བུ་སྟོན་ཆོས་འབྱུང་།
གསུམ་པ། མཚན་ཉིད།
(གསུམ་པ། མཚན་ཉིད།)
གསུམ་པ་ནི། འདིར་གཏན་ལ་དབབ་པར་བྱ་བ་ནི། བསོད་ནམས་དང་ལམ་དང་མྱང་འདས་བརྗོད་བྱའི་གཙོ་བོར་བྱས་ལ། གསུང་རབ་རྗོད་བྱེད་དུ་བྱས་པ་དམ་པའི་ཆོས་ཡིན་ལ་དེའི་མཚན་ཉིད་ནི། གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པ་སྟེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་གསུངས་སོ། །དེ་ལ་དབྱེ་ན། རྟོགས་པའི་ཆོས་དང་། ལུང་གི་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པས། རྟོགས་པའི་ཆོས་ཀྱི་མཚན་ཉིད། གང་ཞིག་གང་གིས་འདོད་ཆགས་དང་བྲལ་བ་སྟེ། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་
གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་རྒྱུད་བླར་བཤད་དོ། །དེ་ལ་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་བདེན་དང་། གང་གིས་འདོད་ཆགས་དང་བྲལ་བྱེད་ལམ་བདེན་གཉིས་ལས། འགོག་བདེན་གྱི་མཚན་ཉིད། དེ་བཞིན་ཉིད་ལ་དམིགས་པས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགག་པ་སྟེ། ཀུན་བཏུས་སུ། དེ་བཞིན་ཉིད་ལ་དམིགས་པས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགག་པ་དེ། འགོག་པའི་མཚན་ཉིད་དོ་ཞེས་སོ། །དེ་ཡང་སློབ་མི་སློབ་ཀྱི་སྤངས་པ་དང་། ལྷག་མེད་ཀྱི་མྱང་འདས་དང་། ཐེག་ཆེན་ལུགས་ཀྱི་སངས་རྒྱས་ཀྱི་ཆོས་སྐུའོ། །ལམ་བདེན་གྱི་མཚན་ཉིད། ཟག་མེད་ཡེ་ཤེས་འཁོར་བཅས་འགོག་པ་མངོན་དུ་བྱེད་པའི་ཐབས་ཏེ། མཛོད་དུ། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་པའམ། རྒྱུད་བླར། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །ཞེས་སོ། །དེ་ཡང་མཐོང་སྒོམ་མི་སློབ་ལམ་གསུམ་ཟག་མེད་དམ། ཐེག་ཆེན་གྱི་ལམ་བདེན་ནི། རྒྱུད་བླར་མཐོང་སྒོམ་གཉིས་ལ་འདོད་དོ༏ ༏ཚོགས་སྦྱོར་གཉིས་ནི། ལམ་བདེན་གྱི་འཁོར་ཡིན་ནོ། །ལུང་གི་ཆོས་ཀྱི་མཚན་ཉིད་ནི། རྟོགས་པའི་ཆོས་ལ་འཇུག་པའི་རྗོད་བྱེད་དོ། །དེ་ལ་སྤྲོས་པ་ལས་བྱུང་བའི་བག་ཆགས་དང་། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་མངོན་བརྗོད་དོ༏ ༏དང་པོ་ནི། རྟ་དང་གླང་པོ་ལ་སོགས་པའི་གཏམ་སྣ་ཚོགས་པ་སྟེ། འཁོར་བ་དང་ཆོས་མཐུན་པས་འཇིག་རྟེན་པའི་མངོན་བརྗོད་ཅེས་ཀྱང་བྱའོ། །གཉིས་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེ་ཡང་ཆོས་ཉིད་རྟོགས་པར་བྱེད་པའི་རྒྱུ་མཐུན་ནམ། ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་ལས་བྱུང་བས་དེར་བརྗོད་དེ། རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཞེས་དབུས་མཐར་འབྱུང་ཞིང་། དོན་གསལ་འགྲེལ་པར་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་གྱུར་པ་ཞེས་སོ། །པཎྜི་ཏ་སུ་ཎྱ་ཤྲཱིའི་ཞལ་སྔ་ནས་ཆོས་

༄༅། །ཐམས་ཅད་སྟོང་ཉིད་རྟོགས་པའི་རྩ་བ་ཅན་ཡིན་ཏེ། བྱ་ཆུང་འབྲིང་ཆེ་གསུམ་ནམ་མཁའ་ལ་འཕུར་བ་ལྟར་བྱང་ཆུབ་གསུམ་གང་ཟག་གི་བདག་མེད་དང་གཟུང་བ་བདག་མེད་པ་དང་བདག་མེད་གཉིས་ཀ་རྟོགས་པས་འཐོབ་བོ། །ཞེས་གསུང་ངོ་། །དེ་མྱང་འདས་དང་ཆོས་མཐུན་པས་འཇིག་རྟེན་ལས་འདས་པའི་མངོན་བརྗོད་ཅེས་བྱ་སྟེ། མྱང་འདས་ལས་ཆུ་བོ་ཆེན་པོ་བཞི་རྒྱ་མཚོར་བབ་འབབ་གཞོལ་བ་དེ་བཞིན་དུ་ཆོས་ཐམས་ཅད་མྱ་ངན་འདས་པར་བབ་འབབ་གཞོལ་ཞེས་གསུངས་སོ། །
