རྒྱུས་དང་གཏན་ཚིགས་འབྱུང་སྟེ། སྤྱིར་འཇིག་རྟེན་གྱི་ཁམས་རྒྱ་ཆེ་ཞིང་གྲངས་མང་ན་ཡང་། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་གླིང་ཆུ་བོ་ཆེན་པོ་བཞིའི་འགོ། གངས་དབལ་སོ་མདུང་རྩེའི་ར་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། བྲག་སེང་གེ་རྒྱབ་བསྣོལ་གྱི་བར། ས་པདྨ་འདབ་བརྒྱད་ཀྱི་སྟེང་། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག །ཤིང་འཇའ་ཚོན་གྱི་འོད་འབར་གྱི་གསེབ། རྩྭ་མེ་ཏོག་སྣ་ཚོགས་ཀྱི་གསེང་། གསོས་བདུད་རྩི་སྨན་གྱི་ཚལ། གནས་རིན་པོ་ཆེའི་མཁར། ཡུལ་དེའི་མིང་ནི་འོལ་མོ་ལུང་རིང་། མཁར་དེའི་མིང་ནི་བར་པོ་སོ་བརྒྱད། གསས་མཁར་དེའི་མིང་ནི་ཤམ་པོ་ལྷ་རྩེ། གནས་དེ་ན་འཛམ་བུ་གླིང་གི་མི་གནས་ཏེ། མི་ལ་རིགས་བཞི་མཆིས་པ་ལས། རྒྱལ་པོའི་རིགས་སུ་

1-9a

གཏོགས་པ་ཆེ་བ་དང་། རྗེའུ་རིགས་སུ་གཏོགས་པ་གཙང་མ་དང་། བྲམ་ཟེའི་རིགས་སུ་གཏོགས་པ་བཙུན་པ་དང་། རྨངས་ཀྱི་རིགས་སུ་གཏོགས་པ་གདོལ་པ་དང་བཞིའོ། །ཡུལ་དེ་ན་ཀུན་ཚང་ཡང་། མཁར་དེའི་རྩེ་རྗེ་ནི། རུས་པའི་ན་དམུའོ། །རིགས་ནི་རྒྱལ་རིགས་སོ། །མིང་ནི་དམུ་རྒྱལ་ལན་གྱི་ཐེམ་པ་སྐས་སོ། །སྐྱེས་བུ་ཆེན་པོར་བཞུགས་པས། རབ་ཏུ་སེམས་ཉིད་ཀློང་ན་བདེ། འགྲོ་བའི་དོན་ལ་བྱོན་པས། སེམས་ཅན་ལ་བུ་གཅིག་ཕ་ལྟར་བྱམས། དེའི་བཙུན་མོ་ནི་ཕྱྭ་ཨ་ལྟེ་ཁྱབ་པའི་སྲས་མོ་ཕྱྭ་བཟའ་ངང་འབྲང་མས་བགྱི་ཏེ། དེ་ཡང་ཡབ་དང་མཚུངས་ཏེ། ཤིན་ཏུ་ངག་འཇམ་ཞིང་། རབ་ཏུ་ཁོང་དལ་སེམས་ཅན་སྐྱེ་འགྲོ་ལ་བྱམས་པའི་སེམས་དང་ལྡན། ཡབ་ཡུམ་དེ་གཉིས་འགྲོ་བའི་དོན་ལ་དགོངས་ནས། སྐུ་སྤྲུལ་པས་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ། སྲས་རྒྱལ་བུ་གཅིག་སྐུ་འཁྲུངས་སོ། །འཁྲུངས་པའི་དུས་དེར་སེམས་ཅན་ཐམས་ཅད་ཀྱང་སྤྲོ་བ་སྐྱེས་ནས།ལ་ལ་ཡིས་སེལ་བཏབ། ལ་ལ་ཡིས་ཁྲུས་བྱས། ལ་ལ་ཡིས་གཡང་བླན། ལ་ལ་ཡིས་ལྷ་གསོལ། ཞང་པོ་ཕྱྭ་མཁར་རྗེ་ཐང་པོ་ཡིས། དུང་གི་གནམ་ཡོལ་དཀར་པོ་ལ། 

1-9b

འབྲུག་ཁྱུང་གི་རིས་བཀྲ་བ། ཉི་ཟླའི་འོད་འབར་འདབ་གང་དབུ་ལ་བཅིངས་ནས་སྨོན་ལམ་བཏབ་པ། དམུ་རྒྱལ་གྱི་སྲས་རྒྱལ་བུ་ཁྱེད་ཀྱང་། ལྷ་སྲིད་སྡེ་བརྒྱད་ལ་བཀའ་བཙན་ཅིང་། སྐྱེ་འགྲོ་སེམས་ཅན་གྱི་དོན་ནུས་པར་ཤོག་ཅིག་གསུངས་སོ། །རྒྱལ་བུ་དེ་ཡང་ཡབ་ཡུམ་དང་མཚུངས་པར་ཤིན་ཏུ་ཁོང་དལ་ཞིང་། རབ་ཏུ་ངག་འཇམ། བྲམ་ཟེའི་བུ་གསལ་ཁྱབ་འོད་ལྡན་གྱིས་མཚན་བརྟག་པས་ཀྱང་། ཤིན་ཏུ་མཚན་བཟང་ཞིང་། རབ་ཏུ་ཡང་མཚན་བཟང་པར་བཅད། མིང་དང་མཚན་ཀྱང་མི་བོན་ལྷ་བོན་ཡོ་བོན་རྒྱལ་བོན་ཐོད་དཀར་དུ་བཏགས། སློབ་དཔོན་འཕྲུལ་གཤེན་ངར་དྲག་ལས། འཕྲུལ་ངག་བདེན་པའི་བོན་བསླབས་ན། གཏོ་རྒྱུད་སྨྲ་རྒྱུད་ས་ལེ་མཁྱེན། དུས་དེ་ཙམ་ན་རྒྱལ་བུ་དེའི་གདུང་འཚོབ་པ། རྟེན་པའི་བཙུན་མོ་ཞིག་མ་མཆིས་ན། སྟོང་ཁམས་སུ་བཙལ་བས་མ་རྙེད་དོ། །དེར་དགུང་ལོ་བཅུ་གསུམ་ལོན་ནས། ལྷ་སྲིན་འཐབ་པའི་གཟུ་མཛད་ཅིང་བཞུགས་ན། འཁོར་གྱི་དམ་པ་ཞིག་མི་གཉིས་རྒྱལ་བུ་ལ་མཇལ་ཟེར་ནས་འཕྲིན་སྙན་དུ་ཞུས་ན། རྒྱལ་བུ་ཡང་བཞེངས་ནས་མི་གཉིས་ཀྱི་དྲུང་དུ་བཞུད། མི་གཉིས་ཀྱིས་ཞེ་ས་ལུགས་བཞིན་དུ་ཕུལ་ནས། རྒྱལ་བུ་ལ་འདི་སྐད་ཅེས་ཞུས་སོ། །བདག་ཅག་

1-10a

གཉིས་ཕ་སྤད་ལགས་སོ། །ཡུལ་ནི་མཚོ་མུ་ལེ་སྟོང་ལྡན་ཧད་ཀྱི་འགྲམ་ན་ལགས་སོ། །ཁྱིམ་ནི་གྲོང་ཁྱེར་ལང་ལིང་གི་དབུས་ནས་མཆིས་སོ། །རྒྱལ་བུ་དང་ཞལ་མཇལ་བ་ནི། ཁབ་ཀྱི་བཙུན་མོ་ཞིག་རྒྱལ་ཁམས་ན་སྒྲ་གཏོང་གིན་གདའ་བས་མ་རྙེད་མཆིས་ན། བདག་རིགས་ནི་དམངས་རིགས་ལགས་ན་ཡང་། རྒྱལ་བུའི་བཙུན་མོ་རུང་བའི་བུ་མོ་ཁྱད་པར་འཕགས་པ་ཅིག་བདོག་པས། རྒྱལ་བུའི་བཙུན་མོར་འབུལ་དུ་མཆིས་ན་བཀའ་གནང་འཚལ། དེ་སྐད་ཅེས་རྒྱལ་བུ་ལ་གསོལ་པས། རྒྱལ་བུའི་སྤྱན་གྱིས་གཟིགས་པས་ཀྱང་སྤྱན་མ་ལྟམ།ཐུགས་ཀྱི་དགོངས་པས་ཀྱང་ཡིད་མ་རངས། མི་གཉིས་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཡ་མཚན་རྨད་རེ་ཆེ། ཕ་ནི་གཡས་ཞར་བུ་ནི་གཡོན་འཐེང་། རིགས་ནི་དམངས་རིགས་ཡིན། ཁྱོད་ལ་ངའི་ཁབ་ཏུ་བཞེས་སུ་རུང་བའི་བུ་མོ་སྐྱེས་པའི་ལུགས་མེད་ཀྱིས། མིའི་དྲུང་དུ་དེ་སྐད་མ་ཟེར་ཅིག་ངོ་ཚའོ། །ཁྱོད་ལ་བུ་མོ་ཁྱད་པར་ཅན་ཞིག་ཡོད་ན། ང་དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ། གྲོང་ཁྱེར་ལང་ལིང་དུ་གཤེགས་ནས། མཚོ་མུ་ལེ་སྟོང་ལྡན་ལ་སྐུ་ཁྲུས་བྱེད་དུ་ཕྱིན་ཙམ་ན། གྲོང་ཁྱེར་ལང་ལིང་གི་མི་རྣམས་ཀྱིས་མདུན་བསུ་ནས། ལ་ལ་

1-10b

ནི་བསྐོར་བ་བྱེད། ལ་ལ་ནི་ལྷ་ཕྱག་འཚལ། ལ་ལ་ནི་མེ་ཏོག་འབུལ། ལ་ལ་ནི་ལྟད་མོ་བྱེད་ན། ཁྱོད་ཀྱི་བུ་མོ་ཁྱད་པར་ཅན་དེ་གང་ན་ཉལ། ཤིན་ཏུ་ཚོད་ཆུང་བ་གཉིས་སྣང་གིས་རབ་ཏུ་གསང་དམ་དུ་གྱིས་ལ་ཕྱིར་ཆོས་ཤིག །ངའི་འཁོར་པས་ཐོས་ན་སྐྱོན་འབེབས་པར་འགྱུར་རོ། །གསུང་ནས་རྒྱལ་བུ་ཡང་བཞེངས་ནས་བཞུད་དོ། །མི་གཉིས་པོ་ཡང་ཡིད་ཆད་ནས་སོང་ངོ་། །དེར་ལྷ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ་དང་། འཁོར་པ་རྣམས་ཀྱི་མཆིས་ནས། རྒྱལ་བུ་ལགས། གཏམ་རེ་མང་། མི་དེ་གཉིས་སུ་ལགས། ཅི་མཆིད་ཞུས་པས། རྒྱལ་བུ་ཡང་ཤིན་ཏུ་ངོ་ཚ་བར་གྱུར་ནས། བརྫུན་བསམ་ནས་བཀའ་སྩལ་པ། མི་དེ་གཉིས་ནི་ཤིན་ཏུ་ཉོན་མོངས་པའི་བྲམ་ཟེ་གྱ་ཉེས་གཉིས་གདའ་འོ། །བདག་ཅག་ལ་ནན་བསྐྱེད་ནས་རྫས་སློང་དུ་འོང་ན།བྱེས་སུ་སྦྱིན་རྒྱུ་མ་མཆིས་ནས། ཁྱིམ་དུ་ཤོག་ཅིག་པར་དུས་གསལ་ལོ། །དེ་ནས་ལྷ་སྲིན་སྡེ་བརྒྱད་ཀྱི་བསྡུམས་མཛད་ནས། སླར་འོལ་མོ་ལུང་རིང་དུ་གཤེགས་སོ། །ཡབ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ལྷ་སྲིན་སྡེ་བརྒྱད་ཀྱི་བསྡུམས་བགྱིས་ན། ས་དེར་ཤིན་ཏུ་ཕྲ་ངན་པ་ཞིག་དང་མཇལ། མི་ཕ་སྤད་གཉིས་ཡིན་ཟེར་བ། ཕ་གཡས་ཞར་བ་

1-11a

བུ་གཡོན་འཐེང་བ་དེའི་མཆིད་ནས། ཡུལ་ནི་མཚོ་མུ་ལེ་སྟོང་ལྡན་ཧད་ཀྱི་འགྲམ་ལགས། ཁྱིམ་ནི་གྲོང་ཁྱེར་ལང་ལིང་གི་དབུས་ན་མཆིས་སོ། །རིགས་ནི་དམངས་ཀྱི་རིགས་སུ་གཏོགས་སོ། །རྒྱལ་བུ་ལ་ཁབ་མི་མངའ་བས། བདག་གི་བུ་མོ་བཙུན་མོར་འབུལ་བ་ཟེར་བ་ཞིག་བྱུང་ན་འདི་ཅི་ལགས། བདག་ནི་ཤིན་ཏུ་ངོ་ཚ་ནས། འཁོར་གྱི་དམ་པ་རྣམས་ལ་ཡང་གསངས་ནས། ཡབ་ལ་ཞུས་པ་ལགས་སོ། །ཡབ་ཀྱི་ཞལ་ནས་ཕེ་ཤ་མི་སྲིད་པ་མ་ཡིན་ནོ། །(མི་དེ་གཉིས་ནི་ཕ་ངན་པ་མ་ལགས་སོ། །)ལྷའི་བུ་ལྟུང་བ་ཡང་སྲིད་དོ། །དམྱལ་བའི་བུ་ཐར་པ་ཡང་སྲིད་དོ། །རྒྱལ་པོ་དམངས་སུ་བབས་པ་ཡང་སྲིད་དོ། །དམངས་ཀྱིས་རྒྱལ་ས་འཛིན་པ་ཡང་སྲིད་དོ། །མི་དེ་གཉིས་ནི་ཕྲ་ངན་པ་མ་ལགས་སོ། །གཡས་ཞར་བ་ནི་ངན་སོང་གི་སྒོ་འགེགས་པ་ལགས་སོ། །གཡོན་འཐེང་བ་ནི་འགྲོ་བའི་དོན་བྱེད་པ་ལགས་སོ། །གཉེན་མཐོ་ལ་གདགས་ཟེར་བ་ནི། མཐོ་རིས་ཐར་པའི་རྩལ་ཡོད་པ་ལགས་སོ། །བདག་གིས་ཀྱང་རྒྱལ་པོའི་གདུང་རྒྱུད་གཅེས་ནས། རྒྱལ་པོ་ལ་བཙུན་མོ་ཅིག་རྨད་བཏང་ནས་བཙལ་བའི་མ་རྙེད་དོ། །དེ་ལྟ་བུ་ནི་མི་སྲིད་པའི་བོན་ཅན་མ་ལགས་སོ། །སྲིད་པའི་

1-11b

བོན་ཅན་ལགས་སོ། །ད་ཡང་རྒྱལ་བུ་མཚོ་ལ་ཁྲུས་བྱེད་དུ་གཤེགས་ཙམ་ན། གྲོང་ཁྱེར་ལང་ལིང་དུ་གཡེངས་ཀྱིས་རྩད་བཅད་པའི་རིགས་ཡིན་ནོ། །ཡབ་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས།རྒྱལ་བུས་ཀྱང་བསམ་པས་དེ་ལྟར་ལགས་པར་དགོངས་ཏེ། རྒྱལ་བུ་ཉིད་དང་། འཁོར་པ་རྣམས་དང་། རོལ་མོ་ཀུན་གྱི་བཅས་ནས་སྐུ་ཁྲུས་དུས་ཐུག་པས། གཟབས་ནས་མཛད་ཅིང་བཞུགས་སོ། །སླད་ནས་དམངས་ཀྱི་མི་གཉིས་ཀྱིས་ཁྱིམ་དུ་སླར་ཕྱིན་ན། ཁྱིམ་བདག་མོས་དྲིས་པ། ལྷ་སྲིན་སྡེ་བརྒྱད་ཀྱི་མདུན་སར་ཁྱེད་ཕ་སྤད་གཉིས་ཀྱིས་ཕྱིན་ནམ། རྒྱལ་བོན་ཐོད་དཀར་དང་ཞལ་མཇལ་ལམ། བུ་མོ་བཙུན་མོར་འབུལ་བ་གྲུབ་བམ། དེ་སྐད་ཅེས་དྲིས་པས། ཕྱིར་ལན་བཏབ་པ། བདག་ཅག་གིས་ལྷ་སྲིན་སྡེ་བརྒྱད་ཀྱི་མདུན་སར་མཆིས་སོ། །རྒྱལ་བོན་ཐོད་དཀར་དང་ཞལ་གཡར་མཇལ་ལོ། །བུ་མོ་འབུལ་བའི་མཆིད་ཚིག་ཞུས་ནས། རྒྱལ་པོས་མ་གནང་སྟེ། བཀའ་སྩལ་པ། ཕ་ནི་གཡས་ཞར། བུ་ནི་གཡོན་འཐེང་། རིགས་ནི་དམངས་ཀྱི་རིགས་སུ་གཏོགས། །ཁྱོད་ལ་ངའི་ཁབ་ཏུ་བཞེས་སུ་རུང་བའི་བུ་མོ་ཞིག་མི་སྐྱེ་ངེས་ཀྱིས། ཤིན་ཏུ་ཚོད་ཆུང་བའི་མི་གཉིས་སྣང་གིས། རབ་ཏུ་གསང་དམ་པར་གྱིས་ལ་སོང་ཤིག་

1-12a

གསུངས་ནས་རྒྱལ་བུ་ཡང་བཞེངས་ནས་མདུན་སར་བཞུད་དོ། །བདག་ཅག་ཕ་སྤད་གཉིས་ཀྱང་ལངས་ནས་མཆིས། ཡི་མུག་ག་ཆད་འབུབ་ཅིང་གན་ཞིང་ད་ལྟ་མཆིས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། མ་ནི་བུ་མོ་འབུལ་བར་མ་གྲུབ་པས་ངུས་སོ། །བུ་མོ་ནི་རྒྱལ་བུའི་(མངན་)རྔན་ཚིག་ལ་ངོ་མཚར་སྐྱེས་ནས་དགོད་དོ། །ཕ་ནི་ཐང་ཆད་ནས་འཁུན་ནོ། །བུས་སྨྲས་པ། བུད་མེད་བྱ་བ་ལས་ཀྱི་སྲིན་མོ་ཡིན། །ཆགས་པའི་གཞི་མ་ཆེ་བས་འདྲེའི་རིགས་སུ་གཏོགས། །ཞེན་པའི་འདོད་ཆགས་དྲག་པས་མངལ་གྱི་གྲོང་ཁྱེར་བརྒྱུད། །རྒྱལ་བུ་མག་པར་ཐོབ་པ་ཤིན་ཏུ་དཀའ། །བུ་མོ་དམངས་ལ་བྱིན་ན་རབ་ཏུ་བཙུན། །མ་ངུ་མ་རྒོད་ཟ་ཆུ་སྙུར་(མྱུར་)ལ་གྱིས། །དེ་སྐད་ཅེས་སྨྲས་པ་དང་། བུའི་གྲོས་ལ་བསྡུས་སོ། །ནང་པར་ཕ་ན་རེ་དམངས་ལ་ཤོར་གྱི་དོགས་ནས་བཅོ་ལྔ་ཁང་པར་སྦས། རྒྱལ་པོའི་ཁབ་ཏུ་ཕུལ་བས་མངན་མཚང་ཕྱིར་ལ་རྫོགས། །སྦས་ནས་ཅི་བགྱི་ཐང་ལ་དབྱུང་བའི་རིགས། །འདོད་པ་འབྱུང་ན་ཐད་ཀ་མ་ལ་སྦྱིན། །བུ་མོས་སྨྲས་པ། ཀྱེ་ཡབ་ཅིག་ལགས། འཚོང་དུ་སོང་ན་རིན་ཆེན་གསེར་ཡང་ལོད། །བུ་མོ་ཕག་ཚོང་བྱས་ན་ག་ན་ལོམ། །རྒྱལ་པོའི་ཁབ་བས་དམངས་ཀྱང་མི་འདོད་ངེས། །

1-12b

བཅོ་ལྔ་སྦ་རུ་རུང་ན་ཟླ་ཅིག་ངང་རེ་ཐུང་། །དགུང་ཟླ་ཕྱི་མའི་ཉ་ལ་རྒྱལ་བུ་ཁྲུས་ལ་འབྱོན། །དེ་ལ་སྟེང་གི་ལྷ་དང་འོག་གི་ཀླུ་ཡང་འཚོགས། །བདག་ཀྱང་དེ་ལ་ལྟད་མོ་ལྟ་རུ་མཆི། །དེའི་གོང་དུ་ཡབ་གཅིག་དེ་སྐད་བཀའ་མ་སྩལ། །བུ་མོས་དེ་སྐད་ཅེས་སྨྲས་པས། ཡབ་ཡུམ་གྱིས་ཀྱང་དེ་ལྟར་གྲོས་ཀྱིས་བཅད་དོ། །དེ་ནས་རྒྱལ་བུ་ཉིད་དང་འཁོར་པ་དང་རོལ་མོ་གུན་གྱི་བཅས་རྫོགས་པས། འཇིག་རྟེན་གྱིས་ཁམས་ལྷོ་ཕྱོགས་ཀྱི་གླིང་། མཚོ་མུ་ལེ་སྟོང་ལྡན་ཧད་ཀྱི་འགྲམ་ནང་དུ་སྐུ་ཁྲུས་ལ་གཤེགས་སོ། །འཁོར་པ་མང་པོས་ཀྱང་། ལ་ལ་ནི་སེལ་འདེབས། ལ་ལ་ནི་ཁྲུས་གསོལ། ལ་ལ་ནི་ཚན་འཐོར། ལ་ལ་ནི་གླུད་གཏོང་། ལ་ལ་ནི་ཕྱྭ་ལྡོན། ལ་ལ་ནི་གཡང་སྐྱོབ། ལ་ལ་ནི་རྔ་བརྡུང་། ལ་ལ་ནི་གཤང་འཁྲོལ། ལ་ལ་ནི་དུང་འབུད། ལ་ལ་ནི་སྤོས་གཏོང་། ལ་ལ་ནི་དར་ཕྱར། སྟེང་གི་ལྷ་དང་། འོག་གི་ཀླུ་དང་། བར་གྱི་མི་རྣམས་ཀྱང་། ལ་ལ་ནི་རོལ་མོ་བསྒྱུར། ལ་ལ་ནི་ལྷ་ཕྱག་འཚལ། ལ་ལ་ནི་བསྐོར་བ་བྱེད། ལ་ལ་ནི་མེ་ཏོག་འབུལ། གསེར་གྱི་ཤིང་རྟ་འཁོར་ལོ་བརྒྱད་པ་ལ་ཆིབས། སྟག་དང་། གཡག་དང་། སེང་གེ་དང་། གླང་པོ་ཆེ་རྣམས་ཀྱིས་ཕྱོགས་བཞིའི་མཐའ་མནན་ནས་

1-13a

གཤེགས་སོ། །གྲོང་ཁྱེར་ལ་སྐུས་བཅགས། ལང་ལིང་ཕོག་གསུམ་བསྐོར་བའི་ཕྱི་ཏ་མ་ལ། རྒྱལ་བུའི་གྲོང་ཁྱེར་གྱི་དབུས་སུ་གཟིགས་ནས། གསུང་ཕྱུང་ནས་ལྷག་ལྷག་བཞད་དོ། །འཁོར་གྱི་དམ་པ་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས་ཞུས་པ། སྟེང་གི་ལྷ་དང་འོག་གི་ཀླུ་དང་བར་གྱི་མི་རྣམས་ཀྱིས། མཛེས་པའི་རོལ་མོ་བསྒྱུར་ཅིང་། །གུས་པའི་ཞབས་འབྲེང་བགྱིས་ཀྱང་། ཤིན་ཏུ་ཐུགས་རངས་ན། ཞལ་གྱིས་འཛུམ་པ་མི་མཛད་པར། གྲོང་ཁྱེར་གྱི་དབུས་སུ་གཟིགས་ནས་ལྷག་ལྷག་ཏུ་བཞད་པ་ངོ་མཚར་དུ་ཆེ་བ་ཅི་གཟིགས། དེ་སྐད་ཅེས་གསོལ་པས། རྒྱལ་བུའི་བཀའ་སྩལ་པ། འཁོར་གྱི་དམ་པ་བྲམ་ཟེ་གསལ་ཁྱབ་འོད་ལྡན། གྲོང་ཁྱེར་ལང་ལིང་གི་དབུས་མཁར་སྐྱ་བོའི་རྩེ་ལ། ཁྱད་པར་དུ་འཕགས་པའི་བུད་མེད་ཅིག་སྣང་། མིའི་བུ་མོ། ཀླུའི་སྲས་མོ་ཅིག་ཡིན་ནམ། ཀླུའི་མི་སྲས་ནམ་མཁའི་ལྷ་མོ་ཅིག་ཡིན་ནམ། དེ་ལ་ངོ་མཚར་སྐྱེས་ནས་དགོད་པ་ཡིན་ནོ། །བྲམ་ཟེས་ཤིང་རྟའི་ཟུར་ནས་བལྟས་པས།གྲོང་ཁྱེར་དབུས་མཁར་གྱི་རྩེ་ལ་བུད་མེད་འདུག་པ་མཐོང་ནས། རྒྱལ་བུ་ལགས་གསུངས་པ་མེད་དོ། །སེམས་ཅན་ཕྱི་མ་དང་ཁྱད་པར་ཡོད་པ་ཅིག་གདའ་འོ། །རྒྱལ་པོའི་ཁབ་ཏུ་བཞེས་ན་ཡང་

1-13b

ངོ་མཚར་དུ་ཆེ་བ་ཅིག་གདའ་འོ། །ཕྱིའི་མཚན་བརྟགས་པས་ཡང་། ཟླ་བ་ལ་ཉི་མ་ཤར་བ་འདྲ་བས། ཉི་འབར་མ་བྱ་བའི་རིགས་ཤིག་ལགས་སོ། །ཉི་མ་ལ་ཟླ་བ་ཤར་བ་འདྲ་བས་ཀྱང་། ཟླ་འོད་མ་བྱ་བའི་རིགས་ཤིག་ལགས་སོ། །འཇའ་ཚོན་ལ་སྐར་མ་བཀོད་པ་འདྲ་བས། ཟེར་འཕྲོ་མ་བྱ་བའི་རིགས་ཤིག་ལགས་སོ། །ནམ་མཁའ་ལ་འཇའ་ཚོན་ཤར་བ་འདྲ་བས། འཇའ་འཁྱུག་མ་བྱ་བའི་རིགས་ཤིག་ལགས་སོ། །མཚན་ཡང་ཤིན་ཏུ་བཟང་བ་ཞིག་གདའ་འོ། །འཁོར་བ་ཐམས་ཅད་ཀྱང་ཤིང་རྟ་ཡང་མ་དྲང་། སྒྲ་དང་གཟུགས་ཀྱི་རོལ་མོ་ཀུན་ཀྱང་འཕྲོ་ཆོད་ལ་བཞུགས་ཤིག །བདག་གིས་མཁར་གྱི་རྩར་ཕྱིན་ལ། བུད་མེད་ཕ་གིས་རྩད་བཅད་ཀྱིས་ཟེར་ནས་ཤིང་རྟ་ལ་བྲམ་ཟེ་བབ་ནས་སོང་ངོ་། །མཁར་གྱི་རྩར་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །མཁར་གྱི་རྩེ་ལ་འདུག་པའི་བུ་མོ་ཁྱོད་ཀྱི་ཕ་ནི་གང་ཡིན། མ་ནི་གང་ཡིན། ཁྱོད་རང་ནི་གང་ཡིན། རིགས་ནི་གང་དུ་གཏོགས་གླེངས་པས། བུ་མོས་ལན་མ་བཏབ་པར་ཕྱིར་འདས་ཏེ་སོང་ངོ་། །བྲམ་ཟེས་གྲོང་ཁྱེར་གྱི་མི་རྣམས་ལ་དྲིས་པས་ཀྱང་། མི་རྣམས་ན་རེ་ཕ་ནི་ས་ལ། མ་ནི་འགིར་ཏི། བུ་ནི་གསལ་ཁྱབ། བུ་མོ་ནི་སྔ་ན་དེ་ལྟ་བུ་མ་མཆིས་སོ། །དེ་ནས་བྲམ་ཟེས་སླར་ལོག་ནས། རྒྱལ་བུ་ལ་དེ་སྐད་ཅེས་

1-14a

གསོལ་ཏོ། །རྒྱལ་བུའི་ཞལ་ནས་ང་མཚོ་ལ་ཁྲུས་ལ་འགྲོ་ཡིས། ཁྱོད་འདིར་འདུག་ལ་ཕ་མིང་དང་འཕྲོད་ལ། །དམངས་ཀྱི་མ་རླབས་གྱིན་ཤིན་ཏུ་མཚན་བཟང་ན། །ཁབ་ཏུ་བཞེས་ཀྱིས་ཆད་སྙེགས་གྱིས་ལ་ཤོག་གསུངས་ནས་རྒྱ་མཚོ་ལ་ཁྲུས་ལ་གཤེགས་སོ། །བྲམ་ཟེ་ཡང་མཁར་གྱི་རྩར་ཕྱིན་ནས་མཁར་བདག་སྒོར་ཤོག་ཅེས་བོས་པས། ཁྱེའུ་འཐེང་པོ་ཞིག་བྱུང་ནས། བྲམ་ཟེ་མཁར་ཏུ་གཤེགས་ཟེར་ནས། དེར་ཁྱིམ་དུ་ཕྱིན་ནས་བལྟས་པས། བུ་མོ་དེའི་འོད་ནི་རིན་པོ་ཆེ་སྣ་ལྔའི་འོད་དུ་འབར་ཞིང་སྣང་ངོ་། །བྲམ་ཟེ་ཡང་ཆགས་པ་སྐྱེས་ནས་མྱོས་སོ། །བཟའ་ཚོ་རྣམས་ཀྱིས་ཟས་སྐོམ་བདའ་དགུ་དྲངས་སོ། །བྲམ་ཟེས་གསོལ་པ། ཁྱོད་ཀྱི་བུ་མོ་འདི་ཤིན་ཏུ་མཚན་དང་ལྡན་པས། དམངས་ཀྱིས་མ་བརླབས་ན། རྒྱལ་པོའི་ཁབ་ཏུ་དབུལ་དགོས་སོ། །དེ་སྐད་ཅེས་སྨྲས་པས། ཕས་ལན་བཏབ་པས་བྲམ་ཟེ་རྒད་པོ་ཁྱོད་ཀྱང་ཅི་མི་གསུངས། བདག་གི་བུ་མོ་རྒྱལ་པོས་མི་བཞེད་ངེས། །ལྷ་སྲིན་སྡེ་བརྒྱད་མདུན་སར་ཕུལ་བས་མངན་འཚངས་སླར་ལ་རྫོགས། །བུས་སྨྲས་པ་དམངས་ཀྱིས་རྒྱལ་པོའི་ཞབས་ནས་ཐེག་པ་རབ་ཏུ་དཀའ། །རྒྱལ་པོའི་བཀའ་ཡིས་རྨད་ན་བདག་ལ་དབང་རྒྱུ་མེད། །བྲམ་ཟེའི་རང་ཤེས་ཡིན་ན་ཁ་ལས་ཆེ། །