བུ་སྟོན་ཆོས་འབྱུང་།
༤. གང་གི་ཡིན་པ།
(༤. གང་གི་ཡིན་པ།)
བཞི་པ་ནི། ཆོས་སྐུ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཁོ་ནའི་ཡུལ། རྗེས་མཐུན་པ་ས་བརྒྱད་པའམ་ས་དང་པོ་ཐོབ་པས་ཀྱང་མངོན་དུ་བྱེད་ནུས་ལ་མོས་སྤྱོད་པས་ཀྱང་དོན་སྤྱི་ཙམ་ཡུལ་དུ་བྱེད་དོ། །ལོངས་སྐུ་ནི་བྱང་སེམས་ས་བཅུ་པ་ཡན་ཆད་ཐོབ་པ་ཁོ་ནའི་ཡུལ་དུ་འདོད་པ་དང་ས་ཐོབ་པ་ཐམས་ཅད་ཀྱི་ཡུལ་དུ་འདོད་པས་ལུགས་གཉིས་སུའོ། །དང་པོ་ནི་རིན་ཆེན་ཕྲེང་བར། བསམ་ཡས་ཡེ་ཤེས་ཡུལ་གྱི་བདག །དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ། །ཞེས་པའམ། དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་ལོངས་སྐུ་མཚན་ཉིད་པ་ས་བཅུ་པ་ཐོབ་པའི་ཡུལ་དུ་བཤད་དོ། །འདོད་ཚུལ་གཉིས་པ་ནི། སྐྱབས་གསུམ་བདུན་ཅུ་པར། བསོད་ནམས་ཚོགས་ནི་ཚད་མེད་ལས། །འཁྲུངས་པ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱི། །མཐོང་བར་གྱུར་པ་སྐུ་དེ་ཡིས། །ཆོས་ཀྱི་རྫོགས་ལོངས་སྤྱོད་འདི་ནི། །རྒྱལ་སྲས་རྣམས་ནི་སྤྱོད་པ་ཡིན། །ཞེས་སམ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཅེས་པས་སོ། །སྤྲུལ་སྐུ་ལ་མཆོག་གི་སྤྲུལ་སྐུ་ནི་དྲོད་ཡན་ཆད་ནས་ནམ་འདོད་དུ་མཐོང་ཞིང་ཚོགས་ལམ་ཆེན་པོ་ནས་ཕལ་ཆེར་མཐོང་སྟེ། རྒྱན་ལས། དེ་ལྟར་མཐོང་དཀའི་ཐུབ་པ་རྟག་མཐོང་ཞིང་། །ཞེས་པས་སོ། །དེ་མན་ཆད་དུའང་མཐོང་བ་སྲིད་ཅེས་གསུངས་སོ། །སྐྱེ་བའི་སྤྲུལ་པ་ལ་སོགས་པ་ནི་གང་ལ་གང་འདུལ་ལ་སྣང་སྟེ། གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་སོ། །གདུལ་བྱ་མིན་པའམ་མི་སྣང་བའི་གདུལ་བ་རྣམས་ལ་མི་སྣང་སྟེ། རྒྱན་ལས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་
བཞིན་སེམས་ཅད་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་སོ། །
