བུ་སྟོན་ཆོས་འབྱུང་།

དང་པོ། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ།

上一章
下一章
7a

(སྤྱི་དོན་གཉིས་པ། གང་མཉན་པ་དང་བཤད་པར་བྱ་བའི་ཆོས་ངོས་བཟུང་བ།)

གཉིས་པ་ལ། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ་དང་། ཆོས་ཀྱི་སྒྲ་དོན་དང་། མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་བཞིའོ། །

7a

(དང་པོ། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ།)

དང་པོ་ནི། ཆོས་ཤེས་པའི་སྒྲ་དེ་དོན་བཅུ་ལ་འཇུག་སྟེ། རྣམ་བཤད་རིགས་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པས། ཆོས་གང་ལ་ལ་འདུས་བྱས་སམ་འདུས་མ་བྱས་སམ་ཞེས་པ་ཤེས་བྱ་དང་། ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ་ཞེས་པ་ལྟར་ལམ་དང་། ཆོས་ལ་སྐྱབས་སུ་སོང་བ་ཞེས་པ་མྱང་འདས་དང་། ཆོས་ཀྱི་སྐྱེ་མཆེད་ཅེས་པ་ཡིད་ཡུལ་དང་། བཙུན་མོའི་འཁོར་དང་གཞོན་ནུ་རྣམས་དང་ལྷན་ཅིག་ཆོས་སྤྱོད་ཅེས་པ་བསོད་ནམས་དང་། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན་ཞེས་པ་ཚེ་དང་། ཆོས་ཤེས་པ་ནི། འདི་ལྟ་སྟེ། མདོའི་སྡེ་དང་ཞེས་པ་ལྟ་བུ་གསུང་རབ་དང་། ལུས་འདི་རྒས་པའི་ཆོས་ཡིན་ནོ་ཞེས་པ་འབྱུང་འགྱུར་དང་། 

7b

དགེ་སློང་གི་ཆོས་བཞི་ཞེས་པ་ལྟ་བུ་ངེས་པ་དང་། ཡུལ་ཆོས་རིགས་ཆོས་ཤེས་པ་ཆོས་ལུགས་ཏེ། བཅུ་ལ་འཇུག་གོ །དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ཀྱི་དེར་འདུས་པ་མ་ཡིན་ཏེ། ཆོས་ཀྱིས་ཆོས་ཚོལ་བར་བྱེད་དེ་ཆོས་མ་ཡིན་པས་མ་ཡིན་ནོ་ཞེས་པ་ལྟ་བུ་རིགས་པ་ལ་ཆོས་དང་། བསྒྲུབ་བྱའི་ཆོས། དགག་བྱའི་ཆོས་ཤེས་པ་ལ་སོགས་པ་ལའང་འཇུག་པས་སོ། །