བུ་སྟོན་ཆོས་འབྱུང་།
༢. བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བཀའ་ལས་འགྱུར་བའི་རྣམ་གྲངས།
(༢. བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བཀའ་ལས་འགྱུར་བའི་རྣམ་གྲངས།)
གཉིས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བམ་པོ་སུམ་བརྒྱ་སྟེ། ཉང་ཁམས་པ་གོ་ཆ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག །ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲག་གོ །ཉི་ཁྲི་ལྔ་སྟོང་པ་བམ་པོ་བརྒྱད་ཅུ་རྩ་གསུམ་དང་ཤུ་ལོག་བརྒྱ། ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཤེས་རབ་ཁྲི་པ་བམ་པོ་སུམ་ཅུ་རྩ་གསུམ། བརྒྱད་སྟོང་པ་བམ་པོ་ཉེར་བཞི་རྔོག་ཆེན་པོ་ལ་སོགས་པའི་འགྱུར། སྡུད་པ་བམ་པོ་གཅིག་དཔལ་བརྩེགས་ཀྱི་འགྱུར་སྟེ།དེ་དག་ལ་ཡུམ་དྲུག་ཟེར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱི་རྣམ་པར་གནོན་པས་ཞུས་པ་ཤུ་ལོག་ཉིས་སྟོང་ཆིག་བརྒྱ་དྲུག་ཅུ་སྟེ་བམ་པོ་བདུན་དང་ཤུ་ལོག་དྲུག་ཅུ་ཡེ་ཤེས་སྡེའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་ཤུ་ལོག་ལྔ་བརྒྱ། རྡོ་རྗེ་གཅོད་པ་བམ་པོ་གཅིག །དེ་གཉིས་སྐད་གསར་བཅད་ཀྱིས་བཅོས་པ། ཚུལ་བརྒྱ་ལྔ་བཅུ་པ་ཤུ་ལོག་བརྒྱ་ལྔ་བཅུ། ལྔ་བཅུ་པ་ཤུ་ལོག་ལྔ་བཅུ། ཀོའུ་ཤི་ཀ་ཤུ་ལོག་སུམ་ཅུ་རྩ་གཅིག །སྒོ་ཉི་ཤུ་རྩ་ལྔ་པ་ཤུ་ལོག་ཉི་ཤུ་རྩ་ལྔ་སྐད་གསར་བཅད་ཀྱིས་བཅོས་པ། ཤེས་རབ་སྙིང་པོ་ཤུ་ལོག་ཉི་ཤུ་རྩ་ལྔ་རིན་ཆེན་སྡེ་དང་། བནྡྷེ་ནམ་མཁའ་ལ་སོགས་པའི་འགྱུར། འདི་ལ་ཤུ་ལོག་ཉི་ཤུ་རྩ་བརྒྱད་ཟེར་ཡང་རྒྱ་དཔེར་ཉི་ཤུ་རྩ་ལྔར་བཤད་དོ། །ཡི་གེ་ཉུང་ངུ་ཤུ་ལོག་སུམ་ཅུ། ཡི་གེ་གཅིག་མ། འདིའི་སྟེང་དུ་དཀོན་བརྩེགས་ཀྱི་འདུས་པ་བཞི་བཅུ་རྩ་དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་བསྣན་པས་སྲས་བཅུ་གཅིག་སྟེ་སྲས་ཡུམ་བཅུ་བདུན་ཞེས་གྲགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོག་སུམ་ཅུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཉི་མའི་སྙིང་པོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཤེར་ཕྱིན་ཀུན་ཏུ་བཟང་པོ། ཤེར་ཕྱིན་ལག་ན་རྡོ་རྗེ། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་གྱི་མདོ་སྟེ་དྲུག་པོ་དེ་དག་ཀྱང་ཤེར་ཕྱིན་ཡིན་པས་སྲས་ཡུམ་བཅུ་བདུན་ཞེས་ཡུམ་དང་སྲས་སུ་ཕྱེ་བའི་དོན་དང་གྲངས་གཉིས་ཀ་ནོར་བའོ་ཞེས་ཁ་ཅིག་གོ །ཁ་ཅིག་སྡུད་མདོ་རྒྱས་པ་གསར་འགྱུར་ཞེས་པ་ཡོད་གསུངས་ཏེ་བརྟག་གོ །སྔར་གྱི་བསྒྱུར་འཕྲོ་ཤེར་ཕྱིན་སྟོང་ཕྲག་བཞི་པ་ད་ལྟ་མ་རྙེད་ཅེས་ཀྱང་བྱའོ། །
