བོན་པོའི་བཀའ་འགྱུར།

Ⅲ གཤེན་རབ་ཀྱི་ཡབ་ཡུམ་གྱི་ལེའུ།

上一章
下一章
1-14b

མས་སྨྲས་པ། རྒྱལ་པོས་བཞེད་ན་ཅི་སྟེ་མི་འབུལ་ལགས། །བྲམ་ཟེའི་གྲུབ་ན་རབ་མཆོག་རྒྱལ་བ་ཡིན། །བདག་ཅག་འཁོར་པ་ཙམ་ཡང་ཞབས་ཏོག་བགྱིས། །དུས་ལ་བབ་པོ་བྲམ་ཟེ་སྐྱེས་བུ་རིམས། །བུ་མོས་སྨྲས་པ། རྒྱལ་པོའི་གྲོང་ཁྱེར་ཞབས་ཀྱིས་འཆག་ཙམ་ན། །ལྷ་དང་ཀླུ་དང་མི་དང་ལ་སོགས་པ་ནི། །འཁོར་པ་རབ་ཏུ་རྒྱ་ཆེ་གྲངས་མང་ཡང་། །རྒྱལ་བུའི་ཞལ་ཏ་མཛད་པ་བྲམ་ཟེ་རྒད་པོ་ལགས། །སྙིང་ནས་བཀའ་ཡིས་རྨེད་ན་ཕ་མ་རྒྱལ་སར་ཕྱུངས། །འོས་པ་ཙམ་ན་བྲམ་ཟེ་ཞལ་དྲོན་ཆེ། །དེ་སྐད་ཅེས་སྨྲས་པས། བུ་མོའི་གྲོས་ལ་བསྡུས་ནས། བྲམ་ཟེ་ཡང་ལངས་ནས་སོང་ངོ་། །བྲམ་ཟེས་རྒྱལ་བུའི་སྤྱན་སྔར་མཆིས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་རྒྱལ་བུ་ལགས། བདག་གིས་དེ་རིང་གི་མཁར་དེའི་ནང་དུ་མཆིས་སོ། །བུ་མོ་དེའི་ཕ་མིང་དང་ཡང་མཇལ་ལོ། །གཏུགས་ནས་མཚན་ཡང་བཏགས་སོ། །བུ་མོ་ནི་ཤིན་ཏུ་ཡང་སྐྱེས་ལེགས་ལ་མཚན་དང་རབ་ཏུ་ལྡན་པ་ཞིག་གདའ་འོ། །རྒྱལ་པོའི་ཁབ་ཏུ་དབུལ་དགོས་བགྱིས་ན། མ་ནི་ཤིན་ཏུ་ཡང་དྲང་བར་གདའ་འོ། །ཕ་མིང་གཉིས་ནི་ཤིན་ཏུ་ཡང་མི་དྲང་གདའ་འོ། །སྔོན་དུ་ཡང་ལྷ་སྲིན་གྱི་མདུན་སར་ཕུལ་བས་སླར་ལ་མངན་བགྲང་མཆིད་ནས་

1-15a

ཡི་ཆད་ནས་གདའ་འོ། །བུ་མོ་ཉིད་ཀྱིས་སྨྲས་པ། སྙིང་ནས་བཀའ་ཡིས་རྨེད་ན་ཕ་མ་རྒྱལ་སར་ཕྱུང་མཆིད་ནས་གདའ་འོ། །ད་རྒྱལ་བུའི་ཐུགས་ལ་ཇི་ལྟར་དགོངས། དེ་སྐད་ཅེས་བྲམ་ཟེས་གསོལ་ཏོ། །རྒྱལ་བུ་བཞད་ནས་གང་རོལ་དུ་དེ་ལྟ་བུ་ཞིག་ཡོད་ན་དེར་དེ་ཡིན་ཨང་། གཉེན་ཟླ་ངན་ན་རང་ཅག་དམས་པ་ཡིན། །རྒྱལ་སར་ཕྱུང་བར་གྲོས་ཀྱིས་རྦད་ཀྱི་ཆོད། །བུ་མོ་དམངས་ཀྱིས་བརླབས་ན་བདག་དང་འགྲོགས་དབང་མེད། །ཕ་མ་དོ་མོད་རྒྱལ་སར་ཕྱུང་ལ་ནང་པར་དབུལ་གྲོས་གྱིས། །དེ་སྐད་གསུངས་ནས་རྒྱལ་བུ་ཡང་སྔོན་གྱི་མངན་ལ་གནོང་ནས།རྒྱལ་བུ་གྲོས་ཐབས་སུ་བཞུད་པར་གྲོས་ཀྱིས་བཅད་ནས། འཁོར་པ་རྣམས་དང་བློན་པོའི་ཚོགས་དང་། དམག་མིའི་ཚོགས་དང་། རོལ་མོའི་ཚོགས་རྣམས་ཕྱེད་ཕྱེད་བགོས་ནས། རྒྱལ་བུ་འོལ་མོ་ལུང་རིང་དུ་གཤེགས་སོ། །བྲམ་ཟེ་དྲངས་པ་རྣམས་ནི་གྲོང་ཁྱེར་ལང་ལིང་དུ་གཤེགས་སོ། །རྒྱལ་བུ་ཡང་འོལ་མོ་ལུང་རིང་དུ་ཕྱིན་ནས། སང་གི་ཉིན་མོ་ལ་བཙུན་མོ་འོང་བར་ཡབ་ཡུམ་ལ་ཞུས་སོ། །ཡབ་ཡུམ་ཡང་དགྱེས་ནས་སྣ་གཅོག་པའི་བོན་པོ། གཡང་ལྡོན་པའི་བོན་པོ། དམུ་ཐག་འདོགས་པའི་བོན་པོ། ཞལ་དྲོ་འདྲེན་པའི་གྲོགས་པོ་རྣམས་སྤྱན་དྲངས་སོ། །ཡུལ་

1-15b

དེའི་མི་རྣམས་ཀྱང་ལྟད་མོ་བལྟ་བ་དང་། སུན་མ་ལ་རབ་ཏུ་གཟེངས་སོ། །དེ་ནས་བྲམ་ཟེ་གསལ་ཁྱབ་འོངས་ནས། གྲོང་ཁྱེར་ལང་ལིང་གི་མི་རྣམས་ལ། སྒྲ་བཏང་ནས་མདུན་མ་བསྡུས་སོ། །དེ་ནས་འདི་སྐད་ཅེས་སྨྲས་སོ། །ཀྭ་མི་རྣམས་ས་ལ་ནི་རྒྱལ་པོར་ཕྱུང་བ་ལགས་སོ། །འགིར་ཏི་ནི་རྒྱལ་མོར་ཕྱུང་བ་ལགས་སོ། །གསལ་ཁྱབ་ནི་རྒྱལ་བུར་ཕྱུང་བ་ལགས་སོ། །བུ་མོ་ནི་རྒྱལ་པོའི་ཁབ་ཏུ་ཕུལ་བ་ལགས་སོ། །བློན་པོ་དང་དམག་མི་འདི་རྣམས་ནི། རྒྱལ་པོ་ས་ལའི་རྒྱལ་རྐྱེན་དུ་འབུལ་བ་ལགས་སོ། །མི་ཁྱེད་རྣམས་ཀྱིས་ཀྱང་ཞབས་ནས་ཐེག་ཅིག །སང་གི་གདུགས་ལ་ཡང་བུ་མོ་རྒྱལ་པོ་ལ་འབུལ་བའི། ཁྱེད་ཀྱང་ཞབས་འབྲེང་དང་སྐུ་རྐྱེན་ལ་ཆས་དགོས་སོ། །དེ་སྐད་ཅེས་སྨྲས་པས། གྲོང་ཁྱེར་ལང་ལིང་གི་མི་རྣམས་འདུས་ནས་གྲོས་བྱས་པས། རྒྱལ་པོའི་བཀས་ཡིས་བཅད་ནས། ས་ལའི་ཞབས་ཏོག་བགྱི་བར་བཅད་དོ། །བུ་མོ་ལ་ཡང་རྫོངས་བཏབ་ལ་ཞབས་འབྲེང་དང་སྐྱེལ་མ་བགྱི་བར་བཅད་དོ། །བྲམ་ཟེ་ལ་ཡང་དེ་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ས་ལས་ཀྱང་སྲིད་པའི་བོན་པོ་སྤྱན་དྲངས་ནས། མིང་སྲིང་གི་དཔལ་བགོས་སོ། །ཕྱྭ་གཡང་བླན་ནས་ལྷ་གསོལ་ལོ། །གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཀྱང་། སྐྲ་ཚར་རེ་ལ་

1-16a

གཡུ་འཕྲེང་རེ་བཏགས་སོ། །བྲམ་ཟེས་བག་མའི་ཞོན་རྟ་ནི། གསེར་གྱི་ཤིང་རྟ་འཁོར་ལོ་བཞི་པ་ཞིག་ལ་སྐྱོན། དར་དང་ཟ་འོག་གི་སྦུབས་སུ་བཅུག་ནས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་དཔྱད་པས། མི་རྣམས་ཀྱང་འོད་ཀྱིས་འཚིགས་པ་ཁོ་ན་འདྲའོ། །གྲོང་ཁྱེར་གྱི་ཁྱེའུ་སྲིད་ལ་མཁས་པོ་ཞེས་བྱ་བས། རྒྱལ་པོ་ལ་སྙན་འཕྲ་གསོལ་ཏེ། རྒྱལ་པོ་ལགས། ཁྱོད་ཀྱི་སྲས་མོ་འདི་ནི། གནས་འདི་རུ་སྐྱེས་པ་ཡབ་ཡུམ་དེ་ཨ་ཅང་ཡང་ཆེ་སྟེ། བདག་ཅག་རྣམས་ཀྱིས་ཀྱང་བསོད་ནམས་ལགས་སོ། །རིན་གྱི་བབས་ཤིག་མ་ཕབ་པར་གཏང་དུ་ཕོངས་པ་ཞིག་གདའ་ན། རྒྱལ་སར་ཕྱིན་པ་ནི་རབ་ཏུ་ཡང་བཟང་སྟེ། རིན་དུ་རིན་པོ་ཆེ་གླང་པོ་ཆེ་བརྒྱའི་ཁལ་དབབ་འཚལ། མིའི་རྒྱལ་པོས་རིན་ཐང་མ་ཐེག་ནས། ལྷ་ཀླུའི་རྒྱལ་པོ་ཞིག་ལ་ཕུལ་ན། བདག་ཅག་གྲོང་ཁྱེར་གྱི་མི་རྣམས་ཙམ་ཡང་རྒྱལ་སར་སླེབས་པར་ངེས་སོ། །དེ་སྐད་ཅེས་གསོལ་བས། རྒྱལ་པོ་ས་ལ་ཡང་མཉེས་ནས་ཁྱེའུ་སྲིད་ལ་མཁས་པོས་སྨྲས་པ་ཤིན་ཏུ་ལེགས་སོ། །གསུངས་ནས་བྲམ་ཟེ་ལ་བཀའ་སྩལ་པ། བདག་གི་བུ་མོ་འདི་ལྷ་དང་ཀླུའི་རྒྱལ་པོ་ལ་ཕུལ་ན་ནི། གྲོང་ཁྱེར་གྱི་མི་རྣམས་ཀྱང་རྒྱལ་སར་ཕྱིན་སྟེ་

1-16b

མཆི་ན། རིན་གྱི་བབས་ཆུང་པས་རིན་པོ་ཆེ་གླང་པོ་ཆེ་བརྒྱའི་ཁལ་སྦྱིན་དགོས་ཞེས་བཀའ་སྩལ་པས། བྲམ་ཟེས་སླར་གསོལ་པ། བག་མ་རྟ་ལ་ཞོན་ནས་རིན་འབེབས་ཨེ་རེ་འཆི། དམངས་རིགས་རྒྱལ་སར་ཕྱུང་པ་རིན་གྱི་དམ་པ་ལགས། མི་ལུས་གཙང་མ་ཐོབ་པའི་རྒྱལ་པོ་ནི། ལྷ་ཀླུའི་རྒྱལ་པོ་བས་ཀྱང་སྐུའི་བསོད་ནམས་ཆེ། རྒྱལ་སྲིད་རིན་པོ་ཆེའི་དཀོར་མཛོད་ན། རིན་ཆེན་ཉིད་ཀྱང་ཆུའི་གྲམ་པ་འདྲ། གྲོང་ཁྱེར་མི་རྣམས་ཙམ་ཡང་ཕྱུག་པོར་འགྲོ་བའི་ནོར། བན་གླང་བརྒྱའི་ཁལ་དུ་རིན་ཆེན་སྣ་ལྔ་བཀལ། གྲོང་ཁྱེར་མི་རྣམས་དག་ལ་བསྐུར་ནས་བཏང་ཟེར་ནས་ཁས་བླངས་སོ། །དེ་ནས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཁྱེའུ་གཙང་མ་དང་བུ་མོ་གཙང་མ་རྣམས་ཀྱིས་སྐྱེལ་མ་བྱས་ཏེ། རྒྱལ་པོ་ལ་འབུལ་དུ་གཤེགས་སོ། །དེར་འོལ་མོ་ལུང་རིང་གི་ས་སྐས་ཅིག་ལ་ཕྱིན་ཙམ་ན། རྨངས་རིགས་ཀྱི་ཁྱེའུ་གཙང་མ་དང་། བུ་མོ་གཙང་མ་བརྒྱ་ཡིས་དར་དཀར་གྱི་གཡབ་མོས་བསུའོ། །དེ་ནས་ཡང་ས་སྐས་གཉིས་ལ་ཕྱིན་ཙམ་ན། རྗེའུ་རིགས་ཀྱི་ཁྱེའུ་གཙང་མ་དང་བུ་མོ་གཙང་མ་བརྒྱའི་མཚལ་སྤོས་ཀྱི་དུད་པས་བསུའོ། །དེ་ནས་ཡང་ས་སྐས་གསུམ་པ་ལ་ཕྱིན་ཙམ་ན། བྲམ་ཟེའི་རིགས་ཀྱི་ཁྱེའུ་གཙང་མ་དང་བུ་

1-17a

མོ་གཙང་མ་རྣམས་ཀྱིས་ཀྱང་། སྐུ་ཁྲུས་དང་གཙང་ཚན་གྱིས་བསུའོ། །དེ་ནས་སྣེའུ་འཕྲང་ཁྱུད་ཕྱི་རུ་བཀྲ་ཤིས་ཀྱི་སྣ་བོན་བོས། བདུད་ནི་གཅོད་དོ། །སྲི་ནི་མནན་ནོ། །བྱུར་ནི་ཕུད་དོ། །འདྲེ་ནི་བཀར་རོ། །ལྷ་ནི་གསོལ་ལོ། །དཔལ་ནི་སྐྱབས་སོ། །དེ་ནས་རྒྱལ་རིགས་ཀྱི་མི་རྣམས་ཀྱིས་གཡང་ཆ་སྣ་ཚོགས་ཐོགས་ནས་བསུའོ། །དེ་ནས་རིན་པོ་ཆེ་འབར་བའི་མཁར་བར་པོ་སོ་བརྒྱད་ཀྱི་ནང་དུ་ཕྱིན་ནས། བག་མའི་མིང་ཡང་ལྷ་བོན་པོས་མི་ཕྱི་ལྷ་ཕྱི་ན། ཡོ་ཕྱི་རྒྱལ་བཞད་མར་བཏགས་ནས། གཡུ་ཁྲི་སྔོན་པོ་ལ་བཞག་གོ། །གསེར་ཁྲི་སེར་པོ་ལ་མི་བོན་ལྷ་བོན་ན།རྒྱལ་བོན་ཐོད་དཀར་སྤྱན་དྲངས་ནས་བཞུགས་སོ། །དེ་ནས་སྨོན་ལམ་ལྷས་བཏབ་བོ། །ཞལ་དྲོ་ཀླུས་བྱིན། དམུ་ཐག་དམུས་བཏགས། ཕྱྭ་གཡང་ཕྱས་བླན། དེ་ལྟར་སྟངས་དབྱལ་དུ་འཚོགས་སོ། །ནང་པར་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས། རྒྱལ་བུའི་སྤྱན་སྔར་མཆིས་ནས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བུ་ལགས། རྒྱལ་པོ་ས་ལས་སྲས་མོ་ལ་རིན་བསྐྱར་ནས་ཕབ་པ། རིན་པོ་ཆེ་སྣ་ལྔ་ལ་བན་གླང་བརྒྱའི་ཁལ་འདོད་པར་བཀའ་སྩལ་པས། བདག་གིས་ཀྱང་གཡར་གྱིས་བླངས། གྲོང་ཁྱེར་གྱི་མི་རྣམས་ལ་རྫངས་པར་ཆད། དེ་སྐད་ཅེས་བྲམ་ཟེས་གསོལ་པས། རྒྱལ་

1-17b

བུའི་བཀའ་སྩལ་པ། འོ་ན་ཁྱོད་ཤམ་པོ་ལྷ་རྩེའི་བྱང་ཕྱོགས་ན། རིན་པོ་ཆེའི་རི་ལ་ལྕགས་ཀྱི་སྒོ་ཆེན་པོ་ཞིག་བཙུགས་པའི་སྒོ་ཀ་ན། ལྕགས་ཀྱི་མི་ཆེན་པོ་ཞིག་ལ། རིན་པོ་ཆེའི་འོད་ཕྱོགས་བཞིར་འཕྲོ་བ། སྤྱན་ནི་བཟློག །ཞལ་ནི་གདངས། ཚེམས་ནི་གཙིགས། ཕྱག་ནི་གདེངས། ཞབས་ནི་བགྲད། ཕྱག་ན་གནམ་ལྕགས་དབལ་གྱི་གྱད་རྡོ་དྲག་རྩལ་ཐོག་གི་ཚ་ཚྭ་འཕྲོ་བ་བསྣམས་པ་དེས་གང་ལ་རྒྱབ་ཀྱང་དུབ་བུར་གཏོང་ངོ་། །དེའི་སྤྱན་ལམ་དུ་སོང་ལ། ཤིང་ཏོག་གི་འབྲས་བུ་དང་། མེ་ཏོག་གི་སྣ་དྲངས་དང་། གསེར་དངུལ་གྱི་ཞོགས་མས་མཆོད་ཅིང་ཕྱག་བགྱིས་ལ། འདི་སྐད་ཅེས་སྨྲོས་ཤིག །རྒྱལ་པོས་བཙུན་མོའི་རིན་དུ་རིན་ཆེན་ཁལ་བརྒྱ་ཕབ། །ཁལ་དང་རིན་ཆེན་གཉིས་ཀར་ཁྱོད་ཀྱིས་རྫངས་དགོས་སྐད། །རྒྱལ་པོའི་གདུང་རྒྱུད་ཆད་ན་ནོར་གྱིས་ཅི་བགྱིད་མཆིས། །དེ་སྐད་ཅེས་ཞུ་ལ་སོངས་དང་། ཡུལ་དེ་ན་རི་ལུང་ཀུན་ཀ་རིན་ཆེན་གླིང་དུ་འདུག །ས་རྡོ་བྱ་བ་འདོད་ཀྱང་མིང་མི་སྲིད། བན་གླང་བརྒྱའི་ཁལ་བས་སྟོང་གི་ཁལ་ཡང་ཅི་དཀའ་སྟེ། རིན་གྱི་བབས་བསལ་ཡིན་པས་བན་གླང་ཁལ་བརྒྱ་བསྐུར། དེ་ནས་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས། བག་མའི་སྐྱེལ་མ་རྣམས་ཁྲིད་དེ། གསས་མཁར་ཤམ་པོ་ལྷ་རྩེའི་བྱང་ཕྱོགས་སུ་བྱོན་ནས། རྒྱལ་པོའི་གསུངས་

1-18a

པ་དང་མཐུན་པར རིན་པོ་ཆེའི་རི་ལ། ལྕགས་ཀྱི་སྒོ་བཙུགས་པའི་སྒོ་ཀ་ན། ཤིན་ཏུ་སྐྱི་འཇིགས་པའི་མི་ཅིག་གདའ་ནས། རྒྱལ་པོས་གསུངས་པ་ལྟར་བགྱིས་ནས་ཞུས་ན། དེའི་ཞལ་ནས་ང་ནི་ནོར་གྱི་ལྷ་ཨརྱ་ཛམ་བྷ་ལ་བྱ་བ་ཡིན་ཏེ། སྲིད་པ་གསུམ་གྱི་ནོར་བྱིན། བསྐལ་པ་གསུམ་གྱི་དབང་བསྐུར། འབྱུང་བ་བཞིའི་གཏེར་བསྲུང་བ་ཅིག་ལགས་ན། རྒྱལ་པོའི་བཀའ་ཡིས་བཅད་ན་བདག་ལ་དབང་མ་མཆིས། བདག་ཀྱང་རྒྱལ་པོའི་སྨོན་ལམ་མཐུའི་སྐུ་རྐྱེན་ཡིན་གསུངས་ནས། ད་ཅིའི་མི་དེ་ལྟ་བུ་མ་ཡིན་ཏེ། ཁྱེའུ་གཡུའི་ཟུར་ཕུད་ཅན། བརྒྱ་དང་སྟོང་དུ་སོང་ནས་ལྕགས་ཀྱི་སྒོ་ཕྱེ་བས། རྒྱལ་པོས་གསུངས་པ་དང་མཐུན་པར་རི་ལུང་ཀུན་ཀ་རིན་ཆེན་གླིང་དུ་གདའ། ས་རྡོ་བྱ་བ་འདོད་ཀྱང་མིང་མི་སྲིད། གྲོང་ཁྱེར་མི་རྣམས་ངོ་མཚར་སྐྱེས་ནས་དགོད། ཁྱེའུ་གཡུའི་ཟུར་ཕུད་ཅན་དེ་རྣམས་ཀྱིས་ཕྱེད་ཀྱིས་རིན་པོ་ཆེའི་གླང་པོ་བརྒྱ་བཟུང་ནས་རིན་པོ་ཆེའི་སྒ་སྟད། ཕྱེད་ཀྱིས་རིན་པོ་ཆེའི་དྲ་བར་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་ནས་བཀལ་ལོ། །གྲོང་ཁྱེར་ལང་ལིང་གི་མི་ལ་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས་སྨྲས་པ། གྲོང་ཁྱེར་ལང་ལིང་གི་ཁྱེའུ་གཙང་མ་དང་། བུ་མོ་གཙང་མ་རྣམས་འདིའི་ཕྱེད་ནི། རྒྱལ་པོ་ས་ལའི་རྒྱལ་རྐྱེན་དུ་ཕུལ་ཅིག །ཕྱེད་ནི་

1-18b

འཁོར་པ་རྣམས་ཀྱི་རྐྱེན་གྱིས་ཤིག །དེ་སྐད་ཅེས་སྨྲས་པས། འཁོར་པས་མདུན་དུ་ལ་བཅུག་ནས་ཐལ་ལོ། །དོ་མོད་རྒྱལ་པོའི་མཁར་སྒོར་ཕོག་ན། གྲོང་ཁྱེར་ལང་ལིང་གི་མི་རྣམས་འདུས་ནས་ངོ་མཚར་སྐྱེས་སོ། །ལ་ལ་ནི་དགོད། ལ་ལ་ནི་མཆོང་། ལ་ལ་ནི་འགྲེ། ལ་ལ་ནི་གཡང་ལྡོན། ལ་ལ་ནི་ལྷ་གསོལ། རྒྱལ་པོ་ས་ལའི་ཞལ་ནས། ཁྱེའུ་དང་བུ་མོ་ཐུན་འུ་བུ་ཅག་ལ་འདི་ཙམ་བསྐུར་བའི་གཏིང་ལ་ངའི་བུ་མོ་ལ་འགའ་ལུས་སམ། ཁྱེའུ་སྲིད་ལ་མཁས་པས་གསོལ་པ། ཕེ་ཤ་རྒྱལ་པོ་ས་ལ་ཅི་མི་གསུངས། འོ་སྐོལ་སྡུག་པའི་ཡུལ་ན་སྐྱེ་སྐྱེ་བ། མི་ལུས་གཙང་མ་ཐོབ་པའི་རྒྱལ་པོའི་དཀོར་མཛོད་ན། རི་ལུང་ཀུན་ཀྱང་རིན་ཆེན་གླིང་དུ་གདའ། ས་རྡོ་བྱ་བ་འདོད་ཀྱང་བཙལ་བས་མི་རྙེད་ངེས། བདག་ཀྱང་ཤིན་ཏུ་དགའ་ལ་རབ་ཏུ་འགྱོད།དགའ་ནི་རིན་ཆེན་ཁལ་བརྒྱ་ཐོབ་པས་དགའ། འགྱོད་ནི་བན་གླང་བརྒྱ་བས་(འབུམ་གྱི་) ཁལ་ཕབ་ཀྱང་། རྒྱལ་པོའི་དཀོར་ལ་འཛད་རྒྱུ་མེད་པས་འགྱོད། གྲོས་ཕུགས་བདག་གིས་ཕྱུང་པས་བདག་ལ་སུམ་ཆ་ཞུ། གྲོང་ཁྱེར་གྱི་མི་རྣམས་ཀྱིས་མདུན་ལྟང་བཅད་ནས། དམངས་མཉམ་པོ་ལ་མི་དབང་ཟེར་རོ། །ས་ལས་གསུངས་པ་བཞི་ཆ་ཁོ་ལ་བྱིན་ལ་གཞན་མ་མཉམ་

1-19a

༆ གཡུང་དྲུང་ལྷའི་སྐད་དུ་ན། ཛ་བེྷ་ཀུ་ལ་(བི་)མུ་སངས་ཕྱྭ། གང་ཟག་མིའི་སྐད་དུ་ན། གཤེན་རབ་སྐྱེ་བ་བཞེས་པའི་ལེའུའོ། །དུས་དེ་ཙམ་ན། ཡུལ་གནམ་གྱི་ཡབ་བླ་དགུང་གི་ཡང་སྟེང་ན། མགོན་བཙུན་ཕྱྭའི་ཡུལ་སྣར་མ་གླགས་བཞིན་ན། སྲིད་པའི་ཁྱེའུ་གསལ་བ་བྱ་བ་དེ། ཤིན་ཏུ་སེམས་ཅན་གྱི་དོན་ལ་དགོངས་ཏེ། རབ་ཏུ་སྙིང་རྗེའི་སེམས་དང་ལྡན་པས། འོག་མིན་འདའ་བ་མེད་པའི་ཕོ་བྲང་ན། ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་བཞུགས་པའི་སྤྱན་ལམ་དུ། པུས་བཙུགས་ཐལ་སྦྱར་ཞལ་ནས་འཛུམ་ཕྱུང་སྟེ། འདི་སྐད་ཅེས་གསོལ་ཏོ། །རྗེ་ཅིག་གཤེན་ལྷ་འོད་དཀར་ལགས། སྲིད་པའི་ཁྱེའུ་དག་པས་ཀྱང་འགྲོ་བ་སེམས་ཅན་གྱི་དོན་དུ་སྐུ་གསུང་ཐུགས་ཀྱི་བསྟན་པ་རྫོགས་ནས། གྲུབ་པ་གཤེན་གྱི་གནས་མཆོག་སྙོག་ཏུ་གཤེགས། ལམ་དུ་གདམས་ངག་བདག་ལ་གསུངས་པའི་མདོ། འགྲོ་བ་སེམས་ཅན་དོན་ལ་མྱུར་དུ་སོང་ཤིག་གསུངས། རྗེ་གཅིག་བདག་