བུ་སྟོན་ཆོས་འབྱུང་།
དང་པོ། བསྟན་པ་སྔ་དར་གྱི་རྣམ་གཞག།
(ལེའུ་གསུམ་པ། ཁྱད་པར་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ།)
སྤྱི་དོན་གཉིས་པ་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ་ལ་གསུམ་སྟེ། བསྟན་པ་སྔ་དར་གྱི་རྣམ་གཞག །ཕྱི་དར་གྱི་རྣམ་གཞག །དེ་དག་ཏུ་ཆོས་བསྒྱུར་བའི་དཀར་ཆག་བསྟན་པའོ། །
(དང་པོ། བསྟན་པ་སྔ་དར་གྱི་རྣམ་གཞག།)
དང་པོ་ལ་སྤྱིར་བོད་ཀྱི་ཡུལ་དུ་མིའི་འགྲོ་བ་དང་པོ་བྱུང་ཚུལ་ནི། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པར།(སློབ་དཔོན་ཤེས་རབ་གོ་ཆས་བྱས་པའི།)སྐྱ་སེང་བུ་ལྔ་(ཤཱཀྱའི་རིགས་སོ། །)དང་། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་དུས་སུ་རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་
༄༅། །སུ་ཞུགས་ཏེ་རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་བ་ཡིན་པར་བཤད་ཅིང་། བོད་ཀྱི་གཏམ་(བོད་འདིར་དང་པོ་མི་མེད། མི་མ་ཡིན་གྱིས་གང་བ་ལ་སྲིད་པ་ཕྱྭའི་མཁན་རྗེས་དབང་བྱས། དེ་ནས་མུ་རྗེ་བཙན་པོ་བདུད་མ་ཏྲཾ་རུ་ཏྲ། སྲིན་པོ་ཡག་ཤ་དེ་ཝ། ཀླུ་རྒྱལ་གང་པོ་རྣམས་ཀྱིས་དབང་བྱས། དེ་ནས་སྤྲེའུ་དང་བྲག་སྲིན་ལས་མི་རྣམས་བྱུང་། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་བུ་བཞི་བཅུས་དབང་བྱས་སོ། །)ལས་སྤྲེའུ་དང་བྲག་སྲིན་མ་ལས་ཆད་པར་འཆད་དེ་དེ་དག་རྒྱས་པར་གཞན་དུ་བལྟའོ། །བོད་ཀྱི་རྒྱལ་རྒྱུད་ནི་ཁ་ཅིག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་བོད་རྣམས་བདུད་དང་གནོད་སྦྱིན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་མནར་བའི་དུས་སུ། བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགེབས་པ་སོར་མོ་དྲ་བས་འབྲེལ་བ་མཚན་ལྡན་ཞིག་བྱུང་བས་སྐྲག་སྟེ་ཟངས་ཁ་སྦྱོར་དུ་བཅུག་སྟེ་གངྒཱ་ལ་བསྐྱུར་བ་ཞིང་པས་རྙེད་དེ་གསོས་ཏེ་ཆེར་སྐྱེས་པ་ན་སྔར་གྱི་གཏམ་བཤད་པས་ཡིད་སྐྱོ་སྟེ་གངས་རིའི་བྲག་ཏུ་བྲོས་པས་ན་རིམ་གྱིས་ལྷ་རི་ཡོལ་བའི་ཁར་བྱུང་སྟེ་བཙན་ཐང་སྒོ་བཞིར་བྱོན་པ་ལ་བོན་པོ་རྣམས་དམུ་ཐག་དང་དམུ་སྐས་ལ་ཡོངས་པས་ལྷ་ཡིན་ཟེར་རོ། །དེ་ནས་ཁྱེད་སུ་ཡིན་དྲིས་པས་བཙན་པོ་ཟེར། གང་ནས་བྱོན་དྲིས་པས་ནམ་མཁའ་ལ་མཛུབ་མོ་སྦྲེང་ཞིང་སྐད་མ་གོ་ནས་ཤིང་གི་ཁྲི་ལ་བཞག་སྟེ་མི་བཞིའི་གཉའ་བ་ལ་ཁུར་ནས་འདི་ལ་ཁོ་བོ་ཅག་གི་ཇོ་བོ་བྱའོ་ཟེར་ཏེ་མིང་ཡང་གཉའ་(སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས་པས་མཚོ་མི་གཤིན་གྱི་དབུ་རྒྱལ་གྱིས་བོན་བསྒྱུར་ཟེར། སུམ་པའི་བོན་པོ་ཨ་ཡོངས་རྒྱལ་བ་བཏུལ་ལོ། །)ཁྲི་བཙན་པོར་བཏགས་རྒྱལ་པོ་སྔ་ཤོས་ཡིན་ནོ། །དེའི་སྲས་དམུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི། དེའི་སྲས་སོ་ཁྲི། དེའི་སྲས་ཡེ་ཁྲི། དེའི་སྲས་གདགས་ཁྲི། དེའི་སྲས་སྲི་ཁྲི་བཙན་པོ་དང་བདུན་ལ་ཁྲི་བདུན་ཟེར་ཞིང་ཐ་མ་དེའི་རིང་ལ་

རྡོལ་བོན་དར་རོ། །དེའི་སྲས་གསུམ་གྱི་བྱ་ཁྲི་ལ་སྤུ་ཁྲི་གུང་རྒྱལ་(ྋཆེ་བ་ཤ་ཁྲི་བར་པ་གྲི་གུམ་བཙན་པོ་ཆུ་དང་བྱ་ཁྲིས་སྤུ་དེ་གུང་རྒྱལ་ཞེས་གྲགས། གྲི་གུམ་དང་བློན་པོ་འཐབ་པས་མ་ཐུབ་པར་བློན་པོས་བཀྲོངས་སྐུ་མཆེད་གསུམ་ཀོང་པོར་བྲོས། ཀོང་པོ་དང་ཉང་པོའི་རྗེ་བྱས། རྒྱལ་པོ་བློན་པོ་ལོ་ངམ་གྱིས་བཟུང་། སྲས་གསུམ་གྱི་ཨ་མའི་རྨི་ལམ་དུ་མི་དཀར་པོ་གཅིག་དང་བསྡོངས་པ་རྨིས་ཁྲག་གི་གོང་བུ་ཞིག་བྱུང་བ་ལས་སྐྱེས་པའི་བུ། རྒྱུ་ལས་སྐྱེས་ཞེས་པས་གཉའ་ཁྲི་བཅུག་པ་ལ་སྤུ་དེ་གུང་རྒྱལ་ཞེས་རྒྱ་ལོ་ངམ་བཏུལ་དེའི་རིང་ལ་ཞིང་འདེབས་པ་གསེར་དངུལ་བཞུ་བ་དང་། ཟམ་པ་འཛུགས་པ་སོགས་བྱུང་ངོ་། །)ཞེས་བཏགས། དེའི་སྲས་ཨ་ཤོ་ལེགས། དེའི་སྲས་ཨི་ཤོ་ལེགས་ཀྱིས་འཕྱིང་བར་སྟག་རྩེ་བརྩིགས་ཏེ་མཁར་སྔ་ཤོས་ཡིན་ནོ། །དེའི་སྲས་དེ་ཤོ་ལེགས། དེའི་སྲས་གུ་རུ་ལེགས། དེའི་སྲས་འབྲོང་རྗེ་ལེགས། དེའི་སྲས་ཐོ་ཤོ་ལེགས་སྟེ་དྲུག་(བང་སོ་གནམ་ལ་བཏབ་ལུས་འཇའ་ལྟར་ཡལ་ཟེར།)ལ་སའི་ལེགས་དྲུག་ཟེར་རོ། །དེའི་སྲས་རྒྱལ་ཟ་རྣམ་ཟིན་སྡེ། དེའི་སྲས་ལྡེ་སྣོལ། གནམ་ནས་བཟུང་སྟེ་ཁྲི་ཐོག་རྗེ་ཐོག་བཙན་གྱི་བར་ཡན་ཆད་རྒྱལ་རབས་ཉི་ཤུ་རྩ་དྲུག་(འོད་འཕྲུལ་གཞུང་བཙན། སེ་སྣོལ་པོ་བདེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་རྒྱལ་ལོ། །ལྡེ་སྲིན་བཙན་ལ་ལྡེ་བརྒྱད་ཟེར། དེ་ནས་རྒྱལ་ལྡེ་རེ་ལོང་བཙན། ཁྲི་བཙན་ནམ་ཁྲི་སྒྲ་སྦུངས་བཙན།)ན། ལྷ་ཐོ་ཐོ་རི་གཉན་བཙན་བྱོན་པའི་ཚེ་དགུང་ལོ་དྲུག་ཅུ་ཐུབ་པ་ན་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པ་ན་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བས་ཟ་མ་ཏོག་བཀོད་པ། དཔང་སྐོང་ཕྱག་བརྒྱ་བ། གསེར་གྱི་མཆོད་རྟེན་ཞིག་བྱུང་སྟེ། མིང་གཉན་པོ་གསང་བར་བཏགས་ཏེ་མཆོད་པས་ལོ་བརྒྱ་ཉི་ཤུར་ཐུབ་སྟེ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་དེ་ཡན་ཆད་ནི་ཆབ་སྲིད་བོན་གྱིས་བསྐྱངས་སོ། །དེའི་རྨི་ལམ་དུ་མི་རབས་ལྔ་ན་འདི་ཤེས་པ་འབྱུང་ཞེས་ལུང་བསྟན་ནོ། །དེའི་སྲས་ཁྲི་གཉན་ཟུང་བཙན། དེའི་སྲས་འབྲོ་གཉན་ལྡེ་རུ།(མཛེ་བྱུང་།) དེའི་སྲས་སྟག་རི་གཉན་གཟིགས་དམུས་ལོང་ཞིག་སྐྱེས་པ་རྒྱལ་སར་བཏོན་ཏེ་གཉན་པོ་གསང་བ་མཆོད་པས་སྤྱན་བྱེ་སྟེ་སྟག་རི་ལ་

༄༅། །གཉན་འགྲོ་བ་གཟིགས་པས་མཚན་དེ་ལྟར་གྲགས་སོ། །དེའི་སྲས་གནམ་རི་སྲོང་བཙན་(འདིའི་རིང་ལ་རྒྱ་ནག་ནས་རྩིས་དང་སྨན་བྱུང་།)དང་། བཙུན་མོ་ཚེ་སྤོང་བཟའ་འབྲི་བཟའ་ཐོ་དཀར་གྱི་སྲས་མཚན་དང་ལྡན་པ་དབུ་ལ་ཨ་མི་ཏཱ་བྷ་བཞུགས་པ་ཞིག་མེ་མོ་གླང་ལ་(བྱམས་པ་མི་འགྱུར་གླིང་དུ་འཁྲུངས།)བལྟམས་ཏེ་ཁྲི་ལྡེ་སྲོང་བཙན་དུ་བཏགས་ཏེ་དབུའི་འོད་དཔག་མེད་དར་ལེབ་རྒན་གྱིས་དཀྲིས་ཏེ་ལོ་(ཡབ་འདས་ནས།)བཅུ་གསུམ་པ་ལ་རྒྱལ་སར་བཏོན་ཏེ་མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་ཏེ་སྐྱེས་འབུལ། འཕྲིན་ཡིག་ཀློག་གོ །དེ་ལས་བོད་ལ་ཡི་གེ་མེད་པས་ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་སློབ་ཏུ་བཏང་བས་པཎྜི་ཏ་ལྷའི་རིག་པ་སེང་གེ་ལ་སྒྲ་བསླབ་སྟེ་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། ཨཱ་ལི་བཞིར་བསྡུས་ཏེ་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སའི་སྐུ་མཁར་མ་རུར་བཅོས་ནས་ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད་དེ་རྒྱལ་པོས་ལོ་བཞི་རུ་མཚམས་བཅད་དེ་བསླབ་བོ། །མདོ་ཟ་མ་ཏོག་བཀོད་པ་དང་། དཔང་སྐོང་དང་། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར་རོ། །དེའི་ཚེ་བོད་འབངས་ཀྱིས་རྒྱལ་པོ་ལ་གཤེ་བ་གསན་ནས་དགེ་བ་བཅུའི་ཁྲིམས་བཅས་ཏེ་བོད་རྣམས་ཆོས་ལ་བཀོད་པས་མིང་སྲོང་བཙན་སྒམ་པོར་གྲགས་སོ། །དེ་ནས་རྒྱ་གར་ལྷོ་ཕྱོགས་ནས་ཙནྡ་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་སྤྱན་དྲངས། བལ་བོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་བལ་མོ་ཁྲི་བཙུན་ཁབ་ཏུ་བཞེས་པས་དེས་ལྷ་མི་(དགུང་ལོ་བརྒྱད་པའི་སྐུ་ཚད།)བསྐྱོད་རྡོ་རྗེ། བྱམས་པ། ཙནྡ་གྱི་སྒྲོལ་མ་རྣམས་སྤྱན་དྲངས། རྒྱའི་རྒྱལ་པོ་(ཐང་ཐེའི་རྒྱལ་པོ།)སེང་གེ་བཙན་པོའི་སྲས་རྒྱ་མོ་ཀོང་ཅོ་བཞེས་ཏེ་དེས་འཕྲུལ་སྣང་གི་ཇོ་བོ་(དགུང་ལོ་བཅུ་གཉིས་པའི་ཚད།)གདན་དྲངས་སོ། །དེ་ནས་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་འདོད་ཀྱང་བཞེངས་

སུ་མ་བཏུབ་པར་བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བ་འདི་མནན་དགོས་པར་གཟིགས་ནས། དཔུང་པ་གཡས་ལ་སྐ་ཚལ། གཡོན་ལ་ཁྲ་འབྲུག །རྐང་པ་གཡས་ལ་གཙང་འགྲམ། གཡོན་ལ་གྲོམ་པ་རྒྱང་སྟེ་རུ་བཞིའི་གཙུག་ལག་ཁང་བཞི། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུ། གཡོན་ལ་ལྷོ་བྲག་ཁོམ་ཐིང་། པུས་མོ་གཡས་ལ་སྐ་བྲག །གཡོན་ལ་པྲ་དུམ་རྩེ་སྟེ་མཐའ་འདུལ་བཞི། ལག་མཐིལ་གཡས་ལ་བྱང་ཚལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་འདན་གློང་ཐང་སྒྲོལ་མ༏ རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་ཡུལ་བུམ་ཐང་། སྤ་གྲོ་སྐྱེར་ཆུ་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེངས་ནས་གདོད་འོ་ཐང་མཚོ་ལ་རྡོ་མཁར་བརྩིགས་ཤིང་གིས་ཕུབ་ཀླུའི་འདག་པས་ཞལ་ཞལ་བྱས་ཏེ་ར་ལ་ས་བསྐྱས་ནས་བརྡལ་ཏེ་ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས། །གློ་འབུར་བྱང་མར་བཟོ་རྒྱུ་སྤུངས་པ་ལས་རང་བྱོན་དུ་བྱོན་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་སུ་གསོལ་ལོ། །དེ་ནས་རྒྱལ་པོས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་སོ། །རྒྱ་མོ་ཀོང་ཅོས་ར་མོ་ཆེའི་གཙུག་ལག་ཁང་བཞེངས་སོ། །དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར་དང་། །བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་ཝ་ཚེ་དང་། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ་བོ། །རྒྱལ་(ྋབོད་རུ་བཞི་སྟོང་སྡེར་ཕྱེ། ལྷོ་ནས་གློ་དང་མོན། ནུབ་ནས་ཞང་ཞུང་། བྱང་ནས་ཧོར། ཤར་རྩྭ་མི་ཤིང་མི་རྣམས་མངའ་འོག་ཏུ་ཆུག་གོ །དགུང་ལོ་བརྒྱད་ཅུ་རྩ་གཉིས་ས་མོ་བྱ་ལ་འདས་སོ། །)པོ་དེ་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང་ལིའི་བཙུན་པ་གཉིས་ཀྱི་ལོ་རྒྱུས་ཡོད་དོ། །རྒྱལ་པོ་དེས་ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་བཟུང་སྟེ། བརྒྱད་ཅུ་རྩ་གཉིས་

༄༅། །ལ་(ས་མོ་བྱ།)གཤེགས་སོ། །དེ་དང་མཉམ་དུ་ཀོང་ཅོའི་ཞལ་ནས་ལྷ་ཤཱཀྱ་མུ་ནི་ར་མོ་ཆེ་ནས་གདན་དྲོངས་ལ་འཕྲུལ་སྣང་གི་གློ་འབུར་དུ་སྦོས་ལ་སྒོ་ལ་ཞལ་ཞལ་གྱིས་ལ་འཇམ་དབྱངས་བྲིས་ཤིག་གསུངས་ཏེ་ཁྲི་བཙུན་དང་མཉམ་དུ་གསུམ་ག་ཐུགས་རྗེ་ཆེན་པོ་ལ་ཐིམ་བའམ་འདས་སོ། །བློན་པོ་རྣམས་ཀྱིས་ཀྱང་ལྷ་གཉིས་བརྗེས་ཏེ་ཞལ་ཆེམས་ལྟར་བྱས་སོ། །རྒྱལ་པོ་དེའི་སྲས་མང་(མོང་བཟའ་ཁྲི་བཙུན་གྱི་སྲས། ཆབ་སྲིད་ལོ་ལྔ་བཟུང་ལོ་བཅོ་བརྒྱད་ལ་འདས།)སྲོང་མང་བཙན། དེའི་སྲས་གུང་སྲོང་གུང་(ྋལོ་བཅོ་ལྔར་སྲིད་བཟུང་ཉི་ཤུ་རྩ་བཞིར་འདས་སོ། །)བཙན། དེའི་སྲས་འདུས་སྲོང་(ཆུ་མོ་བྱ་ལ་སྐྱེས་ལོ་ཉི་ཤུ་རྩ་དགུར་སྲིད་བཟུང་ནས་འདས་བོད་དུ་བྱ་དང་རོལ་མོ་མང་པོ་དང་། རྩལ་པོ་ཆེ་མི་བདུན་ཟེར།)མང་པོ་རྗེ་བློ་ནམ་འཕྲུལ་གྱི་རྒྱལ་པོ། དེའི་སྲས་ཁྲི་ལྡེ་གཙུག་བརྟན་ཏེ་དེས་ལྷ་ས་མཁར་བྲག །མཆིམས་ཕུ་གནམ་སྲལ། དར་འཕུར་མཁར་ལྟག །མད་སྨད་དུ་ལིང་ཆུ་ཁྲི་རྩེ། བྲག་དམར་དུ་སྐ་ཆུ་ཤར་སྒོ། འཕང་ཐང་ཀ་མེད། ཀ་ཆུ་བན་ཆུང་། བྲག་དམར་འགྲིང་བཟངས་ལ་སོགས་པ་བཞེངས། བྲན་ཀ་མུ་ལ་ཀོ་ཤ་དང་གཉགས་ཛྙཱ་ན་ཀུ་མཱ་རས་མདོ་སྡེ་ལས་བརྒྱ་པ་དང་གསེར་འོད་དམ་པ་གཉིས་བསྒྱུར། རྩིས་དང་སྨན་དཔྱད་ལ་སོགས་པ་བསྒྱུར་ཏེ་ཆོས་སྲོལ་ཆེར་མཛད་(དྲུག་ཅུ་རྩ་གསུམ་ལ་འདས།)དོ། །དེའི་སྲས་འཇང་ཚ་ལྷ་དབོན་ལ་རྒྱའི་རྒྱལ་མོའི་སྲས་གྱིམ་ཤང་ཀོང་ཇོ་བླངས་པས་བུ་ཤི་(འཛད་ཚ་ལྷ་དབོན་བློན་པས་བསད་ཟེར།)སྟེ་མེས་དང་འདུས་ནས་ལྷ་ཤཱཀྱ་མུ་ནི་བཅལ་ཏེ་མཆོད་པ་བྱས་སོ། །དེ་ལ་སྲས་མཚན་ལྡན་ཞིག་ས་ཕོ་རྟ་ལ་འཁྲུངས་ཏེ་རྒྱལ་པོ་ལ་འཕང་ཐང་དུ་བསྟན་པར་ཆས་པ་ན་བུ་སྣ་ནམ་བཟས་འཕྲོག་སྟེ་སྣ་ནམ་གྱི་བུར་བྱས་ནས་ཁྲི་སྲང་ལྡ་བཙན་ཞེས་གྲགས་སོ། །དེ་ཆུང་བའི་དུས་སུ་རྒྱའི་ཡུལ་དུ་སང་ཤི་ལ་སོགས་མི་བཞི་ཆོས་ཚོལ་དུ་བཏང་ངོ་། །དེའི་དུས་སུ་ཧྭ་ཤང་མངོན་ཤེས་ཅན་གྱིས་བོད་ཀྱི་ཕོ་ཉ་བ་འཕགས་པ་

བྱང་སེམས་ཀྱི་སྤྲུལ་པ་ཞིག་འོང་སྟེ་འདི་འདྲའོ་ཞེས་འབག་བྱས་སོ། །སླེབ་པ་དང་རྒྱའི་རྒྱལ་པོས་བསྙེན་བཀུར། ཆོས་མང་པོ་བསྐུར། ཧྭ་ཤང་ཞིག་དང་བཅས་པ་བརྫངས་ཏེ་བོད་དུ་སླེབ་པ་ན་རྒྱལ་པོ་འདས། རྒྱལ་བུ་ཆུང་བས་བློན་པོ་རྣམས་ཀྱིས་ཆོས་ཁྲིམས་བཤིག་སྟེ། ཆོས་བྱེད་པ་ལ་སྤྱུགས་པར་བྱས། ལྷ་ཤཱཀྱ་མུ་ནི་རྒྱ་ཡུལ་དུ་སྐྱེལ་བར་བརྩམས་པས་མི་སུམ་བརྒྱས་མ་ཐེག་པར་བྱེ་ཐེམ་དུ་སྦས། ལྷ་སར་བཤའ་ར་བྱས་སོ། །དེའི་ཚེ་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་ཞེས་བྱ་བ་རྒྱབ་གས་ནས་ཤི །ཅོག་གྲུ་སྐྱེས་ངས་རྒྱལ་འགོང་བྱ་བ་བསྐམས་ནས་ཤི་བས་ལྷ་བྱེ་འོག་ཏུ་བཅུག་པས་ལན་ཟེར་ནས་དྲེའུ་གཉིས་ཀྱིས་བཏེག་ནས་ལྷ་མང་ཡུལ་སྐྱིད་གྲོང་དུ་བསྐྱལ་ལོ། །མཁར་བྲག་དང་འགྲིང་བཟང་གཉིས་བཤིག་གོ །དེའི་ཚེ་བ་ལམ་གླག་གི་སྦ་གསལ་སྣང་གི་བུ་ཚ་མིང་སྲིང་གཉིས་དུས་གཅིག་ལ་གུམ་ནས་ཧྭ་ཤང་གིས་ཆོ་ག་བྱས་ཏེ་བུ་མོ་ལོ་དུས་ན་རང་གི་བུར་སྐྱེས་ཏེ་སྐྱེ་བ་དྲན་པ་ཞིག་བྱུང་སྟེ། རྒྱལ་བུས་མང་ཡུལ་གྱི་ཁ་བློན་པོར་བསྐོས་ཏེ་བཏང་ངོ་། །དེའི་ཚེ་སང་ཤིས་སླེབ་སྟེ་ཆོས་བྲག་ལ་སྤས་སོ། །དེ་ནས་ཁྲི་སྲོང་ལྡེ་བཙན་ལོ་བཅུ་གསུམ་ལོན་ཏེ་རྒྱལ་སར་བཏོན་ཏེ་ཡབ་མེས་ཀྱི་ལེའུ་ཚེ་གཏམ་མཛད་པ་ན་ཆོས་ཀྱི་གཏམ་བྱས་ཏེ་ཆོས་སྦས་པ་བླངས་ཏེ་སྙན་དུ་གསོལ་བས་དད་པར་གྱུར་ཏེ་རྒྱ་མེ་མ་གོ་དང་། པཎྜི་ཏ་ཨཱནྟ་དང་གསུམ་གྱིས་སྒྱུར་ཅིག་གསུངས་ཏེ་བསྒྱུར་བར་བརྩམས་པ་བློན་མ་ཞང་གྲོམ་པ་སྐྱེས་ལ་སོགས་པས་བཀག་གོ །དེ་ནས་བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་སང་ཤི་མང་ཡུལ་དུ་བརྫངས་སོ། །
