བོན་པོའི་བཀའ་འགྱུར།
Ⅹ འདུས་པ་རིན་པོ་ཆེའི་རྒྱུད།
བཞད་མས་སྲས་གཤེན་རབ་ལ་གསོལ་པ། གནས་མཆོག་དམ་པ་འོལ་མོ་ལུང་རིང་དུ། །བདག་ཅག་འདུས་པའི་སེམས་ཅན་རྣམས། །གཅིག་ཀྱང་མ་ལུས་ནང་པར་སངས་རྒྱས་ན། །རྒྱལ་བུ་གཅིག་པུ་སུ་དང་བཞུགས་པ་ལགས། །གྲོང་ཁྱེར་ལང་ལིང་གནས་མཆོག་དམ་པ་ན། །རྒྱལ་པོ་ས་ལ་བཞུགས་པའི་སྤྱན་ལམ་དུ། །བུ་ཅིག་དོ་མོད་གཤེགས་ན་མི་རུང་ངམ། །སླར་ཡུམ་ལ་སྲས་ཀྱིས་གསོལ་པ། ལུས་སེམས་སྨིན་པར་བྱེད་པའི་མ་གཅིག་ཇོ་མོ་ལགས། །ཐུགས་ཆུང་མི་འཚལ་འཇིག་རྟེན་མི་སྟོངས་ངེས། །དཔེར་ན་ཆབ་ཀྱི་སྙིང་པོ་ལན་ཚྭའི་མཚོ་དང་འདྲ། །སྔ་མ་བྱང་ཡང་ཕྱི་མ་ཁད་ཀྱིས་ཆགས་པ་དེ་དང་འདྲ་སྟེ། ད་ལྟའི་ཁྲོམ་ཚོགས་འདི་ནང་པར་ཐར་ནས་ཡུལ་ཁམས་འདི་སྟོངས་ཀྱང་། གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་ནི། ཉན་པ་ཏིབ་ཀྱིས་སྤྲིན་ཚོགས་བཞིན་དུ་དགོངས་ཀ་མཆི། མ་ཅིག་ཐུགས་ལ་འཕྲེང་ན་རོགས་པོ་གཉིས་སྤྲུལ་སྐད། ཐུགས་ལས་སྤྲུལ་པའི་རྨ་ལོ་སྐྱིན་གྱི་རལ་ག་ཅན་དང་། གསུང་ལས་སྤྲུལ་པའི་གསས་བུ་གཡུའི་ལན་ཕྲན་ཅན་གཉིས་སྤྲུལ་ཏེ། གཡུང་དྲུང་གི་གདན་སྟེང་ན་ཐབས་གཅིག་ཏུ་བཞུགས་ཏེ། ཡབ་ཡུམ་ལ་གསོལ་པ།

བདག་ནི་དགུང་ལོ་གསུམ་ལོན་ནས། ཡབ་དང་མཐུན་པའི་རྗེས་སུ་གྲོང་ཁྱེར་ལ་སྐུ་འཆག་ཅིང་། རྒྱ་མཚོ་ལ་ཁྲུས་བགྱིད་ཅིང་། རྒྱལ་པོ་ས་ལ་ལ་ཞེ་ས་འབུལ་དུ་བཟོད་མཆིའོ། །དེ་སྐད་ཅེས་ཞུས་སམ་གསོལ་པས། ཡབ་ཡུམ་ཡང་ཤིན་ཏུ་ཐུགས་དགྱེས་སོ། །དེ་ནས་ཡུལ་ཁམས་དེའི་སེམས་ཅན་རྣམས་ཀྱིས། སྲོད་ལ་བར་པོ་སོ་བརྒྱད་དུ་གཤེན་རབ་ལ་མཆོད་པ་ཕུལ། གུང་ལ་བྲག་སེང་གེ་རྒྱབ་སྣོལ་གྱི་ཕུག་ཏུ་སྲིན་པོ་མ་ཏྲང་ཁ་ཆེན་བཏུལ། ཐོ་རངས་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་ལ་མངོན་དུ་ལ་ལུས་པར་སངས་རྒྱས་སོ། །གཤེན་རབ་ཀྱི་སྐུ་སྐྱེ་བ་བཞེས་པའི་ལེའུ་སྟེ་གསུམ་པའོ།། །།

༆ གཡུང་དྲུང་ལྷའི་སྐད་དུ་ན། །རི་ཧི་རྭང་རྩེ་གོ་ན་རམ། །གང་ཟག་མིའི་སྐད་དུ་ན། །གཤེན་རབ་ཀྱི་བསྟན་པ་སྤེལ་བའི་ལེའུའོ། །སླད་ནས་གསས་མཁར་ཤམ་པོ་ལྷ་རྩེའི་སྒོ་ཀ་ན། ཐུགས་ལས་སྤྲུལ་པའི་རྨ་ལོ་དང་། །གསུང་ལས་སྤྲུལ་པའི་གཡུ་ལོ་དང་། །གཤེན་རབ་ཉིད་ཀྱི་སྐུ་དང་གསུམ། །མཆོད་པ་བགྱིད་ཅིང་ལྷ་ཕྱག་འཚལ། །རྔ་གླིང་བརྡུང་ཞིང་མེ་ཏོག་འབུལ། །བསྐོར་བ་བགྱིད་ཅིང་འཕན་གདུགས་འཕྱར། །དེ་ལྟར་འོལ་མོ་ལུང་རིང་ན་བཞུགས་ཙམ་ན། དེའི་ཚེ་ཚེ་དེའི་དུས་ན། ཡེ་གཤེན་གཡུང་དྲུང་སེམས་དཔའ་འགྲོ་བའི་དོན་ལ་དགོངས་པ། གཤེན་རབ་ཀྱི་འཁོར་དུ་མོས་པ། གཡུང་དྲུང་གི་བོན་ལ་ཉན་པ། བར་དེར་སྐབས་ཕྱེད་པར་ཤེས་པས། ནམ་མཁའ་ལས་ཆར་བཞིན་དུ་བབས་སོ། །ནམ་མཁའ་ལས་བབས་པའི་ཡེ་གཤེན་གཡུང་དྲུང་སེམས་དཔའ་ཆེ་རྒྱལ་རྒོད་ཞུ་ཅན་དང་། ཡང་རྒྱལ་འབྲུག་སླག་ཅན་དང་། གཅོད་པ་ཁྲ་སླག་ཅན་དང་། དྲག་པོ་དབལ་སླག་ཅན་དང་། བདུད་རྩིའི་ཆར་སླག་ཅན་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །ཡེ་གཤེན་གཡུང་དྲུང་སེམས་དཔའ་ནམ་མཁའ་ལས་བབས་པ་ནམ་མཁའི་བ་དན་ཅན་དང་། ཁྱུང་གི་རུ་མཚོན་ཅན་དང་། རྒོད་ཀྱི་འཕར་འདབ་ཅན་དང་། ཟོ་བོ་སྦར་ཤད་ཅན་དང་། རྨ་བྱའི་ལྡེམ་རྒྱངས་ཅན་དང་། ཁུ་བྱུག་གི་གསུང་སྙན་ཅན་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །ཡང་ཡེ་གཤེན་གཡུང་དྲུང་སེམས་དཔའ་ནམ་མཁའ་ལས་བབས་པ། དབལ་སོ་མདུང་རྩེ་ཅན་དང་།གསས་མདའ་དུང་དབྱུག་ཅན་དང་། རྔ་སྟོང་རི་ཆེམ་པ་ཅན་དང་། གཤང་ཁྲི་ལོ་གནམ་གྲགས་ཅན་དང་། དུང་འཕར་པོ་འཕར་ཆུང་ཅན་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་

སོ། །དེ་ནས་ཡང་ཡེ་གཤེན་གཡུང་དྲུང་སེམས་དཔའ་ནམ་མཁའ་ལས་བབས་པའི་འཕྲོ་རྫོགས་ནས། གཤེན་རབ་ལ་བསྐོར་བ་བྱས། ལྷ་ཕྱག་བཙལ། མཆོད་པ་ཕུལ་ནས་ཞུས་སམ་གསོལ་བའི་མདོ། སྟོན་པ་ལགས། བདག་ཅག་ཡེ་གཤེན་གཡུང་དྲུང་སེམས་དཔའི་འཁོར་རྣམས་ལ། གསས་མཁར་སུམ་བརྒྱ་དྲུག་ཅུའི་ནང་ནས་ཀྱང་ངེས་པའི་དོན་ཅིག་བཤད་དུ་གསོལ། དེ་སྐད་ཅེས་ཞུས་པས། གཤེན་རབ་ཀྱིས་བཀའ་སྩལ་པ། ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས། །བོན་ལ་རྒྱ་ཆེ་གྲངས་མང་ཡང་། །དབང་པོ་རབ་ཏུ་ཁྱོད་འདུག་པས། །མན་ངག་ལུང་གི་བོན་བསྟན་ནོ་གསུངས་ནས། ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས་ལ་མན་ངག་ལུང་གི་བོན་བསྟན་ནས། །ཤམ་པོ་ལྷ་རྩེའི་བདག་ཏུ་སྐོས། །ཤམ་པོ་ལྷ་རྩེའི་གསས་མཁར་ན། །ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །མན་ངག་ལུང་གི་བོན་སྟོན་ནོ། །དེ་ནས་ཡང་སྟོན་པ་གཤེན་རབ་མི་བོ་དང་། །རྨ་ལོ་དང་ནི་གཡུ་ལོ་གཉིས། །བར་པོ་སོ་བརྒྱད་མཁར་དུ་གཤེགས། །བར་སྣང་ཁམས་ཀྱི་སྲིད་གཤེན་རྣམས། །སྔ་རབས་འདས་དང་ཕྱི་རབས་འཕེལ། །གཤེན་རབ་འཁོར་དུ་གནམ་

ལས་ཆར་བཞིན་དུ་བབས། དབལ་བོན་རོམ་པོ་དང་། ཡོགས་བོན་གཏོ་རྒྱལ་དང་། ཁྲིན་བོན་ཕྱྭ་སངས་དང་། གཉེར་བོན་གཏོ་ཆེན་དང་། འོ་བོན་འབྲང་ཟུ་དང་། མཚམས་བོན་ཡོ་ཀྲུ་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །བདུད་བོན་ཆུ་ལྕགས་དང་། དམུ་བོན་ཡེའུ་ཐན་དང་། བཙན་བོན་མཚལ་ལྕགས་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །སྲིད་བོན་མུ་ཆོ་དང་། སྐོས་བོན་གཙུག་སྲས་དང་། ཕྱྭ་བོན་ཐེའུ་ལེགས་དང་། ལྷ་བོན་ཐོད་དཀར་དང་། དེ་རྣམས་ནི་ཡེ་གཡེན་གཉན་པོ་བཅུ་གསུམ་འདུལ་བའི་བོན་པོ་ལགས་ཏེ།གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ཡང་ཟླ་བོན་ཚེས་པ་དང་། ཉི་བོན་དྲང་མ་དང་། སྐར་བོན་ཚིག་གུ་དང་། སྤྲིན་བོན་བ་ཐུལ་དང་། གཞའ་བོན་ཁུག་ཏང་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །དལ་བོན་ལུ་གུ་དང་། ཟེར་བོན་གདང་སྙན་དང་། ལོ་བོན་རྩིས་འདེབས་དང་། རྫི་བོན་ཕྱུར་བ་དང་། དེ་རྣམས་ནི་བར་གཡེན་གཏོད་པོ་དགུའི་བོན་པོ་ལགས་ཏེ།གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ཡང་སྣང་གཤེན་གཡའ་རི་གངས་བྲག་ལས་གཤེན་རབ་གྱི་འཁོར་དུ་རྫི་བཞིན་དུ་བབས་སོ། །ཀླུ་བོན་དབྱར་སྙ་དང་། གཉན་བོན་ཐང་

ཐང་དང་། རྒྱལ་བོན་བོངས་པོ་དང་། སྨན་བོན་འབྲིང་དང་དང་། བཟོད་བོན་ལ་ཚ་དང་། སྲིན་བོན་ཡ་ངལ་དང་། འདྲེ་བོན་གླུད་བོན་གྱེར་མཁས་དང་། སྲིན་བོན་མུ་འཕན་ཕེའུ་ར་དང་། བྱུར་བོན་སྣ་བོན་ལི་བྱིན་དང་། གཤིན་རྗེའི་བོན་པོ་རྟ་བོན་བྱོན་ཁྲི་དང་། ཆུད་ཀྱི་བོན་པོ་ཐར་བོན་གྲུབ་སྐྱོལ་དང་། དེ་རྣམས་ནི་ས་གཡེན་ཆེ་བ་བཅུ་གཅིག་འདུལ་བ་ལགས་ཏེ། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་སྲིད་གཤེན་སྣང་གཤེན་རྣམས་ཀྱིས་བསྐོར་བ་བྱས། ལྷ་ཕྱག་འཚལ་ནས་ཞུས་པའི་མདོ། སྟོན་པ་གཤེན་རབ་ལགས། བདག་ཅག་སྲིད་གཤེན་སྣང་གཤེན་འཁོར་པ་རྣམས་ལ། གསས་མཁར་སུམ་བརྒྱ་དྲུག་ཅུའི་ནང་ནས་ཀྱང་། ངེས་ཚིག་བདེན་པའི་བོན་ཅིག་བཤད་དུ་གསོལ། དེ་སྐད་ཅེས་ཞུས་པས། གཤེན་རབ་ཀྱིས་བཀའ་སྩལ་པ། ཞུ་བའི་གཤེན་པོ་ཁྱོད་རྣམས་ལ། །དབང་པོ་འབྲིང་གི་བློ་ཡོད་པས། །སྲིད་པ་རྒྱུད་ཀྱི་བོན་བསྟན་ནོ་གསུངས་ནས། སྲིད་པ་དང་ལོ་རྒྱུས་ཀྱི་བོན་བསྟན་ནས། བར་སྣང་གཡའ་རིའི་བདག་ཏུ་སྐོས། །སྲིད་གཤེན་སྣང་གཤེན་འཁོར་རྣམས་ཀྱང་བར་སྣང་གངས་རིའི་གླིང་ཁམས་ན། འཁོར་བའི་སེམས་ཅན་མང་པོ་ལ་སྲིད་པ་རྒྱུད་ཀྱི་བོན་བསྟན་ཏོ། །དེའི་དུས་
