བུ་སྟོན་ཆོས་འབྱུང་།

ལྔ་པ། བསྟན་བཅོས་ཀྱི་རིགས་བསྡུ་བའི་སྒོ་ནས་དབྱེ་བ།

上一章
下一章
22a

(ལྔ་པ། བསྟན་བཅོས་ཀྱི་རིགས་བསྡུ་བའི་སྒོ་ནས་དབྱེ་བ།)

ལྔ་པ་ནི༏ བསྟན་བཅོས་ཀྱི་རིགས་བསྡུ་ན། བཀའ་ལ་མི་བརྟེན་པ་དང་། བརྟེན་པ་གཉིས། བརྟེན་པ་ལ། བཀའ་ཉིད་ལ་འགྲེལ་བ་བཏབ་པ་དང་། བཀའི་དོན་རང་རྒྱུད་དུ་བརྩམས་པ་གཉིས། དང་པོ་ལའང་ཚིག་དོན་གཉིས་ཀ་རྒྱ་ཆེར་འགྲེལ་བ་སོ་སོ་ཐར་པའི་འགྲེལ་པ་བམ་པོ་ལྔ་བཅུ་པ་ལྟ་བུ་རྒྱ་ཆེར་འགྲེལ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ཆེད་དུ་བརྗོད་པའི་ཚོམས་གཉིས་ཀྱི་འགྲེལ་པ་ལྟ་བུ་ཚིག་གི་འགྲེལ་བ། གོ་དཀའ་བའི་དོན་རྣམ་པར་འབྱེད་པ་སྡུད་འགྲེལ་གཉིས་ལྟ་བུ་དཀའ་འགྲེལ། དོན་གྱི་གཙོ་བོ་བསྡུས་ནས་སྟོན་པ་སྡུད་པའི་དོན་བསྡུས་དྲི་མེད་བཤེས་གཉེན་གྱིས་མཛད་པ་ལྟ་བུ་བསྡུས་དོན་གྱི་འགྲེལ་པ། ངག་གི་དོན་དྲིལ་ནས་སྟོན་པ་ངག་དོན་ཙམ་གྱི་འགྲེལ་བ་སྟེ་ལྔའོ། །གཉིས་པ་ལ། བཀའ་གཅིག་གི་དོན་རྫོགས་པར་

22b

སྟོན་པ་དང་། ཐོར་བུར་སྟོན་པ་དང་། བཀའ་མང་པོའི་དོན་སྟོན་པ་གསུམ་མོ། །དང་པོ་ནི། མངོན་རྟོགས་རྒྱན་ནམ་མདོ་རྩ་ལྟ་བུའོ། །གཉིས་པ་ནི། དགེ་ཚུལ་གྱི་ཀཱ་རི་ཀཱ་ལྟ་བུའོ། །གསུམ་པ་ནི། བསླབ་བཏུས་སམ་བཤེས་སྤྲིང་ལ་སོགས་བའོ། །སྤྱིར་འགྲེལ་བ་ལ་འགྲེལ་པ་དང་བཤད་བ་དང་རྣམ་པར་བཤད་པ་དང་བཤད་སྦྱར་དང་། དོན་བསྡུས་དང་། དཀའ་འགྲེལ་དང་རྒྱ་ཆེར་འགྲེལ་དང་ལེགས་པར་སྦྱར་བ་དང་། རྣམ་པར་ཕྱེ་བ་ལ་སོགས་པ་མིང་མང་པོ་འབྱུང་ངོ་། །དེ་ལྟར་བསྟན་བཅོས་ཀྱི་དབྱེ་བ་ནི། བློ་གྲོས་འཕེལ་བར་བྱ་བའི་ཕྱིར་བསྟན་བཅོས་ཙམ་གྱི་དབྱེ་བ་ཡིན་ལ། སྔར་གྱི་མཚན་ཉིད་དང་ངེས་ཚིག་ནི། བསྟན་བཅོས་ཁྱད་པར་ཅན་གྱི་ཡིན་པས་འགལ་བར་མི་བསམ་མོ། །