བོན་པོའི་བཀའ་འགྱུར།

Ⅷ དང་།

上一章
下一章
1-36a

དང་། སེམས་ཅན་ལྷ་རྣམས་དང་། དེ་ལྟར་ཁམས་གསུམ་གྱི་སེམས་ཅན་ལ་ཤིན་ཏུ་གྲངས་བ་ཅིག་སངས་རྒྱས་ཏེ་སོང་ངོ་། །དེ་ལ་གཤེན་རབ་ཀྱི་འཁོར་རྣམས་དང་། སེམས་ཅན་སླད་མ་ཀུན་ཀྱང་ཤིན་ཏུ་རྟོག་པ་སྐྱེས་ནས་སྟོན་པ་ལ། ལ་ལ་ནི་བསྐོར་བ་བྱེད། ལ་ལ་ནི་ལྷ་ཕྱག་འཚལ། ལ་ལ་ནི་གཙང་ཚན་འབུལ། ལ་ལ་ནི་སྐུ་ཁྲུས་གསོལ། ལ་ལ་ནི་གསས་བཤོས་འབུལ། ལ་ལ་ནི་མེ་ཏོག་འབུལ། ལ་ལ་ནི་མར་མེ་འབུལ། ལ་ལ་ནི་རྔ་བརྡུང་། ལ་ལ་ནི་གཤང་འཁྲོལ། ལ་ལ་ནི་དུང་འབུད། དེ་ནས་སྟོན་པ་ལ་བྲམ་ཟེས་གསོལ་པ་སྟོན་པ་གཤེན་རབ་ལགས། བདག་ཅག་འཁོར་གྱི་དམ་པ་རྣམས་ལ་ནི་གཅིག་ཀྱང་སངས་མི་རྒྱ་བར། ཁམས་གསུམ་གྱི་སེམས་ཅན་ལ་འདི་སྙེད་ཙམ་ཞིག་སངས་རྒྱས་ཏེ་འགྲོ་བ་ཅིའི་ཡོན་ཏན་ལགས། སླད་ན་ལུས་པ་འདིའི་སྐྱོན་ཅི་ལགས། སྟོན་པ་ལགས། འདི་འདྲ་ན་ནི་ལས་ལ་ཡང་དགེ་སྡིག་མེད་དོ། །ཚེ་ལ་སྔ་ཕྱི་མེད་དོ། །གནས་ལ་ཡང་མཐོ་དམན་མེད་དོ། །དེ་སྐད་ཅེས་གསོལ་པས། སྟོན་པས་བཀའ་སྩལ་པ། དེ་ནི་འདི་ལྟར་རོ། །སྔོན་སྟོན་པ་པ་གཏོ་རྒྱལ་ཡེ་མཁྱེན་གྱིས།་མ་འདྲོངས་པའི་སེམས་ཅན་ལགས་སོ། །སྟོན་པ་མྱ་ངན་ལས་འདའ་ཀར་གདམས་ངག་གསུངས་

1-36b

ནས་སྨོན་ལམ་བཏབ་པའི་མདོ། བདག་མྱ་ངན་འདས་པའི་འོག་ཏུ་སྟོན་པ་ཞིག་བྱོན་པའི་དུས་སུ་ངའི་བག་ཆགས་འདིས་སེམས་བསྐྱེད་ནས་ཞལ་མཐོང་མ་ཐག་ཏུ་སེམས་ཅན་ཁྱོད་རྣམས་སངས་རྒྱས་པར་ཤོག་ཅིག་གསུངས་པས། སྨོན་ལམ་དེའི་མཐུ་ལགས་སོ། །སླད་ནས་ལུས་པ་རྣམས་ནི་ཤིན་ཏུ་སྡིག་ཆེ་བས། སྡིག་པ་མ་བྱང་ནས་ལུས་པ་དང་། སྟོན་པའི་སྨོན་ལམ་མ་ཐེབས་པ། བར་དེར་འཇིག་རྟེན་གྱི་ཁམས་གཞན་ནས་འཕོངས་པ་ཡང་ཡོད་དོ། །དགུང་ཞག་གཅིག་ལ་སེམས་ཅན་སྨོན་ལམ་བཏབ་པ་རྣམས་དེ་ལྟར་དུ་སངས་རྒྱས་པའོ། །དེ་ནས་དགུང་ཞག་གཉིས་ན་ཡང་འཇིག་རྟེན་གྱི་ཁམས་གཡོའོ། །ཤིན་ཏུ་གཡོའོ། །རབ་ཏུ་གཡོའོ། །འགུལ་ལོ་ཤིན་ཏུ་འགུལ་ལོ། །རབ་ཏུ་འགུལ་ལོ། །ས་གཞི་ལས་སྒྲ་སྙན་པ་གྲགས་སོ། །ནམ་མཁའ་ལས་འོད་གསལ་བ་མང་པོ་ཤར་རོ། །སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་འཇིག་རྟེན་གྱི་ཁམས་ན་བསྟན་པ་རྒྱ་ཆེ་ཡང་། སྐུ་གདུང་རིང་སྲེལ་སྐུའི་གཟུགས་བརྙན་དང་། གསུང་རབས་འབུམ་སྡེ་ཚིག་གི་ངེས་ཚིག་དང་། སྐུ་གཟུགས་སྤྱན་ཅན་བདེར་གཤེགས་ཞལ་སྐྱིན་རྣམས་ཀྱང་། སྐུ་གཟུགས་ནི་བྱ་འཕུར་བ་བཞིན་དུ་སོང་། སྐུ་གདུང་ཡང་དར་བཏིང་པ་བཞིན་དུ་སོང་། 

1-37a

གསུང་རབས་ཀྱང་དུང་ཕྱིས་པ་བཞིན་དུ་སོང་། དམུ་རྒྱལ་ཐེམ་པ་སྐས་དང་། ཕྱྭ་ཟ་ངང་འབྲང་གཉིས་ཀྱང་། སྲོད་ལ་གཤེན་རབ་ལ་འོལ་མོ་ལུང་རིང་དུ་མཆོད་པ་ཕུལ། དགུང་ལ་བྲག་སེང་གེ་ཚུགས་ཕུག་ཏུ་(རྒྱབ་བསྣོལ་གྱི་)བདུད་ངམ་རྗེ་ནག་པོ་བསྒྲལ། ཐོ་རངས་རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོ་ལ་མངོན་སུམ་དུ་སངས་རྒྱས་སོ། །དེ་ནས་ཡང་ཡབ་ཡུམ་དང་བྲམ་ཟེ་དང་། འཁོར་རྣམ་པ་གསུམ་དུ་དམ་བཅའ་བ་དང་། སླད་མ་རྣམས་འདུས་ནས་བྲམ་ཟེ་ལ་རྒྱལ་པོས་བཀའ་སྩལ་པ། རྒྱལ་བུ་འདི་བསྟན་པའི་དུས་མ་ཡིན་ནམ། གཤེགས་པའི་དུས་ཚོད་ངན་ནམ། འདུལ་བའི་ཞིང་ཁམས་ཆུང་ངམ། རྒྱལ་སར་ཕྱུང་བའི་དུས་སྔས་སམ། འདི་ཅི་ལགས། ཕ་མ་(ལུས་)གཉིས་ཀྱི་སྒྲོམ་བུ་དང་། འཁོར་གྱི་དམ་པ་བྲམ་ཟེ་དང་། གསུང་ལ་འདུས་པའི་ཁྲོམ་ཚོགས་ལ། གཅིག་ཀྱང་ཐར་པ་མ་ཐོབ་པར། ཁམས་གསུམ་སེམས་ཅན་ཅི་མིན་དང་། བདག་གི་ཡབ་རྒན་ཡུམ་རྒན་དང་། སྐུ་གདུང་གསུང་རབ་སྐུ་གཟུགས་རྣམས་ཐར་པ་ཐོབ་ནས་འགྲོ་བ་འདི་བྲམ་ཟེས་བརྟགས་ན་ཅི་ལྟར་ལགས། གཤེན་རབ་ལ་ཡང་ཞུས་ཤིག་གསུངས། བྲམ་ཟེས་སླར་གསོལ་པ། ཀྱེ་རྒྱལ་བོན་ཐོད་དཀར་ལགས། ངན་བུ་འཁོར་བའི་ས་ལ་གནས་ནས། 

1-37b

ཤིན་ཏུ་རིག་པའི་བློ་ཆུང་བས། བརྟགས་ཀྱང་ཅི་ལགས་ཅི་ཆ་མཆིས། གཤེན་རབ་ཉིད་ལ་ཞུས་པ་ལས། དེ་ནས་ཉི་མའི་རྩེ་ལ་ཡབ་ཡུམ་ལ་གཤེན་རབ་ཀྱིས་རྒྱལ་ཕྱག་ཕུལ།གཤེན་རབ་ལ་ཕུན་སུམ་ཚོགས་པའི་འཁོར་རྣམས་ཀྱིས་བསྐོར་བ་བྱས། ལྷ་ཕྱག་བཙལ། སྐུ་ཁྲུས་གསོལ། མཆོད་པ་ཕུལ་ནས་བྲམ་ཟེས་གསོལ་པ། རྒྱལ་བུ་སྟོན་པ་གཤེན་རབ་ལགས། ཉིད་ཀྱིས་བསྟན་པའི་དུས་མ་ལགས་སམ། གཤེགས་པའི་དུས་ཚོད་ངན་ནམ། འདུལ་བའི་ཞིང་ཁམས་ཆུང་ངམ། རྒྱལ་སར་ཕྱུང་བའི་དུས་ཚོད་སྔས་སམ། ཡབ་ཡུམ་ལུས་ཀྱི་སྒྲོམ་བུ་དང་། འཁོར་གྱི་དམ་པ་བྲམ་ཟེ་དང་། གསུང་ལ་དད་པ་སྐྱེས་པའི་སྐུ་ལ་འཁོར་བའི་ཁྲོམ་ཚོགས་ལ། གཅིག་ཀྱང་ཐར་པ་མི་ཐོབ་པར། གཞན་མ་ཐོབ་པ་ཅི་ལགས་ན། དེ་སྐད་ཅེས་གསོལ་ལམ་ཞུས་པས། གཤེན་རབ་ཀྱིས་བཀའ་སྩལ་པ། བདག་གི་བསྟན་པའི་དུས་ཀྱང་འདི་ལགས་སོ། །ལགས་པའི་རྟགས་ནི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱིས། སྨོན་ལམ་བཏབ་པའི་མི་སངས་རྒྱས་པ་དང་། བསྟན་པ་བཞག་པའི་རྗེས་དུང་ཕྱིས་པ་འམ། དར་རྐྱང་པ་བཞིན་དུ་འགྲོ་བའམ། བསྟན་པ་སྤེལ་བའི་སློབ་བུ་མེས་པོ་དམུ་རྒྱལ་ཐེམ་པ་སྐས་དང་། ཕྱི་མོ་

1-38a

ཕྱྭ་ཟ་ངང་འབྲང་མ་གཉིས་མདང་སྲོད་ལ་བདག་ལ་མཆོད་པ་ཕུལ་ལོ། །གུང་ལ་བདུད་ངམ་རྗེ་ནག་པོ་བསྒྲལ་ལོ། །ཐོ་རངས་མངོན་སུམ་དུ་ཐར་པ་ཐོབ་པ་ནི། དེ་ཡན་ཆད་སྟོན་པ་གཏོ་རྒྱལ་གྱི་བསྟན་པའི་རྗེས་ལགས་སོ། །བདག་གི་ཞལ་མཐོང་མ་ཐག་ཏུ་མདུན་ལ་སངས་རྒྱས་ཏེ་སོང་བ་ནི། དུས་གཅིག་ལ་སྟོན་པ་གཉིས་མི་འབྱུང་བ་ལགས་སོ། །དེས་ན་བདག་འབྱུང་བའི་དུས་ཀྱང་འདི་ལགས་སོ། །གཤེགས་པའི་དུས་ཚོད་ཀྱང་འདི་ལགས་སོ། །ལོ་ཡི་མགོ་བོ་བྱི་བའི་ལོ་ལ་དགོངས་ནས་གཤེགས་པ་ནི། ནན་ཏན་གྱིས་སེམས་ཅན་འདུལ་ཞིང་།ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། །ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས་ཟླ་བ་བཅུ་གཉིས་ཀྱི་མགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། །ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་དགོངས་ནས་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང་། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་སོ། །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི་བདུད་ལྔ་(བཞི་)དབང་དུ་བསྡུས་ཏེ་རྒྱལ་བ་དང་། འཇིག་རྟེན་ཟིལ་

1-38b

གྱིས་གནོན་པའི་ཕྱིར་རོ། །དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་དགོངས་ནས་གཤེགས་པ་ནི། ནམ་ལངས་པའི་རྟིང་ལ་ཉི་མ་ཤར་འོང་བ་འདྲ་སྟེ། བདག་གཤེགས་པའི་རྟིང་ལ་སྐུ་ལས་སྤྲུལ་སྐུ་འབུམ་ཕྲག་མང་པོ་ཕྱུངས་ནས། འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །འདུལ་བའི་ཞིང་ཁམས་ཀྱང་རྒྱ་མི་ཆུང་སྟེ། འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ལགས་སོ། །རྒྱལ་སར་དབྱུང་བའི་དུས་ཚོད་ཀྱང་དགུང་ལོ་གཅིག་ལོན་ནས་དབྱུང་བའི་དུས་ལགས་སོ། །ཟླ་བ་བཅུ་གཉིས་ཀྱི་ཞག་སུམ་བརྒྱ་དྲུག་ཅུ་ཟ་མ་བདུན་བརྒྱ་ཉི་ཤུ། སྐུ་གསུང་ཐུགས་བསྐྱེད་པས་རྒྱལ་ས་ཟིན་པ་ལགས་སོ། །ད་ཡང་གོང་དུ་གླེང་པ་དང་འདྲ་སྟེ། དགུང་ཞག་གསུམ་བགྱི་བ་ནི་སང་ལགས་སོ། །བདག་གིས་འདུལ་བའི་སེམས་ཅན་རྣམས་ལ་སྒྲིབ་པ་བྱང་བར་སྔ་བ་ནི། འོལ་མོ་ལུང་རིང་དུ་ཚོགས་པའི་སེམས་ཅན་ཁྱེད་རྣམས་ལགས་སོ། །ད་ཡང་སང་གདུགས་ཀྱི་རྩེ་ལ་འོལ་མོ་ལུང་རིང་སྟོང་པ་ཙམ་ཞིག་ཀྱང་མ་ལུས་པར་འཁོར་བ་ལས་ཐར་པ་ཐོབ་སྟེ་འགྲོ་པར་ངེས་སོ། །དེ་སྐད་ཅེས་གཤེན་རབ་ཀྱིས་གསུངས་པས། ཡབ་ཡུམ་དང་བྲམ་ཟེ་དང་འཁོར་རྣམས་ཀྱང་ཤིན་ཏུ་དགའ་ནས་བསྐོར་བ་བྱས། ལྷ་ཕྱག་བཙལ། མེ་ཏོག་ཕུལ། དེ་ནས་ཡུམ་མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་