བོན་པོའི་བཀའ་འགྱུར།

Ⅶ གྱིས་བཀོར་ནས།

上一章
下一章
1-31a

གྱིས་བཀོར་ནས། སྟོན་པའི་འཁོར་དང་པོར་ཁས་བླངས་ཤིང་དམ་བཅས་སོ། །ཡབ་ཀྱིས་ཤིན་ཏུ་ངོ་མཚར་ཆེ་ནས་དེ་རྣམས་ལ་བཀའ་སྩལ་པ། ཁྱོད་རྣམས་ལྷ་ཕྱག་དང་བསྐོར་བ་བྱེད་ཅིང་མཆོད་པ་གང་ལ་འབུལ། དེ་ལས་སྐོས་བོན་གཙུག་སྲས་ཁྲོལ་བས་སླར་གསོལ་པ། སྟོན་པའི་སྐུ་སྐྱེ་བ་མི་ལས་བཞེས་ནས། རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ནས་མཁར་འདི་ན་བཞུགས་པས། བསྐོར་བ་བྱེད་ཅིང་མཆོད་པ་འབུལ་བ་ལགས་སོ། །ད་ཡང་སྟོན་པའི་ཞལ་བལྟ་བ་ཤིན་ཏུ་རིངས་བས། བདག་ཅག་ནི་འཁོར་གྱི་དམ་པ་དང་པོ་ལགས་པས། སྟོན་པ་ལ་ཞལ་མཇལ་གསུངས། རྒྱལ་བོན་གྱིས་བཀའ་སྩལ་པ། དེ་ལྟ་བུ་ནི་འདི་ཀུན་ན་ཅི་ཡང་མ་མཆིས་སོ། །གཞན་དང་མ་ནོར་རམ་གསུངས་ནས། སླར་མཁར་ནང་དུ་འདས་ཏེ་གཤེགས་སོ། །རྒྱལ་བཞད་མ་ལ་གསོལ་པ། ནམ་མཁའི་ལྷ་འདྲེ་དང་། བོན་པོ་དང་། དམག་ཚོགས་དང་། འདི་རྣམས་ཀྱིས་མཆོད་པ་འབུལ་ཞིང་བསྐོར་བ་བྱེད་པ་ནི། འོ་སྐོལ་འཇིགས་ཤིང་སྙེངས་མི་འཚལ་ཏེ། རྒྱལ་བུ་འདི་ལ་མཆོད་པ་འབུལ་ཞིང་འཁོར་དང་པོར་ཁས་ལེན་པ་ཞིག་གདའ་འོ། །བདག་གིས་བསྙོན་ནས་གསངས་སོ། །ཡུམ་གྱིས་གསོལ་པ། ཡབ་ལགས། གསངས་བ་ནི་ཤིན་ཏུ་ཡང་ལེགས་

1-31b

སོ། །ནམ་མཁའི་དམུ་བདུད་དང་། བཙན་བཙུན་དེ་རྣམས་ནི་ཡེ་འབྲོག་དང་ཐོབ་ཤོར་ལ་འོངས་བ་ཡིན་གྱིས་ཆ་ཡང་མེད། ཤིན་ཏུ་གཏུག་པ་ཅན་གྱི་སེམས་ཅན་ལགས་སོ། །གསང་སྒོ་ཡང་དམ་དུ་བཅད་དོ། །འཁོར་པ་ཡང་གོ་མཚོན་བསྟར་ནས། མེལ་ཙེ་ཡང་དམ་དུ་བཙུགས་སོ། །དེ་ནས་ཡང་བར་སྣང་ལ་གནས་པའི་སེམས་ཅན་རྣམས་ཀྱང་། སྟོན་པ་མིར་སྐྱེ་བ་བཞེས་པའི་གསུང་སྙན་པ་ལྷང་ལྷང་ཐོས་ནས། ཟླ་བོན་ཚེས་པ་གྱེལ་བ་ཟླ་ཁམས་དང་ཆས་པ་དང་། ཉི་བོན་དྲང་མ་ཡོ་བཞུར་ཉི་ཁམས་དང་ཆས་པ་དང་། སྐར་བོན་ཚེའུ་གདངས་བཀྲ་སྐར་ཁམས་དང་ཆས་པ་དང་། སྤྲིན་བོན་བ་ཐུལ་སྐྱ་ཐུལ་སྤྲིན་ཁམས་དང་ཆས་པ་དང་། གཞའ་བོན་གུག་ཏང་གྱིམ་བུ་གཞའ་ཁམས་དང་ཆས་པ་དང་། དལ་བོན་ལུ་གུད་བུད་དཀར་དལ་ཁམས་དང་ཆས་པ་དང་། ཟེར་བོན་གདངས་སྙན་འགྱུར་བ་ཟེར་ཁམས་དང་ཆས་པ་དང་། ལི་བོན་གཏོ་ཆེན་སྐྱོལ་པོ་ལོ་ཁམས་དང་ཆས་པ་དང་། རྫི་བོན་ངང་ཕྲུག་ཕྱྭ་སངས་རྫི་ཁམས་དང་ཆས་པ་དང་། དེ་རྣམས་ནི་བར་གཡེན་གཏོད་པོ་དགུ་ཡིས་བགྱི་སྟེ། ཟླ་ཉི་སྐར་དང་གསུམ། སྤྲིན་འཇའ་དལ་དང་གསུམ། ཟེར་ལོ་རྫི་དང་གསུམ་ཡང་ནམ་མཁའ་ལས་ཆར་

1-32a

བཞིན་དུ་ཡུལ་འོལ་མོ་ལུང་རིང་སུ་བབས་ཏེ། མཁར་བར་པོ་སོ་བརྒྱད་ལ། ལ་ལ་ནི་བསྐོར་བ་བྱེད། ལ་ལ་ནི་ལྷ་ཕྱག་འཚལ། ལ་ལ་ནི་མེ་ཏོག་འབུལ། ལ་ལ་ནི་གཙང་ཚན་འདེབས། ལ་ལ་ནི་སྐུ་ཁྲུས་གསོལ། ལ་ལ་ནི་རྔ་བརྡུང་། ལ་ལ་ནི་གཤང་འཁྲོལ། ལ་ལ་ནི་དུང་འབུད། ལ་ལ་ནི་གསས་བཤོས་འབུལ། ལ་ལ་ནི་མར་མེ་འབུལ། དེ་ལྟར་མཁར་གྱི་ཕྱི་རིམ་ན། དམག་ཚོགས་སྔ་མ་འདུག་པའི་ཕྱི་རིམ་དུ་བསྐོར་རོ། །དེ་རྣམས་ལ་རྒྱལ་བོན་ཐོད་དཀར་གྱིས་བཀའ་སྩལ་པ། ཁྱོད་རྣམས་མཁར་འདི་ལ་བསྐོར་བ་བྱེད་ཅིང་ལྷ་ཕྱག་འཚལ་བ་ནི་ཇི་ལྟ་བུ་ཡིན་ཞེས་གསུངས་ན། ཉི་བོན་དྲང་མ་ཡོ་བཞུར་གྱིས་སླར་གསོལ་པ། སྟོན་པའི་སྐུ་མི་ལས་སྐྱེ་བ་བཞེས་ནས་རྒྱལ་པོའི་སྲས་འཁྲུངས་ནས་མཁར་འདི་ན་བཞུགས་པས་བསྐོར་བ་བྱེད་ཅིང་མཆོད་པ་འབུལ་བ་ལགས་སོ། །ད་ཡང་སྟོན་པའི་ཞལ་བལྟ་རིངས་པས། བདག་ཅག་ནི་འཁོར་གྱི་འབྲིང་པོ་ལགས་པར་དམ་བཅས་བ་ལགས་སོ། །སྟོན་པ་ལ་ཞལ་མཇལ་གསུངས། རྒྱལ་བོན་གྱིས་བཀའ་སྩལ་པ། དེ་ལྟ་བུ་ནི་འདི་ཀུན་ན་ཅི་ཡང་མ་མཆིས་སོ། །གཞན་དང་མ་ནོར་རམ་གསུངས་ནས། སླར་མཁར་གྱི་ནང་དུ་འདས་ཏེ་གཤེགས་སོ། །རྒྱལ་བཞད་

1-32b

མ་ལ་གསོལ་པ། བར་སྣང་གི་ཁྲོམ་ཚོགས་དང་། བོན་པོ་དང་། ལྷ་འདྲེ་འདི་རྣམས་ནི་རྒྱལ་བུ་འདི་ལ་མཆོད་པ་འབུལ་ཞིང་འཁོར་འབྲིང་པོར་ཁས་ལེན་པ་ཞིག་གདའ་འོ། །བདག་གིས་བསྙོན་ནས་གསངས་སོ། །ཡུམ་གྱིས་ཡབ་ལ་གསོལ་པ། གསངས་བ་ནི་ཤིན་ཏུ་ཡང་ལེགས་སོ། །བར་སྣང་གི་ཉི་ཟླ་དང་གཟའ་སྐར་དང་། དལ་ཟེར་དང་། ལོ་སྐོར་ནི་ཡེ་འབྲོག་དང་ཐོབ་ཤོར་གྱི་བདག་པོ་ལགས་སོ། །གསུངས་ནས་སྒོ་ཡང་དམ་དུ་བཅད་དོ། །འཁོར་ཡང་གོ་མཚོན་བསྟར་ནས་མེལ་ཙེ་དམ་དུ་བཙུགས་སོ། །དེ་ནས་ཡང་ས་གཞི་ལ་གནས་པའི་སེམས་ཅན་རྣམས་ཀྱང་། སྟོན་པའི་མིར་སྐྱེ་བ་བཞེས་པའི་གསུང་སྙན་པ་ལྷང་ལྷང་དེ་ཐོས་ནས། ཀླུ་བོན་དབྱར་སྙ་གྱིམ་བུ་འཁོར་ཀླུ་ཁམས་དང་ཆས་པ་དང་། གཉན་བོན་ཐང་ཐང་ཁྲོལ་བ་གཉན་ཁམས་དང་ཆས་པ་དང་། རྒྱལ་བོན་བོངས་པོ་ཐོད་རྗེ་(དཀར་)རྒྱལ་ཁམས་དང་ཆས་པ་དང་། སྨན་བོན་འབྲིམ་དང་སྐྱོལ་པོ་སྨན་ཁམས་དང་ཆས་པ་དང་། གཟེད་བོན་ལ་ཙ་ཁུག་པ་གཟེད་ཁམས་དང་ཆས་པ་དང་།སྲིན་བོན་ཡ་ངལ་གྱིམ་གོང་སྲིན་ཁམས་དང་ཆས་པ་དང་། འདྲེ་བོན་གླུད་བོན་གྱེར་མཁས་འདྲེ་ཁམས་ཤགས་ཀྱིས་འདུལ་བ་འདྲེ་ཁམས་དང་ཆས་པ་དང་། སྲི་བོན་མུ་འཕན་ཕེའུ་ར་སྲིན་ཁམས་

1-33a

ཆིངས་ཀྱིས་འཆིང་བ་སྲི་ཁམས་དང་ཆས་པ་དང་། བྱུར་བོན་སྣ་བོན་ལི་བྱིན་མི་རབས་རྒྱུད་དུ་སྤེལ་བ་བྱུར་ཁམས་དང་ཆས་པ་དང་། གཤིན་རྗེའི་བོན་པོ་གཏོ་(རྟ་)བོན་བྱོན་ཁྲི་གནོད་(ནག་པོ་གཏོ་)པ་རྟ་ལ་སྐོར་བ་གཤིན་ཁམས་དང་ཆས་པ་དང་། ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་ལྷ་འདྲེ་སྐོས་ལ་འདེབས་པ་ཆུད་ཁམས་དང་ཆས་པ་དང་། དེ་རྣམས་ནི་ས་གཡེན་ཆེ་བ་བཅུ་ཅིག་གིས་བགྱི་སྟེ། ཀླུ་གཉན་རྒྱལ་དང་གསུམ། སྨན་གཟེད་སྲིན་དང་གསུམ། འདྲེ་སྲིན་བྱུར་དང་གསུམ། གཤིན་རྗེ་ཆུད་དང་གཉིས་ཏེ་བཅུ་གཅིག་ཀྱང་། ས་གཞི་ལས་རྩི་བཞིན་དུ་འོལ་མོ་ལུང་རིང་དུ་འཁྲུངས་ཏེ། མཁར་བར་པོ་སོ་བརྒྱད་ལ། ལ་ལ་ནི་བསྐོར་བ་བྱེད། ལ་ལ་ནི་ལྷ་ཕྱག་འཚལ། ལ་ལ་ནི་མེ་ཏོག་འབུལ། ལ་ལ་ནི་གཙང་ཚན་འདེབས། ལ་ལ་ནི་སྐུ་ཁྲུས་གསོལ། ལ་ལ་ནི་རྔ་བརྡུང་། ལ་ལ་ནི་གཤང་འཁྲོལ། ལ་ལ་ནི་དུང་འབུད། ལ་ལ་ནི་གསས་བཤོས་འབུལ། ལ་ལ་ནི་མར་མེ་འབུལ། དེ་ལྟར་མཁར་གྱི་ཕྱི་རིམ་ན། དམག་ཚོགས་སྔ་མ་འདུག་པའི་ཕྱི་རིམ་དུ་བསྐོར་རོ། །རྒྱལ་བོན་ཐོད་དཀར་ངོ་མཚར་སྐྱེས་ནས་དེ་རྣམས་ལ་བཀའ་སྩལ་པ། ཁྱོད་རྣམས་མཁར་འདི་ལ་བསྐོར་བ་བྱེད་པ་ཇི་ལྟ་བུ་ཡིན་ཞེས་གསུངས་ནས། ཀླུ་བོན་དབྱར་སྙ་གྱིམ་བུས་

1-33b

སླར་གསོལ་པ། སྟོན་པའི་སྐུ་སྐྱེ་བ་མི་ལས་བཞེས་ནས་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ནས་མཁར་འདིའི་ནང་ན་བཞུགས་པས། བསྐོར་བ་བགྱིད་ཅིང་མཆོད་པ་བགྱིད་བ་ལགས་སོ། །བདག་ཅག་ནི་འཁོར་གྱི་ཐ་མར་དམ་བཅས་པ་ལགས་སོ། །ད་ཡང་སྟོན་པའི་ཞལ་བལྟ་བར་རིངས་བས། སྟོན་པ་ཞལ་མཇལ་གསུངས། རྒྱལ་བོན་གྱིས་བཀའ་སྩལ་པ། དེ་ལྟ་བུ་ནི་འདི་ཀུན་ན་ཡང་མ་མཆིས་སོ། །གཞན་དང་མ་ནོར་རམ་གསུངས་ནས། སླར་མཁར་ནང་དུ་འདས་ཏེ་གཤེགས་སོ། །དེ་ནས་རྒྱལ་བཞད་མ་ལ་གསོལ་པ། ས་གཞི་གང་བའི་སེམས་ཅན་དང་། བོན་པོ་དང་། ལྷ་འདྲེ་དེ་རྣམས་ནི་རྒྱལ་བུ་འདི་ལ་མཆོད་པ་འབུལ་ཞིང་། འཁོར་ཐ་མར་ཁས་ལེན་པ་ཞིག་གདའ་འོ། །བདག་གིས་ནི་བསྙོན་ནས་གསངས་སོ། །ཡུམ་གྱིས་ཡབ་ལ་གསོལ་པ། གསངས་པ་ནི་ཤིན་ཏུ་ཡང་ལེགས་སོ། །ས་གཞིའི་འདྲེ་སྲིན་དང་། ཀླུ་གཉན་ནི་ཤིན་ཏུ་གནོད་སེམས་ཆེ་བ་ཡིན་ནོ། །གསུངས་ནས་སྒོ་ཡང་དམ་དུ་བཅད་དོ། །འཁོར་པ་རྣམས་གོ་མཚོན་བསྟར་ནས་མེལ་ཙེ་ཡང་དམ་དུ་བྱེད་དོ། །དེ་ནས་ཡབ་ཡུམ་ཡང་ཡིད་སྤྲོ་ལ་སེམས་དགའ་བས། རྒྱལ་བུ་དེ་ལ་མ་མ་དགུ་ཕྲུག་ཀྱིས་ཁྲུས་དང་། གཙང་སྦྲ་དང་རྒྱན་

1-34a

ཆ་དང་། ཚང་བུ་བྱས། དེ་ནས་བྲམ་ཟེ་གསལ་ཁྱབ་འོད་ལྡན་ལ། ཡབ་ཡུམ་གྱིས་བཀའ་སྩལ་པ། རྒྱལ་བུ་འདི་མ་ཡི་ལྷུམས་སུ་ཞུགས་ཙམ་ན་ཡང་ལུས་ཡང་བདེ་ཞིང་ཡིད་དགའ་འོ། །ད་ལྟ་སྐྱེས་ནས་ཀྱང་ནམ་མཁའ་ལ་གནས་པ་དང་། བར་སྣང་ལ་གནས་པ་དང་། ས་གཞི་ལ་གནས་པ་དང་། སེམས་ཅན་ཐམས་ཅད་མ་ལུས་པར་དཔོན་དང་བློན་དུ་ཆས་ནས། ཡུལ་འོལ་མོ་ལུང་རིང་པས་ལྷོའི་འཛམ་བུའི་གླིང་དུ་ཡང་མི་ཤོང་བར་སྐོར་བ་བགྱིད་ཅིང་མཆོད་པ་བགྱིད་པ་འདི་ཅི་ལགས། འདིའི་མཚན་བརྟགས་དགོས་པས་རྒྱལ་སར་མཆི་ཅིག་པར་བཀའ་སྩལ་ཏོ། །དེ་ནས་ལྟས་མཁན་དེས་རྒྱལ་སར་ཡང་ཐོག་ཏུ་མཆིས་ནས། རྒྱལ་བུ་དེའི་ཞལ་མངོན་སུམ་དུ་མཐོང་བས། ལྟས་མཁན་ངུ་ཞིང་བྲང་བརྡུང་ངོ་། །བརྒྱལ་ཞིང་ཐང་ལ་འགྲེའོ། །རྒྱལ་པོའི་ཞལ་ནས་རྒྱལ་བུ་འདི་མྱུར་དུ་འཆི་བའི་མཚན་མཐོང་ངམ། ལྟས་མཁན་གསུངས་ནས། རྒྱལ་པོ་ཡབ་ཡུམ་གཉིས་ཀྱང་བཤུམས་སོ། །ཡབ་ཡུམ་བཤུམས་པས་ལྟས་མཁན་བྲེད་ནས། གསོལ་པ་ཡབ་ཡུམ་མ་བཤུམས་ཤིག །རྒྱལ་བུ་འགྲོངས་པ་ལྟ་བུའི་མཚན་ནི་མི་གདའ་འོ། །ངན་བུ་བརྒྱལ་ཞིང་ངུ་བ་ནི་རྒྱལ་བུ་འདི་ལྟ་བུ་

1-34b

མིའི་ཡུལ་དུ་སྟོན་པར་བྱོན་པ་ལ། བདག་བྲམ་ཟེ་རྒས་པ་གོགས་ནས་ངུ་ཞིང་བརྒྱལ་བ་ལགས་སོ། །རྒྱལ་བུ་འདིའི་ཞལ་དང་པོ་ཁུམས་ཙམ་ན། རིན་པོ་ཆེའི་མི་ལ་འོད་ཟེར་འབུམ་ཕྲག་ཕྱོགས་བཅུར་འཕྲོ་བ། ཡི་གེ་སུམ་བརྒྱ་དྲུག་བཅུས་སྐུ་ལ་བརྒྱན་པ་ཐུགས་ལ་ཉི་མ་དགུ་ཕྲུགས་ཤར་བ་ཅིག་གདའ་ན། ལྟས་མཁན་རྒད་པོ་རྒས་པ་ཟ་མ་སྙིང་རེ་ན་དགོངས་ནས་བརྒྱལ་ཞིང་ངུ་བ་ལགས་སོ། །རྒྱལ་བུ་འདིའི་མཚན་ནི་ཤིན་ཏུ་ཡང་བཟང་ངོ་། །མིའི་མི་བུ་ཀླུའི་སྲས་པོ་འདྲ། །ཀླུའི་མི་སྲས་ནམ་མཁའི་ལྷ་བྲན་འདྲ། །བརྟགས་པས་བལྟ་ཡང་མི་འདྲ་སེམས་ཅན་ཀུན་ལས་འཕགས། །འཕགས་པའི་སྐྱེས་བུ་མཚན་དང་ལྡན་པ་འདི། །འཇིག་རྟེན་ཁམས་སུ་སྟོན་པ་མཛད་པ་ལ། །ལྟས་མཁན་རྒད་པོ་རྒས་པོ་ཟ་མ་སྙིང་རེ་ན་དགོངས་ནས་བརྒྱལ་ཞིང་ངུ་བ་ལགས་སོ། །རྒྱལ་བུ་འདིའི་མཚན་ནི་ཤིན་ཏུ་བཟང་བ་ཅིག་གདའ་སྟེ། སུམ་ཅུ་མཚན་དང་དཔེ་བྱད་བརྒྱད་ཅུ་ནི། །ལྗོན་ཤིང་ལོ་འབྲས་བཞིན་དུ་རིན་ཆེན་སྐུ་ལ་བརྒྱན། །འདི་ལྟ་བུའི་མི་མཆོག་སྐྱེས་བུ་འདི། །འཇིག་རྟེན་ཁམས་སུ་འབྱུང་བ་རེ་དཀའ་ན། །ལྟས་མཁན་རྒད་པོ་རྒས་པ་ཟ་མ་རེ་སྙིང་ན། །དེ་སྐད་ཅེས་སྨྲས་ནས་བརྒྱལ་ཏེ་སོང་ངོ་། །དེ་ལ་

1-35a

རྒྱལ་བུས་ཤིན་ཏུ་སྙིང་རྗེ་བར་དགོངས་ནས་ཕྱག་གིས་ལྟས་མཁན་བརྒྱལ་བའི་མགོ་བཏེག་སྟེ། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཚེ་དང་ལྡན་པ་མ་བརྒྱལ་བར་ཡར་ལོངས་དང་། མ་རྒས་བར་དུ་ཆད་ན་ངུ་བ་ལས། །མི་ཚེ་མཐའ་རུ་ཕྱིན་པ་བསོད་ནམས་ལགས། །སྔ་མ་ལ་ཡང་སྲོག་གི་ལན་ཆགས་མེད། །ང་མཚན་ཁྱོད་ཀྱིས་རྟོགས་ཏེ། ཁྱོད་མཚན་ངས་བརྟགས་ཀྱིས། དེ་སྐད་ཅེས་གསུངས་པས་ལྟས་མཁན་ཡང་ལངས་ནས་བསྐོར་བ་བྱས། ལྷ་ཕྱག་བཙལ། སྟོན་པའི་སྤྱན་སྔར་པུས་མོ་བཙུགས་པས། སྟོན་པའི་ཞལ་ནས་ཁྱོད་ནི་ངུ་ཞིང་ག་མི་དགོས་ཏེ། སྐྱེ་བ་དང་པོ་ཐོག་མ་དཔག་ཏུ་མེད་པ་ནས། །ད་ལྟ་བྲམ་ཟེའི་ལུས་འདི་བླངས་པ་ཕན་ཆེད་དུ། །སྦྱངས་པའི་ལས་འཕྲོ་བཟང་པོ་ཅན་ཡིན་པས། །ད་སྟེ་དགུང་ཞག་གསུམ་ན། ཡབ་ཡུམ་དང་ལྟས་མཁན་འོལ་མོ་ལུང་རིང་དུ་འཚོགས་པའི་མི་རྣམས་སངས་རྒྱས་ཏེ་འགྲོའོ། །དེ་སྐད་ཅེས་རྒྱལ་བུས་གསུངས་སོ། །དེ་ནས་ཡང་ཡབ་ཡུམ་ལ་ལྟས་མཁན་གྱིས་གསོལ་པ། རྒྱལ་བུ་རྒྱལ་སར་དབྱུང་བའི་དུས་ནི་དེ་རིང་གི་གདུགས་འདི་ལགས་སོ། །འཚོགས་པ་འདི་རྣམས་ཀྱང་ཤིན་ཏུ་ཞལ་མཇལ་རིངས་པར་གདའ་འོ། །རྒྱལ་བུ་འདི་ནི་

1-35b

དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། མ་བགོས་སྤྱི་ལ་བཞག་པ་ཡིན་ནོ། །ཡབ་ཡུམ་ཀྱང་སྔོན་ཚེ་བསགས་པའི་འབྲས་བུ་སྨིན་པར་ངེས་གསུངས་ནས་ཤིན་ཏུ་དགའ་འོ། །ལྟས་མཁན་ཡང་ཤིན་ཏུ་དགའ་ནས་མཆོངས་སོ། །དགའ་ནས་འགྲོ། དགའ་ནས་ལྡེག །དེར་རྒྱལ་བུ་ལ་བ་ཏིའི་ཐོད་བཅིངས། དར་དཀར་གྱི་རལ་ག་གསོལ། དབང་གི་གཙུག་ཕུད་ནི་བཅས།ཚེའི་ལན་ཕྲན་ནི་སླས། གསེར་གྱི་ཆག་ཤིང་ནི་བསྣམས། འཁོར་རྣམས་ཀྱིས་ཀྱང་གཡུང་དྲུང་རིས་ཀྱི་གདན་བཏིང་། ཉི་ཟླ་རིས་ཀྱི་གུར་ཕུབ། རིན་པོ་ཆེའི་ཤིང་རྟ་ལ་འཁོར་པ་མང་པོས་བསྐོར་ནས་སྤྱན་དྲངས་སོ། །མིང་དང་མཚན་ནི་སྟོན་པ་གཤེན་རབ་མི་བོར་བཏགས་སོ། །སྟོན་པའི་ཞལ་ཕྱུང་(བསྟན་)བའི་དུས་དུས་སུ་ས་ཡང་ཤིན་ཏུ་གཡོའོ། །རབ་ཏུ་གཡོའོ། །འགུལ་ལོ་ཤིན་ཏུ་འགུལ་ལོ། །རབ་ཏུ་འགུལ་ལོ། །ནམ་མཁའ་དང་ས་གཞི་ལས་སྒྲ་སྙན་པར་གྲགས་སོ། །བར་སྣང་ལ་འོད་མང་པོ་བྱུང་ངོ་། །འདི་ཅི་ལགས་ཞེས་ཡོ་སྔངས་སོ། །དུས་དེར་སེམས་ཅན་དམྱལ་བ་རྣམས་དང་། སེམས་ཅན་ཡི་དྭགས་རྣམས་དང་། སེམས་ཅན་བྱོལ་སོང་རྣམས་དང་། སེམས་ཅན་མི་རྣམས་དང་། སེམས་ཅན་མི་མ་ཡིན་རྣམས་དང་། སེམས་ཅན་ལྷ་མ་ཡིན་རྣམས་