བུ་སྟོན་ཆོས་འབྱུང་།
གསུམ་པ། རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ།
(གསུམ་པ། རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ།)
གསུམ་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགྲེལ་པ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་ཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་དག །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་སོ༏ ༏དེ་ལ་མདོའི་སྡེ་ནི། གང་བཞེད་པའི་དོན་སྨོས་པའི་ཚུལ་གྱིས་རྐྱང་པར་གསུངས་པའོ། །ཅིའི་ཕྱིར་ཕྱེ་སྟེ་མ་གསུངས་ཞེ་ན། ཀུན་བཏུས་སུ། ཕན་ཡོན་བཅུ་གཟིགས་ནས། དེ་བཞིན་གཤེགས་པ་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་བཞག་སླ་བ་དང་། བཤད་སླ་བ་དང་། གཟུང་སླ་བ་དང་། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་
ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་སོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི། མདོ་སྡེ་དེ་ཉིད་དུ་དབུས་དང་ཐ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའམ་དྲང་བའི་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པའོ། །ལུང་དུ་བསྟན་པའི་སྡེ་ནི། ཉན་ཐོས་འདས་ཏེ་ཤི་བའི་དུས་བྱས་པ་དང་འབྱུང་བ་ལུང་སྟོན་པ་དམ་པའི་ཆོས་པད་མ་དཀར་པོ་ལྟ་བུའམ། ཡང་ན། ངེས་པའི་དོན་གྱི་མདོ་སྡེ་ནི། དེས་རྣམ་པར་ཕྱེ་ནས་དགོངས་པ་ལུང་སྟོན་པའི་ཕྱིར་ལུང་དུ་བསྟན་པའི་སྡེའོ། །ཚིགས་སུ་བཅད་པའི་སྡེ་ནི། ཚིགས་བཅད་དུ་སྦྱར་ནས་གསུངས་པ་སྟེ། དེ་ནི་རྩ་བ་གཉིས་པ༏ དགེ་སློང་འདི་ནི་སྟོན་པ་སྟེ། ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་པ་ལྟ་བུ་དང་། རྩ་བ་གསུམ་པ། འདི་ན་བདག་གམ་སེམས་ཅན་མེད། །སྲོག་ཀྱང་ཡོད་པ་མ་ཡིན་ཏེ། །ཆོས་འདི་རྒྱུ་དང་བཅས་ལས་བྱུང་། །ཞེས་པ་ལྟ་བུ་དང་། རྩ་བ་བཞི་པ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ལྟ་བུ་དང་། རྩ་བ་ལྔ་པ་དང་རྩ་བ་དྲུག་པ། འདི་དག་འཁྲུལ་བའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་མུན་པའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །དེ་ཡི་ཕྱིར་ན་འགའ་ཞིག་ལ༏ ༏བློ་སྐྱེ་མེད་པས་སངས་རྒྱས་ཡིན། །ཞེས་པ་ལྟ་བུའོ། །ཆེད་དུ་བརྗོད་པའི་སྡེ་ནི། རྣམ་བཤད་རིགས་པར། གང་ཟག་གི་ཆེད་དུ་གསུངས་པ་མ་ཡིན་གྱི། བསྟན་པ་གནས་པར་བྱ་བ་འགའ་ཞིག་གི་ཕྱིར་གང་ཡིན་པ་སྟེ་ཞེས་སོ། །གང་ཡིད་རངས་ནས་བརྗོད་པ་སྟེ། དཔེར་ན། ཐུབ་པས་སྣོད་བཅུད་ཀྱི་ཞིང་སྦྱངས་པ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དུལ་བ་ནི་ལེགས་སོ། །ཞི་བ་ནི་ལེགས་སོ་ཞེས་སོགས་གསུངས་པ་ལྟ་བུའོ། །གླེང་གཞིའི་སྡེ་ནི་གང་ཟག་འགའ་ཞིག་གི་ཆེད་དུ་གསུངས་པ་དང་བྱུང་བ་དང་

༄༅། །བཅས་པའི་བསླབ་པ་བཅས་པ་གསུངས་པ་སྟེ། ནོར་ཅན་ལ་མ་བྱིན་ལེན་གྱི་བསླབ་པ་བཅས་པ་ལྟ་བུའོ། །རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་པར་གསུངས་པ་སྟེ། དེས་དོན་གསལ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བུ་བྱུང་བའ་སྡེ་ནི། སྔོན་གྱི་སྦྱོར་བ་དང་ལྡན་པ་སྟེ། སྐེམ་མོ་གཽ་ཏ་མའི་གཏམ་རྒྱུད་ལྟ་བུའོ། །སྐྱེས་པ་རབས་ཀྱི་སྡེ་ནི། བྱང་ཆུབ་སེམས་དཔེའི་སྤྱོད་པ་སྟོན་པ་སྟེ། ཐམས་ཅད་སྒྲོལ་གྱི་རྣམ་ཐར་ལྟ་བུའོ། །ཤིན་ཏུ་རྒྱས་པའི་སྡེ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང་རྒྱས་པ་དང་རྒྱ་ཆེ་བ་དང་ཟབ་པའི་རྣམ་པར་ཆོས་སྟོན་པའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པས་རྣམ་པར་འཐག་པ་ཞེས་བྱའོ། །གཞན་དང་མཚུངས་པ་མེད་པས་མཚུངས་བྲལ་ཞེས་བྱའོ། །ཆེན་པོ་བདུན་དང་ལྡན་པས་ཐེག་པ་ཆེན་པོ་ཞེས་བྱའོ། །རྨད་དུ་བྱུང་བའི་སྡེ་ནི། ཉན་ཐོས་དང་བྱང་སེམས་དང་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྟོན་པའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི། གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པས་མདོ་ལ་སོགས་པའི་དོན་བཤད་པའོ། །
