བུ་སྟོན་ཆོས་འབྱུང་།
༡. སྐྱོན་བཅུ་གསུམ་བསྟན་པ།
(༡. སྐྱོན་བཅུ་གསུམ་བསྟན་པ།)
དང་པོ་ནི། རྣམ་བཤད་རིགས་པར་སྐྱོན་བཅུ་གསུམ་གྱི་གཉེན་པོར་རྣམ་པ་བཅུ་དྲུག་གིས་ཆོས་མཉན་པར་གསུངས་ཤིང་བཅུ་གསུམ་ནི་ནང་དུ་ཡང་དག་པར་འཇོག་པའི་ཚེ་སྨྲ་བ་པོ་ལ་བདག་ཉིད་ཀྱིས་བསྐྱོད་པ་དང་། སྤྱོད་ལམ་མི་སྡུག་པའི་སྐྱོན་དང་། རིགས་མཐོ་བ་ལ་སོགས་པའི་ང་རྒྱལ་གྱིས་འགྱིང་བའི་སྐྱོན་དང་། དོན་དུ་མི་གཉེར་བའི་སྐྱོན་དང་། གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན་དང་། མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན་དང་། སུན་ཅི་ཕྱིན་དུ་རྒོལ་བའི་བསམ་པའི་སྐྱོན་དང་། ཆོས་དང་ཆོས་སྨྲ་བ་ལ་ཡོན་ཏན་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གྲོ་མི་བྱེད་པའི་སྐྱོན་དང་།
༄༅། །ཆོས་ལ་ཚིག་དང་ཡིག་འབྲུ་མ་འབྲེལ་བའི་ཆོས་སྨྲ་བ་ལ་ཚུལ་ཁྲིམས་དང་རིགས་དང་བྱད་གཟུགས་དང་ཚིག་འབྱིན་པ་མ་ཚང་བ་ལ་སོགས་པའི་སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་སྐྱོན་དང་། སྨོད་པའི་སྐྱོན་དང་། རྙེད་པ་དང་། བཀུར་སྟི་འདོད་པའི་སྐྱོན་དང་། སེམས་རྣམ་པར་གཡེང་པ་དང་གཉིད་རྨུགས་ཀྱིས་བསྡུས་པས་མི་ཉན་པའི་སྐྱོན་དང་། དགོངས་པ་དང་ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་རྟོག་པས་ལེགས་པར་ཡིད་ལ་མི་བྱེད་པའི་སྐྱོན་དང་། འདུན་པ་དང་འཇུག་པ་ཞན་པ་ཉིད་ཀྱིས་རབ་ཏུ་ཡིད་ལ་མི་བྱེད་པའི་སྐྱོན་ནོ། །
