བུ་སྟོན་ཆོས་འབྱུང་།

༣. བསྟན་པ་གཟུང་བས་བྱང་ཆུབ་ཐོབ་པ།

上一章
下一章
5b

(༣. བསྟན་པ་གཟུང་བས་བྱང་ཆུབ་ཐོབ་པ།)

གསུམ་པ་ནི། བཤད་ཉན་ནི། བསྟན་པའམ་ཆོས་འཛིན་པར་འགྱུར་ཏེ། མཛོད་ལས། དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་སོ། །ཆོས་འཛིན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་

6a

༄༅།        །པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐའ་མར་ཕྱིན་པར་འགྱུར་མ་ལགས། །ཞེས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །རྒྱལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར། །ལྷ་དང་ཀླུ་དང་མིའམ་ཅི་རྣམས་དང་། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་བཟུང་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་། །ཞེས་པ་ནས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་། །འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར། །བདེ་དང་ཡིད་བདེ་བྱང་ཆུབ་དེ་འཚང་རྒྱ། །ཞེས་པ་ལ་སོགས་པ་ཕན་ཡོན་མང་པོ་གསུངས་སོ། །