བུ་སྟོན་ཆོས་འབྱུང་།

༡༽. ལྟ་བའི་ཆ་གསལ་བར་བྱེད་པ།

上一章
下一章
19b

(༡༽. ལྟ་བའི་ཆ་གསལ་བར་བྱེད་པ།)

དང་པོ་ལ། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། མདོས་དངོས་སུ་བརྗོད་པའི་དོན་ནམ། སྙིང་པོའི་དོན་སྟོན་པ་དབུ་མ་རིག་པའི་ཚོགས་དྲུག་སྟེ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པ་སྟོང་ཉིད་བདུན་ཅུ་པ། དེ་ལས་གཞན་སྐྱེ་བ་ལ་སོགས་པར་བདེན་པ་འགོག་པ་རྩ་བ་ཤེས་རབ་སྟེ། གཉིས་པོ་རྩ་བའམ་གཙོ་བོའོ། །དེ་རིགས་པས་སྒྲུབ་པ་རིགས་པ་དྲུག་ཅུ་པ། དེ་ལ་གཞན་གྱིས་བརྩད་པའི་སྐྱོན་སྤོང་བ་རྩོད་པ་བཟློག་པ། གཞན་རྟོག་གེ་བ་དང་རྩོད་པའི་ཚུལ་སྟོན་པ་ཞིབ་མོ་རྣམ་འཐག །དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ་ཞེས་གསུང་ངོ་། །ཤུགས་ལ་བསྟན་པའི་དོན་ནམ་མངོན་པར་རྟོགས་པའི་དོན་གཙོ་བོར་སྟོན་པ་མངོན་རྟོགས་རྒྱན་ཏེ། རྣམ་མཁྱེན་ལམ་ཤེས་གཞི་ཤེས་ཏེ། འཇུག་ཡུལ་མཁྱེན་པ་གསུམ། རྣམ་ཀུན་མངོན་རྫོགས་དང་རྩེ་མོ་དང་མཐར་གྱིས་པ་དང་སྐད་ཅིག་མ་སྟེ། འཇུག་པ་སྦྱོར་པ་བཞི། ཞུགས་འབྲས་ཆོས་ཀྱི་སྐུ་སྟེ། བརྒྱད་དུ་འདུས་པར་སྟོན་པའོ། །དེ་དག་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་སྟོན་པ་བརྒྱད་སྟོང་དོན་བསྡུས་ཏེ། དེ་ཉིད་ལས། རྟེན་དང་དབང་དུ་བྱ་བ་དང་། །ལས་དང་སྒོམ་པ་དང་བཅས་དང་། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པར་

20a

༄༅།        །ཡང་དག་བརྗོད། །ཅེས་པས། རྟེན་སྟོན་པ་སངས་རྒྱས་དང་། དབང་དུ་བྱ་བ་འཁོར་དང་། ལས་ཡུམ་ལ་ཆོས་སྤྱོད་བཅུས་ཇི་ལྟར་སྤྱོད་པ་དང་། སྒོམ་པ་ལ། དངོས་མེད་དངོས་པོ། སྒྲོ་འདོགས་སྐུར་འདེབས། གཅིག་དང་ཐ་དད། ངོ་བོ་དང་ཁྱད་པར། མིང་ཇི་ལྟ་བ་བཞིན་དུ་དོན་དང་དོན་ཇི་བཞིན་དུ་མིང་དུ་རྟོག་པ་སྟེ། རྣམ་གཡེང་བཅུའི་གཉེན་པོར་སྒོམ་པ་བཅུ་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རབ་ཏུ་དབྱེ་བ་སྟོང་ཉིད་བཅུ་དྲུག་དང་། རྟགས་ལ་བདུད་ལས་ཀྱི་རྟགས་དང་ཕྱིར་མི་ལྡོག་གི་རྟགས་གཉིས་དང་། ཤེར་ཕྱིན་སྤངས་ན་རྣམ་སྨིན་ངན་སོང་དུ་ལྟུང་བ་དང་། སྟོང་གསུམ་ལ་སོགས་པ་རིན་པོ་ཆེས་བཀང་ནས་སྦྱིན་པ་བྱས་པ་བས་ཤེར་ཕྱིན་ལ་སྤྱད་ན་བསོད་ནམས་ཆེ་བ་ལ་སོགས་པའི་ཕན་ཡོན་དང་སོ་གཉིས་ཀྱིས་ཐམས་ཅད་བསྡུས་ཤིང་དེ་ཉིད་དགོས་པའི་དབང་གིས་བཟླས་ཏེ་བཤད་པར་འདོད་དོ། །སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྟན་པ་འབུམ་ཊཱིཀ་སྟེ། དེ་ལ་རྒྱལ་བའི་ཡུམ་ཐོག་མར་གླེང་གཞིས་སྐབས་ཕྱེ་ནས་གདུལ་བྱ་དབང་པོ་རྣོན་པོ་ལ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་པ་གང་ཟག་གང་གིས་གང་གི་ཕྱིར་དུ་གང་ལ་ཇི་ལྟར་བསླབ་ཚུལ་དང་བཞིས་དོན་ཐམས་ཅད་བསྟན་པ། བསྡུས་ཏེ་བསྟན་པའི་སྒོ། དེ་ནས་སྐབས་དང་པོའི་བར་ལ་འབྲིང་དུ་བསྟན་པའི་སྒོ། དེ་ནས་མཇུག་རྫོགས་ཀྱི་བར་ལ་རྒྱས་པར་བསྟན་པའི་སྒོ་སྟེ། གསུམ་མོ། །རྣམ་གྲངས་བཅུ་གཅིག་ནི། དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པ་དང་། དེ་ནས་རབ་འབྱོར་གྱིས་བཤད་པ་གཅིག་དང་། དེ་ནས་བརྒྱ་བྱིན་

20b

ལ་བཀའ་སྩལ་པ་གཉིས་དང་། རབ་འབྱོར་ལ་བཀའ་སྩལ་པ་བཞི་དང་། བྱམས་པ་ལ་བཀའ་སྩལ་པ་གཉིས་དང་། ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པ་སྟེ། བཅུ་གཅིག་གོ །འདི་དཾཥྚ་སེ་ནས་བྱས་ཟེར་ཡང་དབྱིག་གཉེན་གྱི་གཞུང་འགྲེལ་དུ་རིགས་ཤིང་། འདི་དང་བརྒྱད་སྟོང་དོན་བསྡུས་གཉིས་ཀྱིས་སེམས་ཙམ་དུ་བསྟན་ནོ། །