རྒྱ་ནག་ཆོས་འབྱུང་།
དེ་དག་གིས་རིམ་པ་ལྟར་སྤེལ་བའི་དངོས་གཞི་ཆོས་ཀྱི་མིང་གི་རྣམ་གྲངས་བསྟན་པ།
(ས་བཅད་གསུམ་པ། དེ་དག་གིས་རིམ་པ་ལྟར་སྤེལ་བའི་དངོས་གཞི་ཆོས་ཀྱི་མིང་གི་རྣམ་གྲངས་བསྟན་པ།)
༈ གསུམ་པ་ནི། ཧཱན་མིང་དྷཱི་ནས་སུས་ཝེན་དྷཱིར་ཐུག་པའི་བར་བཀའ་བསྟན་ཇི་སྙེད་ཅིག་བསྒྱུར་པ་རྣམས།
བར་སྐབས་སུ་རྒྱ་ནག་ལྷོ་བྱང་སོགས་ཆ་སོར་ཕྱེ་བ་དང་། ས་སྐྱོང་རིགས་ཐ་དད་པ་ཡང་ཡང་བརྗེས་པའི་མི་ངས་ཀྱི་འཁྲུགས་ཞོར་ལ་ཆུད་ཟོས་པ་དང་།(མི་ངས་ཞེས་པ་རིམས་ཡམས་སུ་ངོས་འཛིན་པ་དང་། འཐབ་རྩོད་ཀྱི་ལྷོངས་ལ་ངོས་འཛིན་པའི་ལུགས་གཉིས་ཡོད་པ་ལས་ལོ་ཙཱ་མང་ཐོས་འགའ་ཞིག་གིས་ཕྱི་མ་བརྩན་པར་གསུང་ཞིང་། ལོ་རྒྱུས་ཆོས་འབྱུང་རྣམས་སུ་བྱུང་བའི་སྐབས་ཐོབ་གྱི་བརྗོད་བྱ་ཕལ་མོ་ཆེར་དཔྱད་ན་ཡང་དེ་ཁོ་ན་ལྟར་འདུག་པ་མང་།)བཀའ་མིན་བཀར་ཤོར་བ་ལ་སོགས་པའི་སྐྱོན་རྣམས། ཝེན་དྷཱི་རྒྱལ་པོས་སྐྱ་སེར་མཁས་པ་མང་པོ་ལ་བཅོལ་ནས། དག་ཐེར་ལེགས་པར་བྱས་ལ། དེ་ཡང་སྡེ་སྣོད་ཀྱི་གོ་རིམ་ད་ལྟ་བ་དང་མཐུན་ཤས་ཆེ་ལ། སོ་སོར་ས་བཅད་དྲུག་གིས་ཁོག་འབུབས་མཛད་པའི་དང་པོ་རྐྱང་འགྱུར་གྱི་རིགས་དང་། གཉིས་པ་ལྡབ་འགྱུར་གྱི་རིགས། དེ་གཉིས་ཚིག་དོན་གང་རུང་གི་སྒོ་ནས་ཕན་ཚུན་དགོས་ཤས་ཆེ་གཤིས་མི་བསྒུལ་བ། གསུམ་པ་ཟུར་བཀོལ་གྱི་རིགས་སྟེ་ཡོད་མེད་ལ་ལྷག་ཆད་ཀྱི་སྐྱོན་མི་འབྱུང་བས་བཤུ་མཁན་ཚོའི་མོས་པ་ལྟར་བྱས་ཆོག་པ། བཞི་པ་འགྱུར་འཕྲོ་ལུས་པ་དང་ཟིན་པ་འཐོར་བ་བརྙེད་ཚེ་སླར་བསབ་པ་དང་བརྫང་དགོས་པའི་རིགས། ལྔ་པ་བཀས་བཅད་པའི་རིགས་ཏེ་བཀའ་མིན་བཀའ་རུ་བརྫུ་བ་བསུན་ཕྱུང་ནས་སླར་བཅུག་པ་དང་སྤེལ་ཏུ་མི་སྟེར་བ། དཔེར་ན་ལིའང་ཨུ་དྡྷཱིའི་བློན་པོ་ཝང་མི་ཞེས་བྱ་བའི་བུ་མོ་ཡི་གེ་ཡན་ཆད་སློབ་མི་དགོས་པར་ཆོས་ལ་རྟོལ་ཤེས་ཀྱིས་མཁས་པ་ཞིག་བྱུང་སྟེ་དགུང་ལོ་བརྒྱད་ནས་བཅུ་དྲུག་

༄༅། །ལོན་པའི་བར་བཤད་པའི་མདོ་སྡེ་བམ་པོ་བཅོ་ལྔར་ལོངས་པ་དང་། རྒྱལ་བུ་ཥིའོ་འུ་ཙི་ལིའང་གི་བྱས་པའི་མདོའི་རིགས་བསྒྲེས་མང་པོ་ཡོད་པ་ལྟ་བུ་ལ། སྔ་མ་ནི་ངོ་མཚར་ཆེ་ཞིང་རྒྱལ་པོའི་བཀུར་གཟོ་ཆེ་བ་དང་། ཕྱི་མ་ནི་རྒྱལ་པོའི་གཅེས་སྲས་ཡིན་པའི་སྟབས་ཀྱིས་བཀར་ཚུད་པ་སྟེ་དེ་འདྲ་ཁ་ཤས་བདོག་པ་ཐམས་ཅད་ཕྱིར་བཏོན་ལ། རྒྱུ་མཚན་བཅས་མིང་བྱང་ཙམ་བཀོད་པ། དྲུག་པ་དཔྱད་ཡུལ་གྱི་རིགས་ཏེ་གཟོ་མ་མིན་པ་འདྲ་ཡང་རྒྱ་དཔེ་མེད་ཅིང་འགྱུར་བྱང་མི་གསལ་བ་དང་། བརྗོད་བྱེད་ལེགས་ཀྱང་གསུང་རབ་བྱིངས་དང་མི་མཐུན་པ་རྣམས་ཕྱི་རབས་ཀྱི་མཁས་པ་དག་གི་ལས་སྐལ་དུ་བཞག་པ་སྟེ། དེ་ལྟར་ས་བཅད་དྲུག་ལྡན་གྱི་ཀར་ཆག་དག་མོ་ཐོག་མར་མཛད། མི་རིང་བར་རྒྱལ་སྲིད་ཤིག་སྟེ་སྟག་སེང་ཁ་འཐབ་གྱི་མི་ངས་ཆེན་པོ་བྱུང་བའི་ཞོར་ལ་དམ་ཆོས་རིན་པོ་ཆེ་ལ་ཡང་ཉེ་ཞོ་བྱུང་བས། འབྱིན་འཇུག་དང་གོ་ལྡོག་འགའ་ཞིག་བྱུང་བ་རྣམས་ཕྱིས་ཐང་མིང་ཧུའང་གི་བཀས་བྱི་དོར་དང་གསར་འགྱུར་བསྣན་པའི་ཀར་ཆག་ཁའི་ཡུའན་ལཱུ་མཛད་དེ་བསྒྲིགས་ལུགས་སྔ་མ་འདྲ། དེ་ལ་ཧཱན་མིང་དྷཱིའི་ཡུང་ཕིང་ལོ་བཅུ་པ་ནས། ཐང་མིང་ཧུའང་གི་ཁའི་ཡུའན་ལོ་བཅོ་བརྒྱད་པའི་བར་ལོ་དྲུག་བརྒྱ་རེ་གསུམ་གྱི་རིང་ལ། སྒྲ་བསྒྱུར་མཁན་པོ་བརྒྱ་དང་བདུན་ཅུ་རྩ་དྲུག་བྱུང་བའི་འགྱུར་ཆོས་བཀའ་བསྟན་ཁྱོན་སྡོམ་གླེགས་བམ་ཆིག་སྟོང་ལྔ་བརྒྱ་རྩ་བདུན་

བཞུགས་པར་སྣང་། དུས་དེ་ནས་ཐང་ཏེ་ཙུང་རྒྱལ་པོའི་ཊེན་ཡུའན་ལོ་ལྔ་པའི་བར་ལོ་དྲུག་ཅུའི་རིང་ལ་མཁན་པོ་བརྒྱད་བྱུང་བའི་སྔ་ཕྱིར་འགྱུར་བ་གླེགས་བམ་གཉིས་བརྒྱ་བཞི་བཅུ་རྩ་གཉིས་བསྣན་སྟེ། བཀས་གཏད་ཀྱི་དཀར་ཆག་ཊེན་ཡུའན་ལའུ་མཛད། དེ་ནས་ལོ་བརྒྱ་དང་དགུ་བཅུ་རྩ་གསུམ་སོང་བའི་སུང་ཐའི་ཙུང་རྒྱལ་པོའི་ཐའི་ཕིང་ཥིང་ཀྭ་ལོ་བདུན་པ་ནས། སུང་ཊེན་ཙུང་གི་དཱ་ཊུང་ཥིའང་ཧྥུ་ལོ་བཞི་པའི་བར་ལོ་ཉི་ཤུ་རྩ་དྲུག་ལ་མཁན་པོ་དྲུག་གི་གསར་འགྱུར་གླེགས་བམ་གསུམ་བརྒྱ་གྱ་བཞི་བྱུང་བ་བསྣན་པའི་བཀས་གཏད་ཀྱིས་ཀར་ཆག་ཥིའང་ཧྥ་ལའུ་མཛད། དེ་དུས་གདན་འདྲོངས་པའི་རྒྱ་དཔེ་འགའ་ཞིག་འཕྲོ་བཞག་པ་རྣམས། ཊེན་ཙུང་གི་སྲས་གཞིན་ཙུང་རྒྱལ་པོས་མུ་མཐུད་དུ་བསྒྱུར་བརྩལ་བྱས་ནས་རྒྱལ་པོ་དེ་ཉིད་ཀྱི་ཀིང་ཡིའུ་ལོ་བཞི་པའི་བར་རྫོགས་པར་འགྱུར་བའི་གླེགས་བམ་བརྒྱ་དང་བཞི་བཅུ་རྩ་བརྒྱད་བསྣན་པ་བཀས་གཏད་ཀྱི་ཀར་ཆག་ཀིང་ཡིའུ་ལའུ་མཛད་དེ། དེ་དག་གི་བསྒྲིགས་ལུགས་ཇི་འདྲ་སླར་བལྟའོ། །དུས་ཚིགས་དེ་ནས་ཆེན་པོ་ཧོར་གྱི་ཞི་ཙུ་སེ་ཆེན་རྒྱལ་པོའི་ཊི་ཡུའན་ལོ་ཉེར་གཉིས་པའི་བར་ལོ་གཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་རིང་ལ་འགྱུར་མཁན་བཞི་ཡིས་འགྱུར་ཆོས་གླེགས་བམ་བརྒྱ་དང་བཅོ་ལྔ་བྱུང་བ་རྣམས་བསྣན་པ་དང་། རྒྱ་ནག་དང་བོད་ཀྱི་བཀའ་འགྱུར་གཉིས་སྡུར་ནས་མ་ཚང་བའི་ཧོར་ཁོང་བསབ་དགོས་པར། གོང་མའི་བཀའ་ཡིས་ཆེད་དུ་སྐོས་པ་བཞིན།

༄༅། །འཕགས་པ་རིན་པོ་ཆེའི་སྐུ་དབོན་དྷཱི་ཤིའ་དྷརྨ་པཱ་ལ་རཀྵི་ཏ། འཕགས་པའི་དངོས་སློབ་ཡེ་ལིའན་ཀྭ་ཤིའ(འཇམ་དབྱངས་རལ་གྲི་ཡིན་ནམ་དཔྱད།) རྒྱ་གར་གྱི་པཎྜི་ཏ་ལྔ་རིག་མཁྱེན་པའི་དབང་པོ་བི་མཱ་ལ་ཤྲཱི། བོད་བླ་མདོ་སྔགས་བསྟན་པའི་བརྒྱུད་འཛིན་རྒྱལ་མཚན་ཐོབ་པ།(མཁས་བཙུན་བཟང་འཛོམ་ཕུལ་ཕྱིན་གྱི་རྟགས་སུ་གོང་ནས་ངུར་སྨིག་གནང་བའི་དོན་བགྱུར།)སྡེ་སྣོད་གསུམ་ཀ་སྨྲ་བའི་སློབ་དཔོན་འཕྲིན་ལས་བཟང་པོ། ཟབ་རྒྱའི་ཆོས་ཀྱི་བརྒྱུད་འཛིན་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་སྡེ་སྣོད་གསུམ་ཀ་སྨྲ་བ་སློབ་དཔོན་འཇམ་དབྱངས་འོད་ཟེར། ཟབ་རྒྱ་གཉིས་ཀར་མཁས་པ་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་སྡེ་སྣོད་གསུམ་ཀ་སྨྲ་བ་སློབ་དཔོན་སུ་ཏྭན་བཞན།(བོད་སྐད་ཟུར་ཆག) རྒྱལ་བསྟན་ཡོངས་འཛིན་གྱི་འཇའ་ས་ཅན་ཆོས་རྗེ་ཡོན་ཏན་དཔལ། བེ་ཐིང་ཏུ་ཧུ་ཧྥུའི་ལས་ཀ་ཅན་ཟབ་རྒྱ་གཉིས་ཀར་མཁས་པ་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་སྡེ་སྣོད་གསུམ་ཀ་སྨྲ་བ་ཡུ་གུར་གྱི་པཎྜི་ཏ་ཛ་ཡ་དཱ་ས། གོ་ས་ཊེ་ཏེ་དཱའི་ཧྥུ་ཡིན་པ་ལ་ཊི་ཡུའན་ཞིའི་ལས་ཀ་ཅན་ཊུ་ལུ་ཤི་ཀ་གི་ཡོའུ་ཏུ་ཙུང་ཐུང་ཊེ་ཙུང་ཧུང་གི་ཡོའུ་དཱ་ཤིའ་སྟེ་ཕྱོགས་བྲལ་རྒྱལ་བསྟན་ཡོངས་འཛིན་བརྒྱུད་པའི་བཀའ་བབས་བསྟན་སྤེལ་ཆོས་རྗེའི་འཇའ་ས་ཐོབ་པའི་སློ་དཔོན་སྐད་གཉིས་སྨྲ་བ་ཧོ་ཐའི་ས་ལི། པེ་ཐིང་ཏུ་ཧུ་ཧྥུའི་ལས་ཀ་ཅན་ཟབ་རྒྱའི་དོན་རྟོགས་སྐད་གཉིས་སྨྲ་བ་ཀ་རུ་ཎ་དཱ་བ(སློབ་དཔོན་འདི་གཉིས་ཀྱི་རིགས་རུས་མི་གསལ་ཞིང་སྔ་མའི་མཚན་ཡང་ཀར་

ཆག་ཏུ་གདའ།)རྒྱ་བན་ཤུན་ཏེ་ཕོ་བྲང་གི་ཁའི་ཡུའན་ཟིའི་མཁན་པོ་ཧྥོ་གཞི་ཀུའང་ག་ཡོའུ་དཱ་ཤིའ་སྟེ་རྒྱལ་བསྟན་ཉི་འོད་གསལ་བྱེད་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མ་མོ་འཛིན་པ་དགེ་ལེགས་དཔལ། ཡིང་ལུའན་ལམ་གྱི་ཤུའི་ཡན་ཟིའི་མཁན་པོ་ཋུའན་ཧྥ་ཧྥུ་གི་ཡོའུ་དཱ་ཤིའ་སྟེ་བརྒྱུད་འཛིན་བསྟན་སྐྱོང་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མ་མོ་འཛིན་པ་སྦྱིན་པ་དཔལ། དཱའི་ཏུ་ཕོ་བྲང་ཆེན་པོའི་པེའུ་ཅི་ཟིའི་མཁན་པོ་ཋུའན་ཧྥ་ཋའུ་ཡིན་མིའོའུ་པིའན་དཱ་ཤིའ་སྟེ་བརྒྱུད་འཛིན་སྒྲགས་འཕེལ་སྤོབས་དབང་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མདོ་སྡེ་སྨྲ་བ་རྒྱ་མཚོ་དཔལ། ཊེན་ཏིང་ཕོ་བྲང་གི་ཥིང་ཧཱའ་ཟིའི་མཁན་པོ་ཋུའན་ཧྥ་ཐུང་ཥུའན་དཱ་ཤིའ་སྟེ་བརྒྱུད་འཛིན་དོན་རྟོགས་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མདོ་སྡེ་སྨྲ་བ་སློབ་དཔོན་བྱམས་པ་དཔལ། དཱའི་ཏུ་ཕོ་བྲང་ཆེན་པོའི་མིན་ཊུང་ཟིའི་མཁན་པོ་ཋུའན་ཧྥ་ཐུང་པིའན་དཱ་ཤིའ་སྟེ་བརྒྱུད་འཛིན་སྤོབས་བཟང་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མདོ་སྡེ་སྨྲ་བ་འཁྱིལ་བ་དཔལ། ཧོའུ་ཐིའན་ཟིའི་མཁན་པོའི་ཋུའན་ཧྥ་ཥུའན་ཨུ་དཱ་ཤིའ་སྟེ་བརྒྱུད་འཛིན་དོན་གཟིགས་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མདོ་སྡེ་སྨྲ་བ་སེམས་འབྱོངས་དཔལ། ཧུའང་མེའི་ཟིའི་བདག་པོ་ཐུང་ཧུའི་དཱ་ཤིའ་སྟེ་བློ་མཆོག་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་

༄༅། །མདོ་སྡེ་སྨྲ་བ་ཞི་བ་དཔལ། ཧུང་ཧྥུ་ཟིའི་མཁན་པོ་ཐུང་ཥིའན་མཱི་ཉི་གི་ཡོའུ་ཡན་མཱི་དཱ་ཤིའ་སྟེ་མདོ་སྔགས་མཁས་གྲུབ་གསང་བདག་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མ་མོ་འཛིན་པ་དྲི་མེད་དཔལ། ཋུང་ཀྭ་ཟིའི་མཁན་པོ་ལིན་ཐན་དཱ་ཏེ་ཡུའན་བཞུང་ཋུང་གི་ཡོའུ་དཱ་ཤིའ་སྟེ་གདམས་པའི་བཀའ་བབས་ཡོན་ཏན་གཏེར་མཛོད་ཁ་སྦྱོར་མཆོག་ལྡན་རྒྱལ་བསྟན་ཞབས་འདེགས་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མདོ་སྡེ་སྨྲ་བ་མཐའ་ཡས་དཔལ། ཞེང་ཞེའུ་ཝན་ཨན་ཟིའི་མཁན་པོ་ལིན་ཐན་དཱ་ཏེ་ཁའི་སན་ཥིའོ་ཋུང་གི་ཡོའུ་དཱ་ཤིའ་སྟེ་གདམས་པའི་བཀའ་བབས་ཡོན་ཏན་གཏེར་མཛོད་བསླབ་གསུམ་འདོམས་སྤེལ་རྒྱལ་བསྟན་ཞབས་འདེགས་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་འདུལ་བ་འཛིན་པ་ཆོས་ཉིད་དཔལ། ཅི་ཉིང་ལམ་གྱི་ཀིན་ཤན་ཟིའི་མཁན་པོ་མིའོའུ་བིའན་ཐུང་ཨི་དཱ་ཤིའ་སྟེ་སྤོབས་བཟང་དོན་རིག་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མ་མོ་འཛིན་པ་དགའ་བ་དཔལ། ཝན་ཨན་ཟིའི་མཁན་པོ་ཁའི་སན་ཥིའོ་ཀྱང་ཋུའན་དཱ་ཋེང་ཀྱས་ལིན་ཐན་དཱ་ཏེ་སྟེ་བསླབ་གསུམ་འདོམས་སྤེལ་བྱང་སྡོམ་མཁན་པོ་བརྒྱུད་པའི་བཀའ་བབས་ཡོན་ཏན་གཏེར་མཛོད་ཐེག་ཆེན་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མ་མོ་འཛིན་པ་བསླུ་མེད་དཔལ། ཀྱང་ཧུའའ་ཡུལ་གྲུའི་རྒྱལ་བསྟན་

འཛིན་པ་ཧྥུ་ཙུང་ཧུང་གི་ཡོའུ་དཱ་ཤིའ་སྟེ་བརྒྱུད་སྐྱོང་བསྟན་སྤེལ་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མདོ་སྡེ་སྨྲ་བ་ལེགས་སྤྱོད་དཔལ། ཝན་ཨན་ཟིའི་སྤྱི་གཉེར་པ་ཧྥོ་ཀི་ཡོ་ཕུ་ཨན་དཱ་ཤིའ་སྟེ་རྣམ་འདྲེན་ཀུན་སྐྱིད་ཆོས་རྗེའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་མདོ་སྡེ་སྨྲ་བ་འདོམས་པ་དཔལ། ཊུའ་ལཱུ། ཞི་གི་ཡོའུ་ཏུ་ཙུང་ཐུང་དཱའུ་ཐུང་ཊེན་ཊི་ཋན་ཤིའ་ཁེང་ཞེའུ་ཊང་ལོའུ་སྟེ་ཕྱོགས་བྲལ་རྒྱལ་བསྟན་ཡོངས་འཛིན་ལམ་རྟོགས་ཡང་དག་ཡེ་ཤེས་བདག་ཉིད་བསམ་གཏན་མཁན་ཆེན་འགྱུར་མེད་ཚེ་ལྡན་གནས་བརྟན་རྒན་པོའི་འཇའ་ས་དང་རྒྱལ་མཚན་ཐོབ་པའི་དགེ་སྦྱོང་འོད་ཟེར་དཔལ། རིག་གྲྭའི་བློན་ཆེན་ཧན་ལིན་ཥིའོ་ཞིའི་ཋེང་ཊིའི་ལས་ཀ་དང་ཊེང་ཧྥུང་དཱའི་ཧྥུའི་གོ་ས་ཅན་ལོ་ཙྭ་བ་སྐལ་བཟང་། ལས་ཀ་སྔ་མ་འདྲ་ལ་ཊུང་ཧྥུང་དཱའི་ཧྥུའི་གོ་ས་ཅན་ལོ་ཙྭ་བ་ཏན་ཡན་ཟུན། ཧན་ལིན་ཥིའོ་ཞིའི་ལས་ཀ་དང་ཀྱ་ཨི་དཱ་ཧྥུའི་གོ་ས་ཅན་ལོ་ཙྭ་བ་ཐོ་ཡིན་ཏུ་ཐུང་ཧྥུང་ཞུ་ནེ་དཱའི་ཧྥུའི་གོ་ས་དང་ཀུང་བཱུ། ལང་ཊུང་གི་ལས་ཀ་ཅན་ཡ་ཤི་ཧ་ཡང་ག་རྣམས་ཀྱིས་ལེགས་པར་སྡུར་ནས་ཁོང་ཚོའི་ཁ་སྐོང་གི་གསར་འགྱུར་དང་གོང་གསལ་གླེགས་བམ་བརྒྱ་དང་བཅོ་ལྔ་སྡོམ་པའི་གླེགས་བམ་བརྒྱ་དང་ལྔ་བཅུ་རྩ་དྲུག་བྱུང་བ་སོ་སོའི་སྐབས་ཐོབ་ཏུ་བཅུག་སྟེ་པོ་ཏི་བདུན་བརྒྱ་རྩ་བཞིར་བྱས་ནས་ཀར་ཆག་དཱའི་ཡུའན་ཧྥ་བོའུ་ཁཱན་ཐུང་ལའུ་མཛད་དེ། བསྒྲིགས་ལུགས་མདོ་སྡེ། འདུལ་བ། མངོན་པ་གསུམ།

༄༅། །གསུམ་ཀ་ལ་ནང་གསེས་ཐེག་པ་ཆེ་ཆུང་གིས་ཕྱེ་བ་ཟུང་རེ། དེའི་ཐོག་མ་ཐེག་པ་ཆེན་པོའི་མདོ་སྡེ་ལ་ཡང་རྒྱ་ཆེ་བ་མཚན་ཉིད་ཀྱི་མདོ་སྡེ་དང་། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་ལྟར་ཟབ་པ་སྔགས་ཀྱི་མདོ་སྡེ་གཉིས་སུ་སྤུ་རིས་ཕྱེ་ཞིང་། འཕགས་ཡུལ་ནས་བྱོན་པ་དག་གི་མགོར་རྒྱ་གར་སྐད་དང་། ཐུན་མོང་དུ་གཤམ་ལ་འགྱུར་བྱང་དང་མཛད་བྱང་། ཐེ་ཚོམ་ཟ་བའི་རིགས་རྣམས་དཔྱད་བྱར་དམིགས་སུ་བཀར་སྟེ་བཀོད་པ་ཤིན་ཏུ་གཙང་ཞིང་གསལ་བས། དེའི་རྗེས་སུ་འབྲངས་ཏེ་བཀོད་པ་ལ། (དེང་སང་གི་བཀའ་འགྱུར་ནི་དཱའི་མིང་གི་དུས་སུ་འབྱིན་འཇུག་དང་བཀྲུགས་སྡེབས་སོགས་ཀྱིས་འདི་པ་ལས་པོ་ཏི་ཉི་ཤུ་རྩ་བདུན་ཉུང་ལ། བསྒྲིགས་ལུགས་ཀྱང་མི་ལེགས།) དང་པོའི་སྔ་མ་ཐེག་ཆེན་མཚན་ཉིད་ཀྱི་མདོ་སྡེ་ལ་བའུ་ཆེན་སྡེ་ལྔར་གྲགས་པ་ཤེར་ཕྱིན་གྱི་བཱུ། དཀོན་བརྩེགས་ཀྱི་བཱུ། འདུས་པ་ཆེན་པོའི་བཱུ། སྡོང་པོས་བརྒྱན་པའམ་སྡོང་པོ་བཀོད་པའི་བཱུ་སྟེ་ཕལ་བོ་ཆེ། མྱང་འདས་ཀྱི་བཱུ་དང་ལྔ་། (བཱུའི་སྐད་དོད་སྐོར་རམ་སྡེར་འཇུག་སྟེ་བོད་ལ་འབུམ་སྡེ་ལྔ་ཡི་ཐ་སྙད་འདུག་པ་ནི་བསྟན་པ་སྔ་དར་གྱི་དུས་རྒྱ་ནག་གི་སློབ་དཔོན་དང་དཔེ་ཆ་ཁ་ཤས་དེར་བྱུང་བས་ཚུལ་དེའི་རྒྱུས་ཡོད་པ་ལ། ཕྱིས་ཟུར་ཆག་གིས་རང་སྐད་སོ་མ་གྲངས་ཀྱི་འབུམ་དུ་འཁྲུལ་ནས་སྒྲ་བཤད་མཛད་པར། ལང་གཤེགས་གཅིག་ཏུ་བགྲངས་ནས་སྲིན་པོ་འབུམ་འདུལ་བའི་ཕྱིར་འབུམ་མོ། །ཞེས་བཤད་པའི་བསྟན་བཅོས་འགའ་མཐོང་བ། བོད་གྱི་འབུམ་ཟེར་བ་འདི་རྒྱ་གར་གྱི་ལྔ་བརྒྱ་ཟེར་བ་དང་། རྒྱ་ནག་གི་ཁྲི་ཟེར་བ་ལྟར་མང་པོའི་དོན་དུའང་འགྲོ་བ་ཞིག་ཡིན་ན་མ་གཏོགས་འཐད་པར་མི་སེམས་སོ། །ལང་གཤེགས་སྡེ་གཅིག་ཏུ་གྲངས་པའི་རྒྱུ་མཚན་ཡང་མི་ཤེས་ལ། གོང་གསལ་སྡེ་ལྔའི་ཐ་སྙད་དེ་རྒྱ་གར་

ལུགས་སུ་སྣང་ཞིང་དགོས་པ་ཕྲན་བུ་ཞིག་འོག་ཏུ་ཤུགས་ཀྱིས་འབྱུང་ངོ་། །འོ་ན་གྲངས་ཀྱི་འབུམ་ལ་ཟེར་བའི་འབུམ་སྡེ་ལྔའི་གཏམ་ཞིག་རྒྱ་ནག་ལ་ཡང་ཡོད་པ་ཅི་ཡིན་སྙམ་ན། གཏམ་དེ་རྒྱ་ནག་རང་དུ་མ་ཟད་འཕགས་ཡུལ་ན་ཡང་གྲགས་ཆེ་ལ། དེ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་སྐོར་ན། ཛ་ལནྡྷ་རའི་རྒྱལ་པོ་ཀཪྣི་ཀས་སྦྱིན་བདག་བྱས་ནས། དགྲ་བཅོམ་པ་པུཪྞི་ཀའམ་དགེ་སློང་རྩིབས་ལོགས་སུ་ཡང་གྲགས་པའི་བསྟན་པའི་གཏད་རབས་གྲས་ཀྱི་གནས་བརྟན་ཆེན་པོ་དེས་གཙོ་བྱས་རྒྱུན་ཞུགས་ཐོབ་པ་ཡན་ཆད་དང་སོ་སྐྱེའི་མཁས་པ་ཆེན་པོ་ཁྱོན་སྡོམ་ལྔ་བརྒྱར་ལོངས་པ་ཙམ་གྱིས་བསྟན་པ་བསླུ་བའི་ཚེ། མདོ་སྡེ། མངོན་པ། འདུལ་བ། གསུམ་གྱི་སྟེང་དུ། འདྲེས་པ་སྣ་ཚོགས་པའི་སྡེ། ཡོ་ག་སྔགས་ཀྱི་སྡེ་བསྣན་པའི་སྡེ་མཚན་ལྔར་བསྒྲིགས་ནས་སོ་སོར་ལེའུ་འབུམ་རེ་ཚང་བར་མཛད་ཟེར་བ་ལ་བརྟེན་ནས་དེ་ལྟར་གྲགས་སྟེ་དོན་ལ་གསུངས་རབ་སྤྱིའི་མིང་གི་རྣམ་གྲངས་སུ་ངོས་འཛིན་དགོས་སོ། །བསྡུ་བ་གསུམ་པའི་བརྗོད་བྱེད་ཙི་ནའི་ལུགས་འདི་རྟག་བརྟན་ཆོས་འབྱུང་དང་མཐུན་ཤས་ཆེ་བར་སྣང་ངོ་། །བུ་སྟོན་ཆོས་འབྱུང་དུ། བཀོན་བརྩེགས་ལེའུ་འབུམ། འདུས་ཆེན་ལེའུ་འབུམ། ཕལ་ཆེན་ལེའུ་འབུམ་ཞེས་གོ་རིམ་རྒྱ་ནག་དང་འདྲ་བར་འདུག་ལ། དེ་ལྟར་ན་སྤྱི་མིང་གི་འབུམ་དང་སྒོས་མིང་བཱུ་གཉིས་ཀྱི་སྒྲ་ཧ་ལམ་མཚུངས་ཉེ་བས་མ་བརྟགས་པར་ནོར་བ་གོར་མ་ཆག་གོ། དེ་ཡང་ལམ་གྱི་སྲོག་སྙིང་ངེས་དོན་ལྟ་བ་ཟབ་མོ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་གཙོ་བོར་སྟོན་པ་སྟེ་སྟོང་ཉིད་བཅུ་དྲུག་གིས་ཆོས་དང་གང་ཟག་བདག་མེད་པར་གཏན་ལ་ཕབ་པ།) དང་པོ་ཤེར་ཕྱིན་གྱི་བཱུ་ནི། པོ་ཏི་དང་པོ་ནས་དྲུག་ཅུའི་བར་ལ་འཕགས་པ་ཤེས་རབ་གྱི་ཕ་རོལ་དུ་ཕྱིན་པ་ཆེན་པོའི་མདོ་བམ་པོ་དྲུག་བརྒྱ་པ། ཆེན་པོ་ཐང་གུར་གྱི་ལོ་ཆེན་སྡེ་སྣོད་གསུམ་པ་ཥུའན་ཊུའང་ཧྥཱ་ཤིའི་འགྱུར། (འདི་བྱ་རྒོད་རི། རྒྱལ་བྱེད་ཚལ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་གནས། འོད་མའི་ཚལ་སྟེ་གནས་བཞིར་གསུངས་པ་ལས། དང་པོ་

༄༅། །ལ་ལྷག་མཐོང་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཞི་གནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཉིས། སྔ་མ་ལ་ཆོས་སྣ་གཉིས་ལས་སྔོན་མ་ནི་བསྡུད་པ་པོའི་དབང་གིས་རྒྱས་བསྡུས་རིམ་པ་ལྔ་བྱུང་བའི་ཐོག་མ་རྒྱལ་ཡུམ་སྟོང་ཕྲག་བརྒྱ་པ་བམ་པོ་བཞི་བརྒྱ་པ། གཉིས་པ་དེ་ལས་བསྡུས་པ་ཉི་ཁྲི་བམ་པོ་དོན་བརྒྱད་མ། གསུམ་པ་དེ་ལས་ཀྱང་བསྡུས་པ་ཁྲི་བརྒྱུད་སྟོང་པ་བམ་པོ་ལྔ་བཅུ་རྩ་དགུ་པ། བཞི་པ་དེ་ལས་བསྡུས་པ་བརྒྱད་སྟོང་པ་ཆེན་པོ་བམ་པོ་བཅོ་བརྒྱད་པ་སྟེ་བོད་ཀྱི་ཁྲི་བའི་དོད། ལྔ་པ་དེ་ལས་ཀྱང་བསྡུས་པ་བརྒྱད་སྟོང་པ་བམ་པོ་བཅུ་པ། ཆོས་སྣ་རྗེས་མ་ཤེར་ཕྱིན་གཉིས་སྟོང་ཆིག་བརྒྱ་པའམ་ལྷ་བུ་རབ་རྩལ་རྣམ་གནོན་གྱིས་ཞུས་པ་བམ་བརྒྱད། ཕྱི་མ་བསམ་གཏན་གྱི་ཕར་ཕྱིན་ནི་འོག་ན་གསལ། གནས་གཉིས་པ་རྒྱལ་བྱེད་ཚལ་དུ་གསུངས་པ་ལ་ཆོས་སྣ་བདུན་ལ་གསུམ་ཚན་གཅིག་དང་བཞི་ཚན་གཅིག་ཏུ་བྱས་པའི་དང་པོ་ཤེར་ཕྱིན་བདུན་བརྒྱ་པ་བམ་དོ། གཉིས་པ་ནཱ་ག་ཤྲཱི་སྟེ་ཀླུའི་དཔལ་གྱི་ལེའུ་བམ་གང་འདི་བོད་མ་མེད། གསུམ་པ་ཤེར་ཕྱིན་གསུམ་བརྒྱ་པའམ་རྡོ་རྗེ་གཅོད་པ་བམ་གང་། དེ་ནས་གནས་གསུམ་པ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གསུངས་པ་ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་བམ་གང་། གོང་གི་བཞི་ཚན་གཅིག་པ་ཕར་ཕྱིན་སྔ་མ་ལྔའི་མདོ་བམ་པོ་བཅུ་བཞི་པ་འདི་ལ་བོད་སྔ་རབས་པས་ཤེར་ཕྱིན་སྟོང་བརྒྱད་བརྒྱ་པ་ཟེར་ཡང་ཕྱིས་ཕར་ཕྱིན་ལྔའི་མདོར་འབོད་ཅིང་མདོ་མང་ཁྲོད་དུ་རྫངས་འདུག་ལ། བསམ་གཏན་ཕར་ཕྱིན་གྱི་ལེའུ་ནི་བྱ་རྒོད་རིར་གསུངས་པ་ཡིན་ཀྱང་རྒྱ་བོད་གཉིས་ཀས་འདིར་བསྒྲིགས་འདུག་པའི་དགོངས་པ་མ་འཚལ། གཞན་བཞི་ནི་རྒྱལ་བྱེད་ཚལ་དུ་གསུངས་པའི་ཆོས་སྣ་བཞིའོ། །གནས་བཞི་པ་འོད་མའི་ཚལ་དུ་གསུངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཞེས་བྱ་བ་བམ་པོ་བརྒྱད་པ། འདི་ལ་བོད་ཀྱི་ཤེར་ཕྱིན་ཉིས་སྟོང་ཆིག་བརྒྱ་པ་དང་མཐུན་གསུང་ཡང་གོང་གི་རབ་རྩལ་རྣམ་གནོན་གྱིས་ཞུས་པར་ནོར་བ་སྟེ། ཆོས་སྣ་དྲུག་པ་བོད་ན་མད་གསུངས་འདུག་པ་དེ་ཡིན་འདྲ་ལ།

བོད་མར་མདོ་མང་ནང་ཨེ་ཡོད་སླར་བརྟག་གོ། ཡང་ན་བུ་སྟོན་ཆོས་འབྱུང་དུ་བསྒྱུར་ཟིན་ཀྱང་མ་བརྙེད་པར་གསུངས་པ་འགའི་གྲས་ཡིན་ཤས་ཀྱང་ཆེ། ད་ནི་ཤེར་སྐོར་གྱི་ལྡབ་འགྱུར་དང་། ཟུར་བཀོལ་དང་། དོན་བསྡུས་ལ་སོགས་པ་ལ།)ཤེར་ཕྱིན་འོད་ཟེར་འགྱེད་པ་བམ་པོ་ཉི་ཤུ་པ་རྒྱ་གར་གྱི་པཎྜི་ཏ་གོོ་རཀྵ་དང་ཤཱུ་རམ་ཀ་བ་འགྱུར། མ་ཧཱ་པྲཛྙཱ་པཱ་ར་མི་ཏ་ཞེས་བྱ་བ་བམ་པོ་གསུམ་ཅུ་པ་འཕགས་ཡུལ་གྱི་པཎྜི་ཏ་རིག་འཛིན་ཀུ་མཱ་ར་དང་ལོ་ཙྭ་བ་ཧྭ་ཤང་སེང་ཧོའུ་གིས་འགྱུར། ཤེར་ཕྱིན་ཀུའང་ཙན་པོ་བཞེ་བམ་པོ་བཅུ་པ་རྒྱ་གར་གྱི་པཎྜི་ཏ་དྷརྨ་རཀྵི་ཏས་འགྱུར། (གོང་གསལ་གསུམ་པོ་འགྱུར་ཁྱད་མ་གཏོགས་ཉི་ཤུ་ལྔ་པ་དང་གཅིག།) ཤེར་ཕྱིན་དོན་བསྡུས་བམ་ལྔ་པཎྜི་ཏ་སངས་རྒྱས་དྲན་གྱིས་འགྱུར། ཤེར་ཕྱིན་བྱང་ཆུབ་གྱི་ལམ་བམ་བཅུ་ཡུ་ཝེ་ཊེའི་པཎྜི་ཏ་ཙི་ལུ་ཀཱ་ཀྵས་འགྱུར། ཤེར་ཕྱིན་ལེ་ཕྲན་བམ་བཅུ་རིག་འཛིན་ཀུ་མཱ་རས་འགྱུར། ཤེར་ཕྱིན་བཀོད་པ་མཐའ་ཡས་པ་བམ་ལྔ་རྒྱ་གར་གྱི་པཎྜི་ཏ་དགེ་བསྙེན་ཊི་ཁིའན་གྱིས་འགྱུར།(གོང་གསལ་བཞི་ཀ་འགྱུར་མི་འདྲ་བ་མ་གཏོགས་དོན་བརྒྱད་སྟོང་པ་དང་གཅིག) ཤེར་ཕྱིན་རབ་རྩལ་རྣམ་གནོན་བམ་བདུན་ཨོོ་རྒྱན་གྱི་མཁན་པོ་རྒྱལ་རིགས་ཨུ་པ་སེ་ནས་འགྱུར། ཤེར་ཕྱིན་འཇམ་དཔལ་གྱིས་བསྟན་པ་དབམ་ཟུང་དྲང་སྲོང་མན་ཏ་རས་འགྱུར།(བདུན་བརྒྱ་པ་དང་གཅིག། དཀོན་བརྩེགས་ནང་ནའང་ཡོད།)ཡང་སངྒྷ་པཱ་ལས་འགྱུར་པ་བམ་གཅིག། ན་ག་ཤྲཱིའི་ལེའུ་བམ་གཅིག་དོ་པུང་གུར་གྱི་དགེ་སྦྱོང་སིཡང་ཀུང་གིས་འགྱུར། རྡོར་གཅོད་འགྱུར་མི་འདྲ་བ་

༄༅། །ལྔ། ཤེར་ཕྱིན་ཡང་དག་པའི་ཚདྨ་དྷརྨ་རུ་ཙིས་འགྱུར།(ཚུལ་བརྒྱ་ལྔ་བཅུ་པ་དང་གཅིག) ཤེར་ཕྱིན་རྒྱལ་པོ་སྙིང་རྗེ་ཅན་གྱི་ཡུལ་འཁོར་སྐྱོང་བ་བམ་དོ་ཀུ་མཱ་རས་འགྱུར་ཟེར་བ། (དཔྱད་བྱ།)འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རིགས་འཛིན་ཀུ་མཱ་རས་འགྱུར། ཡང་གླེང་གཞི་དང་འཇུག་སྡུད་མེད་པར་ཥུའན་ཊུའང་ཧྥཱ་ཤིའི་འགྱུར་གཅིག། ཤེར་ཕྱིན་ཡུལ་འཁོར་སྐྱོང་བ་ཨ་མོ་གྷས་འགྱུར་ཟེར་བ། ཡང་ཤེར་སྙིང་འགྱུར་མི་འདྲ་བ་གཉིས། ཕ་རོལ་དུ་ཕྱིན་པ་དྲུག་བསྟན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་བམ་པོ་བཅུ་པ་ཁ་ཆེའི་པཎྜི་ཏ་པྲཛྙཱ་དང་ལོ་ཙྭ་བ་ལི་ཡན་གྱིས་འགྱུར(འདི་བོད་ལ་མེད་གསུངས།)བརྒྱད་སྟོང་པ་རྒྱས་པ་བམ་པོ་ཉེར་ལྔ་པ་དྷརྨ་རཀྵི་ཏས་འགྱུར། འཕགས་པ་ཤེར་ཕྱིན་ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་སྡུད་པ་ཚིགས་སུ་བཅད་པ་བམ་གསུམ་ལོ་ཆེན་ཆོས་བཟང་གིས་འགྱུར། ཤེར་སྙིང་འགྱུར་མི་འདྲ་བ་གསུམ་སྔ་མ་གཉིས་སམ་སྐྲི་ཏའི་སྐད་དང་ཤན་སྦྱར་བ། ཤེར་ཕྱིན་ངེས་པ་དོན་གྱི་མདོ་བམ་གང་པཎྜི་ཏ་སྦྱིན་སྲུང་གིས་འགྱུར། (འདི་ཟུར་དུ་ཕྱུང་བ་ཞིག་སྟེ་རྩ་བ་གང་ཡིན་གྱི་གསལ་ཁ་མི་སྣང་གསུངས།) ཤེར་ཕྱིན་ལྔ་བཅུ་པ་དང་ཡུམ་ཆེན་མོའི་སྒྲུབ་ཐབས་བམ་རེ་པཎྜི་ཏ་དེ་ཝ་ཤནྟས་འགྱུར། ཤེར་ཕྱིན་ཀོོ་ཤི་ཀ་བམ་གང་པཎྜི་ཏ་སྦྱིན་སྲུང་གིས་འགྱུར། དེ་ཉིད་ཀྱིས་འགྱུར་པའི་ཤེར་ཕྱིན་ཀུན་ཏུ་སྣང་བ་བམ་གང་།

(འདི་གཉིས་ཀ་བོད་མ་མེད་གསུངས་འདུག་མོད། དེ་དུས་མེད་པ་ཕྱིས་བསབ་ཡོད་པ་མང་པོ་མཐོང་བས་ད་ལྟ་ཡོད་མེད་མ་ངེས།) འཕགས་པ་བརྒྱད་སྟོང་པའི་མཚན་བརྒྱ་རྩ་བརྒྱད་ཞེས་བྱ་བའི་གཟུངས་སློབ་དཔོན་བཤད་མ་ཐག་པས་འགྱུར། (འདི་སྔགས་སུ་གཏོགས་ཀྱང་མཚན་གྱི་དབང་གིས་འདིར་བཅུག་གསུངས།) ཤེར་ཕྱིན་ཡི་གེ་ཉུང་ངུ་དེ་ཝ་ཤནྟས་འགྱུར། ཤེར་ཕྱིན་བྱང་ཆུབ་སྙིང་པོའི་བཀོད་པའི་ལེའུ་སྦྱིན་སྲུང་གིས་འགྱུར། (འདི་བོད་མ་ཡོད་གསུངས་སྟེ་ཁོ་བོས་མ་ངེས།) ཡུམ་ཆེན་མོ་བསྒོམ་པའི་མན་ངག་སློབ་དཔོན་དེ་ཉིད་ཀྱིས་འགྱུར། ཤེར་ཕྱིན་དེ་བཞིན་ཉིད་རྒྱ་ཆེར་བསྟན་པའི་མདོ་བམ་བཞི་དྷརྨ་རཀྵི་ཏས་འགྱུར(བོད་ལ་མེད།) རྣམས་བཞུགས། ༈ (ལམ་གྱི་ལུས་རྫོགས་དྲང་དོན་སྤྱོད་པ་རྒྱ་ཆེ་བ་ཐབས་གཙོ་བོར་སྟོན་པ་སྟེ་ཚུལ་རྣམ་པ་བཅུ་དྲུག་གིས་བསྡུས་པར་གསུངས་པའི་མདོ་སྡེ་སྡོམ་གསུམ་བསྟན་པ་ལ་སོགས་པ་རྣམས་རྩ་བ་དང་འགྲེལ་པའི་ཚུལ་དུ་སྡེབས་པའི།) གཉིས་པ་དཀོན་བརྩེགས་ཀྱི་བཱུ་ནི། པོ་ཏི་བཅུ་གཉིས་རིལ་པོར་འཕགས་པ་སྡོམ་གསུམ་བསྟན་པའི་མདོ་སིངྒྷ་ལའི་པཎྜི་ཏ་དྷརྨ་རུ་ཙིས་བསྒྱུར་བ་ལས། དྲང་སྲོང་རྒྱས་པར་ཞུས་པ་སློབ་དཔོན་བཤད་མ་ཐག་པས(བོ་དྷི་རུ་ཙི་ཕྱི་མར་ཡང་གྲགས།)འགྱུར་གྱི་བར་ཆོས་སྣའམ་དུམ་བུ་བཞི་བཅུ་ཞེ་དགུ་བཞུགས་པ་རྣམས་བོད་མ་དང་ཞུས་དག་ཕེར་ལ་ཁད་དུ་འདུག་པས་འདིར་རྒྱས་པར་མ་བརྗོད་དོ། །(ནང་གསེས་ཆོས་སྣ་འགའ་ཞིག་འཕགས་ཡུལ་བ་ན་རེནྟྲ་ཡ་ཤ །ཀུ་མཱ་ར་ཤྲཱི། ཛྙཱ་ན་གུཔྟ། སངྒྷ་ཝརྨ། ཨུ་པ་སེ་ན། དྷརྨ་ཀེ་ཏུ། བོ་དྷི་རུ་ཙི་ཆེན་པོའམ་སྔ་མ། དྷརྨ་རཀྵི་ཏ། བུདྡྷཱ་སཏྭ། ཤིཀྵཱ་ནནྡ། དྲང་སྲོང་མནྡྲཱ་རཱེ་

༄༅། །པཎ་དཀར་ནནྡི་ཀ །རྒྱ་ནག་ཥུའན་ཊུངའ་ཧྥཱ་ཤིའ། ཧྭ་ཤང་ཨཱི་ཀྱིང་། དཱའི་ལུང་། ཁྱིམ་བདག་མཁས་པ་ཉི་ཡེ་དཱའི་ཊེན་ལ་སོགས་པས་འགྱུར་ལ། དུམ་བུ་དང་པོ་ལ་བམ་པོ་གསུམ། གཉིས་པར་བཞི། གསུམ་པར་བདུན། བཞི་པར་གཉིས། ལྔ་པ་དང་དྲུག་པར་ཡང་གཉིས་བདུན་པ་ལྔ། བརྒྱད་པར་གཉིས། དགུ་པ་བཅུ་པ་ལ་བམ་གང་རེ། བཅུ་གཅིག་པར་ལྔ། བཅུ་གཉིས་པར་གཉིས། བཅུ་གསུམ་པར་གཅིག །བཅུ་བཞི་པར་གཉིས། བཅོ་ལྔ་པར་གསུམ། བཅུ་དྲུག་པར་བཅུ་དྲུག། བཅུ་བདུན་པར་གསུམ། བཅོ་བརྒྱད་པར་གཉིས། བཅུ་དགུ་པར་གཅིག། ཉི་ཤུ་པར་གཉིས། ཉེར་གཅིག་པར་གཅིག །ཉེར་གཉིས་པ་དང་ཉེར་གསུམ་པར་གཉིས་རེ། ཉེར་བཞི་པར་གཅིག །ཉེར་ལྔ་པ་ཉེར་དྲུག་པ་ལ་གཉིས་རེ། ཉེར་བདུན་པ་དང་ཉེར་བརྒྱད་པ་ཉེར་དགུ་པ་རྣམས་ལ་བམ་གང་རེ། གསུམ་ཅུ་པ་དང་སོ་གཅིག་པ་གཉིས་སྡོམས་བམ་གང་། སོ་གཉིས་པ་དང་སོ་གསུམ་པ་གཉིས་བམ་པོ་རེ། སོ་བཞི་པ་དང་སོ་ལྔ་པ་གཉིས་སྡོམས་བམ་པོ་གཅིག །སོ་དྲུག་པར་བམ་པོ་བཞི། སོ་བདུན་པ་སོ་བརྒྱད་པ་གཉིས་སྡོམས་བམ་གང་། སོ་དགུ་པ་བམ་དོ། བཞི་ཅུ་པ་དང་ཞེ་གཅིག་པ་ཞེ་གཉིས་པ་གསུམ་སྡོམས་བམ་གང་། ཞེ་གསུམ་པ་བམ་པོ་གཅིག །ཞེ་བཞི་པར་གཉིས་ཞེ་ལྔ་པ་ཞེ་དྲུག་པ་དྲིལ་བའི་བམ་དོ། ཞེ་བདུན་པར་གཉིས། ཞེ་བརྒྱད་པ་དང་ཞེ་དགུ་པ་བམ་རེ་ལོངས་པ་རྣམས་བཞུགས་ལ། དུམ་བུ་བཅུ་གསུམ་པ་དང་བཅུ་བཞི་པ་སྟེ་གཅུང་དགའ་བོའི་མདོ་སྣ་གཉིས་ནི་ཐམས་ཅད་ཡོད་སྨྲའི་སྡེའི་འདུལ་བ་ཕྲན་ཚེགས་ཀྱི་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ་ཁོལ་དུ་ཕྱུང་བ་ཡིན་གསུང་ངོ་། ལྡབ་འགྱུར་སོགས་ལ།) སྡོམ་གསུམ་བསྟན་པའི་མདོ་བམ་པོ་གསུམ་པ་རྒྱ་གར་པཎ་ཆེན་དྷརྨ་དྷ་ནས་འགྱུར།(དུམ་བུ་དང་པོ་དང་དོན་གཅིག) འོད་དཔག་མེད་ཀྱི་ཞིང་བཀོད་བསྟན་པ།(པཎྜི་ཏ་གསུམ་གྱིས།) འགྱུར་མི་འདྲ་བ་གསུམ(དོན་དུམ་བུ་ལྔ་པ་དང་གཅིག)ལ་སྔ་མ་

ཚད་མེད་རྣམ་དག་མཉམ་ཉིད་ཀྱི་མདོ་བམ་པོ་གསུམ་པ། བར་མ་འོད་དཔག་མེད་ཀྱི་མདོ་བམ་པོ་གཉིས་པ། ཕྱི་མ་ཚེ་དཔག་མེད་ཀྱི་མདོ་བམ་པོ་གཉིས་པ་ཞེས་སྣང་ངོ་། །མི་འཁྲུགས་པའི་ཞིང་བཀོད་བམ་པོ་གསུམ་པ་པཎ་ཆེན་ཙི་ལུ་ཀཱ་ཀྵས་འགྱུར།(དུམ་བུ་དྲུག་པ་དང་གཅིག) ཆོས་བཅུ་པ་བམ་པོ་གཅིག་པཎྜི་ཏ་སངྒྷ་པཱ་ལས་འགྱུར།(དགུ་པ་དང་གཅིག) ཀུན་ནས་སྒོ་བའི་ལེའུ་བམ་གང་སློབ་དཔོན་དྷརྨ་རཀྵི་ཏས་འགྱུར།(བཅུ་པ་དང་གཅིག) དགའ་བོ་མངལ་གནས་བམ་གང་།(བཅུ་གསུམ་པ་དང་གཅིག) འཇམ་དཔལ་ཀྱི་ཞིང་བཀོད་བམ་དོ།(བཅོ་ལྔ་པ་དང་གཅིག་གཉིས་ཀ་འགྱུར་གོང་འདྲ།) ཆོས་ཀྱི་མེ་ལོང་བམ་པོ་གཉིས་པ་པཎྜི་ཏ་ཨན་ཥུའན་དང་ལོ་ཙྭ་བ་ཡན་ཧྥོ་དིའོའུ་གིས་འགྱུར། དྲག་ཤུལ་ཅན་གྱིས་ཞུས་པ་བམ་གང་འགྱུར་གོང་འདྲ། (འདི་དང་ཆོས་ཀྱི་མེ་ལོང་གཉིས་ཆོས་སྣ་བཅུ་དགུ་པ་དང་དོན་གཅིག)བཟང་པོ་ལུང་བསྟན་བམ་པོ་གཅིག་པ་འགྱུར་སྔ་མ་དང་འདྲ།(ཉེར་གཅིག་པ་དང་གཅིག) འདུལ་བ་གཏན་ཕབ་ཉེ་བར་འཁོར་གྱིས་ཞུས་པ་བམ་གང་འགྱུར་བྱང་མི་གསལ།(ཉེར་བཞི་པ་དང་གཅིག) ལྷག་བསམ་བསྐུལ་བ་བམ་དོ་ཛྷཱ་ན་གུ་སྟས་འགྱུར།(ཉེར་ལྔ་པ་དང་གཅིག) འཆར་བྱེད་ཀྱིས་ཞུས་པ་ཧྭ་ཤང་ཆོས་ཀྱི་སྒྲོན་མེས་འགྱུར(ཉེར་དགུ་པ་དང་གཅིག)བློ་བཟང་མོས་ཞུས་པ་དྷརྨ་རཀྵི་ཏས་འགྱུར་གཅིག་དང་རིགས་འཛིན་ཀུ་མཱ་རས་འགྱུར་གཅིག་སྟེ།(སུམ་ཅུ་པ་དང་གཅིག) གོང་གསལ་བཞི་པོ་སྡོམ་

༄༅། །པའི་བམ་པོ་གཅིག་ཚང་བ། མྱ་ངན་མེད་བྱིན་བམ་གང་དྷརྨ་རཀྵི་ཏས་འགྱུར། (སོ་གཉིས་པ་དང་གཅིག།)དེས་འགྱུར་པའི་མདོ་དྲི་མེད་བྱིན་བམ་གང་། (སོ་གསུམ་པ་དང་གཅིག) ཡང་དྲི་མེད་བྱིན་གྱི་མདོ་བམ་གང་གོོ་ཏ་པྲཛྙཱ་རུ་ཙིས་འགྱུར། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བམ་པོ་གཉིས་པ་དྷརྨ་རུ་ཙིས་འགྱུར། (སོ་ལྔ་པ་དང་གཅིག) སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་གསུམ་པ་དྷརྨ་རཀྵི་ཏས་འགྱུར། བློ་གྲོས་རབ་གནས་ཀྱིས་ཞུས་པ་བམ་པོ་གསུམ་པ་པྲཛྙཱ་རུ་ཙིས་འགྱུར། (གོང་གསལ་གཉིས་ཀ་སོ་དྲུག་པ་དང་གཅིག) རྒྱལ་བུ་སེང་གེས་ཞུས་པ་དྷརྨ་རཀྵི་ཏས་འགྱུར། ཡང་འགྱུར་བྱང་ཆད་པ་གཅིག། (སོ་བདུན་པ་དང་གཅིག།) ཡེ་ཤེས་དམ་པས་ཞུས་པ་བམ་དོ་དྷརྨ་རཀྵི་ཏས་འགྱུར། (སོ་བརྒྱད་པ་དང་གཅིག) བཟང་སྐྱོང་གིས་ཞུས་པ་བམ་དོ་མ་ག་དྷའི་པཎྜི་ཏ་དེ་བཱ་ཀ་རས་འགྱུར། (སོ་དགུ་པ་དང་གཅིག) བྱམས་ཞུས་ཆོས་བརྒྱད་པ་རྒྱ་གར་གྱི་སློབ་དཔོན་འཇིག་རྟེན་གཙོ་བོས་འགྱུར། (ཞེ་གཅིག་པ་དང་གཅིག) བྱམས་པས་ཞུས་པ་དྷརྨ་རཀྵི་ཏས་འགྱུར། (ཞེ་གཉིས་པ་དང་གཅིག) ཀུན་ཏུ་འོད་ཀྱི་ལེའུ་བམ་གང་ཙི་ལུ་ཀཱ་ཀྵས་འགྱུར། ཡང་འགྱུར་མི་གསལ་བ་བམ་པོ་གཅིག་པ། (གཉིས་ཀ་ཞེ་གསུམ་པ་དང་གཅིག) དཔལ་ཕྲེང་གིས་ཞུས་པ་བམ་གང་གུ་ཎ་བྷ་ཏྲས་འགྱུར། (ཞེ་བརྒྱད་པ་དང་གཅིག) རྒྱས་པས་ཞུས་པ་བམ་དོ་པྲཛྙཱ་རུ་ཙིས་འགྱུར། (ཐ་མ་ཞེ་དགུ་པ་དང་གཅིག) འཇམ་དཔལ་གྱི་ཞིང་གི་ཡོན་ཏན་བམ་

གསུམ་ཨ་མོ་གྷ་བཛྲས་འགྱུར། (བཅོ་ལྔ་པ་དང་གཅིག) འོད་སྲུང་གིས་ཞུས་པའི་མདོ་བམ་པོ་ལྔ་པོ་སློབ་དཔོན་སྦྱིན་སྲུང་གིས་འགྱུར། (འདི་དུམ་བུ་དང་པོ་དང་གཅིག་གམ་དུམ་བུ་ཞེ་གསུམ་པ་དང་གཅིག་སླར་བརྟག་དགོས) རྣམས་བཞུགས། ༈ (ཐབས་ཤེས་ཆ་མཉམ་དང་ཅི་རིགས་པར་གཙོ་བོར་སྟོན་ཅིང་ཁྱད་པར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་དང་སྨོན་ལམ་དང་ཐབས་ལ་མཁས་པ་ལ་སོགས་པ་བཤད་པ་ན་ཞིང་ཁམས་གཞན་དག་གི་བདག་ཉིད་ཆེན་པོ་རྣམས་ཀྱང་ཚོགས་སུ་འདུས་པས་འདུས་པ་ཆེན་པོའི་ཐ་སྙད་ཆགས་པའི།) གསུམ་པ་འདུས་པ་ཆེན་པོའི་བཱུ་ནི་འཕགས་པ་ཤིན་ཏུ་རྒྱས་པའི་མདོ་སྡེ་འདུས་པ་ཆེན་པོ་ཞེས་བྱ་བ་བམ་པོ་གསུམ་ཅུ་རྒྱ་གར་གྱི་མཁན་པོ་སྡེ་སྣོད་གསུམ་པ་དྷརྨ་དྷ་ནས་འགྱུར། (ལྡབ་འགྱུར་སོགས་ལ།) ཤིན་ཏུ་རྒྱས་པའི་མདོ་སྡེ་ཉི་མའི་སྙིང་པོ་བམ་པོ་བཅུ་པ་པཎྜི་ཏ་ན་རེནྡྲ་ཡ་ཤབ་འགྱུར། ཤིན་ཏུ་རྒྱས་པའི་མདོ་སྡེ་ཟླ་བའི་སྙིང་པོ་བམ་བཅུ་སློབ་དཔོན་བཤད་མ་ཐག་པས་འགྱུར། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་བམ་བཅུ་ཥུའན་ཊུའང་ཧྥཱ་ཤིའི་འགྱུར། ཡང་ས་སྙིང་འཁོར་ལོ་བཅུ་པ་བམ་བརྒྱད་མ་འགྱུར་བྱང་མི་གསལ་བ་གཅིག། ཤིན་ཏུ་རྒྱས་པའི་མདོ་སྡེ་རིའི་སྙིང་པོའི་ལེའུ་ཞེས་བྱ་བ་བམ་དོ་རྒྱ་གར་གྱི་མཁན་པོ་ན་རེནྡྲ་ཡ་ཤ་དང་ལོ་ཙྭ་བ་ཧྭ་ཤང་ཆོས་ཀྱི་ཤེས་རབ་གྱིས་འགྱུར། ནམ་མཁའི་སྙིང་པོའི་མདོ་འགྱུར་མི་འདྲ་བ་གསུམ། ནམ་མཁའི་སྙིང་པོ་བསྒོམ་པའི་མདོ་ཁ་ཆེའི་པཎྜི་ཏ་དྷརྨ་མི་ཏྲས་འགྱུར་

༄༅། །ཟེར་བ། (དཔྱད་བྱ) སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་བམ་པོ་དྲུག་པ་རྒྱ་གར་གྱི་པཎྜི་ཏ་ཀུང་ཏེ་ཊིས་འགྱུར། སངས་རྒྱས་རྗེས་དྲན་རྒྱས་པ་བམ་པོ་བཅུ་པ་པཎྜི་ཏ་དྷརྨ་ཀེ་ཏུས་འགྱུར། འདུས་པ་ཆེན་པོ་བཟང་སྲུང་གི་མདོ་བམ་པོ་གསུམ་པ་ཙི་ལུ་ཀཱ་ཀྵས་འགྱུར། བཟང་སྲུང་གི་མདོའི་སྟོད་ཆ་བམ་གང་ལོ་ཆེན་དའུ་ཨན་གྱིས་འགྱུར། འདུས་པ་ཆེན་པོ་བཟང་སྲུང་གི་མདོ་རྒྱས་པ་བམ་པོ་ལྔ་པ་པཎྜི་ཏ་གུ་ཎ་གུ་བྟབ་འགྱུར། (བགྲེང་སྟེ་བསམ་གཏན་བསྒོམ་པ་མི་ཉལ་བའི་རྣལ་འབྱོར་གྱི་ཁུང་ནི་མདོ་སྡེ་འདི་ཡིན་པར་སྣང་ལ། བོད་མ་ཡོད་པར་གྲགས་ཀྱང་དཔེ་མ་མཐོང་གསུངས་འདུག། བློ་གྲོས་མི་ཟད་པ་བམ་བདུན་དྷརྨ་རཀྵི་ཏས་འགྱུར། ཡང་བམ་དྲུག་པ་ལོ་ཆེན་ཤེས་རབ་རྒྱན་གྱིས་འགྱུར།) དཔེའི་མདོ་བམ་པོ་གཉིས་པ་ཛ་ཡ་གུཔྟས་འགྱུར། སྙིང་རྗེ་ཆེན་པོའི་མདོའི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་བམ་པོ་བརྒྱད་པ་དྷརྨ་རཀྵི་ཏས་འགྱུར། བུ་མོ་དབྱིག་ནོར་གྱིས་ཞུས་པ་སློབ་དཔོན་བཤད་མ་ཐག་པས་འགྱུར། དེ་ཉིད་ཀྱིས་འགྱུར་པའི་མི་སྨྲ་གཞོན་ནུའི་མདོ་བམ་པོ་གཉིས་པ་པཎྜི་ཏ་དེ་ཉིད་ཀྱིས་འགྱུར། (འདི་བོད་མ་མེད་གསུངས་།) བྱང་ཆུབ་སེམས་དཔའ་དབང་ཕྱུག་རྒྱལ་པོས་ཞུས་པ་འགྱུར་མི་འདྲ་བ་གཉིས། འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གཟུངས་བམ་བརྒྱད་མ་པཎྜི་ཏ་པྲ་བྷཱ་མི་ཏྲས་འགྱུར། ནམ་མཁའི་སྙིང་པོའི་མདོ་བམ་བརྒྱད་མ་ཨ་མོ་གྷས་འགྱུར། (ནམ་མཁའི་མཛོད་ཀྱིས་ཞུས་པ་ཡིན་ནམ་སྙམ།)

འདུས་པ་ཆེན་པོ་སྟོང་ཕྲག་བརྒྱ་པ་ལས་ཆོས་ཀྱི་སྐུའི་བསྟོད་པ་བམ་གང་ཨ་མོ་གྷས་འགྱུར། དམ་པའི་ཆོས་འདུས་པ་ཆེན་པོའི་མདོ་བམ་པོ་ལྔ་པ་སྦྱིན་སྲུང་གིས་འགྱུར་རྣམས་བཞུགས། (བོད་ཀྱི་བཀའ་འགྱུར་ན་འདུས་ཆེན་གྱི་སྐོར་སིལ་བུར་བྱས་ཏེ་མདོ་མང་ཁྲོད་ན་བརྫངས་འདུག་པས་ངོ་སྤྲོད་པ་ཤིན་ཏུ་དཀའ་མདོ་སྡེ་ཉི་སྙིང་མན་ཆད་ནི་འདུས་པ་ཆེན་པོའི་རྩ་མདོ་ནས་ཟུར་བཀོལ་གྱི་ལེ་སྣའི་ལྡབ་འགྱུར་དང་རིགས་སུ་གཏོགས་པ་ཁོ་ནའོ།། ༈ ལྟ་སྤྱོད་ཟུང་ཏུ་འཇུག་པ་དང་ཐབས་ཤེས་གཉིས་སུ་མེད་པར་སྟོན་ཅིང་། ཐེག་པ་གཅིག་ཏུ་ལྷུན་གྱིས་གྲུབ་པར་བཤད་པའི་ཆས་ཁྱོད་བྱང་ཆུབ་སེམས་དཔའ་ཁོ་ནའི་སྤྱོད་ཡུལ་ལོངས་སྐུའི་ཞིང་ཁམས་བསྟན་པའི།) བཞི་པ་ཕལ་པོ་ཆེའི་བཱུ་ནི། འཕགས་པ་སངས་རྒྱས་ཕལ་པོ་ཆེ་སྡོང་པོས་བརྒྱན་པ་ཞེས་བྱ་བ་ཤིན་ཏུ་རྒྱས་པའི་མདོ་སྡེ་བམ་པོ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་སྡེ་སྣོད་གསུམ་པ་བུདྡྷཱ་བྷ་ཏྲ་ལ་སོགས་པས་འགྱུར། (ལྡབ་འགྱུར་སོགས་ལ)ཕལ་པོ་ཆེ་གོང་མ་ལས་རྒྱས་པ་བམ་པོ་བརྒྱད་ཅུ་པ་རྒྱ་གར་གྱི་པཎྜི་ཏ་ཤི་ཀྵ་ནནྡས་འགྱུར། དད་པའི་སྟོབས་བསྐྱེད་པར་འཇུག་པའི་ཕྱག་རྒྱ་བམ་ལྔ་པ་པཎྜི་ཏ་དྷརྨ་རུ་ཙིས་འགྱུར། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བ་བམ་གང་འགྱུར་བྱང་མི་གསལ་བ། ཡང་ཛྷཱ་ན་གུཔྟས་འགྱུར་བ་བམ་དོ་མ། ཤི་ཀྵཱ་ནནྡས་འགྱུར་བ་བམ་གང་མ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བམ་གང་ཏི་ཡུ་པྲཛྙཱ་པ་འགྱུར། ཡང་ཤི་ཀྵཱི་ནནྡས་འགྱུར་བ་གཅིག་བམ་གང་མ། རྡོ་རྗེ་

༄༅། །རྒྱལ་མཚན་གྱི་ལེའུ་བམ་གང་བོ་དྷི་རུ་ཙིས་འགྱུར། ཡང་ཏི་ཡུ་པྲཛྙཱས་འགྱུར་བ་བམ་གང་། ཀུན་ཏུ་བཟང་པོས་བསྟན་པ་འགྱུར་མི་འདྲ་བ་གསུམ་སོ་སོར་བམ་པོར་ལོངས་པ། དེ་བཞིན་གཤེགས་པའི་མཚན་གྱི་རྣམ་གྲངས་ཀྱི་ལེའུ་དགའ་ལྡན་གྱི་མདོ་ཞེས་བྱ་བ་བམ་གང་ཙི་ལུ་ཀཱ་ཀྵས་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་འགྱུར་མི་འདྲ་བ་གཉིས། ས་བཅུ་པའི་ལེའུ་འགྱུར་མི་འདྲ་བ་གཉིས། ས་བཅུའི་མདོ་འགྱུར་ཁྱད་མ་གཉིས། བསམ་གཏན་གྱི་ལེའུ་བམ་དོ་དྷརྨ་རཀྵི་ཏས་འགྱུར། ཚེ་ཚད་ཀྱི་ལེའུ་བམ་གང་ཥུའན་ཊུའང་ཧྥཱ་ཤིའི་འགྱུར། དེ་བཞིན་གཤེགས་པའི་སྐྱེ་འབྱུང་བསྟན་པ་བམ་བཞི་དྷརྨ་རཀྵི་ཏས་འགྱུར། འཇིག་རྟེན་ལས་འདས་པའི་ལེའུ་བམ་དྲུག་སློབ་དཔོན་བཤད་མ་ཐག་པས་འགྱུར། ཆོས་ཀྱི་དབྱིངས་ལ་འཇུག་པ་བམ་གསུམ་ཧྭ་ཤང་ཞེང་ཀིའན་གྱིས་འགྱུར། ཡང་དེ་ཝ་ཀ་རས་འགྱུར་པ་བམ་གང་གཅིག། འཕགས་པ་སངས་རྒྱས་ཕལ་པོ་ཆེ་སྡོང་པོ་བཀོད་པ་ཞེས་བྱ་བའི་མདོ་བམ་པོ་བཞི་བཅུ་པ་ཁ་ཆེའི་མཁན་པོ་པྲཛྙཱ་དང་ལོ་ཙྭ་བ་ལི་ཡན་སོགས་ཀྱིས་འགྱུར། སྟོབས་བཅུ་པའི་མདོ་རྒྱ་གར་གྱི་པཎྜི་ཏ་ཤཱི་ལ་དྷརྨ་དང་ཨུ་ཏི་སི་ཡུས་འགྱུར། བསྔོ་བའི་ལེའུ་བམ་གང་སློབ་དཔོན་བཤད་མ་ཐག་པ་གཉིས་ཀྱིས་འགྱུར། ས་བཅུ་པའི་མདོ་བམ་པོ་དགུ་པ་སློབ་དཔོན་གོང་གསལ་གཉིས་ཀྱིས་འགྱུར། ཆོས་

ཀྱི་དབྱིངས་ལ་འཇུག་པ་ལས་ཡི་གེའི་སྒོ་ཞེ་གཉིས་པ་ཁོལ་དུ་ཕྱུང་བ་རྣལ་འབྱོར་གྱི་དབང་ཕྱུག་ཨ་མོ་གྷ་བཛྲས་འགྱུར་རྣམས་བཞུགས། (རྒྱ་ནག་གི་ལུགས་ལ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་སྤྱན་དྲངས་ཟེར་བའི་ཆོས་དེ། ཤེར་ཕྱིན་ལ་མི་ཟེར་བར་ཕལ་ཆེན་ལ་ངོས་འཛིན་ནོ།། ༈ བདག་ཅག་གི་སྟོན་པས་ཐུན་མོངས་སྣང་ངོར་མི་ཡུལ་དུ་སྒང་ལོ་ཞེ་དགུ་པའི་བར་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་ལས། གང་ཟག་གི་བློ་ཁྱད་ཀྱིས་འགའ་ཞིག་ལ་ཐེ་ཚོམ་མངོན་སུམ་པ་དང་། ལ་ལས་ཐེ་ཚོམ་གྱི་རྒྱུར་དོགས་པའི་སོམ་ཉིའི་དྲ་བ་བསལ་ཕྱིར་དྲིས་ལན་གྱི་ཚུལ་དང་། དུས་ལ་དགོངས་ཏེ་སྔར་མ་བསྟན་པ་འགའ་ཞིག་བཀའ་ཆེམས་ཀྱི་ཚུལ་དུ་རྣམ་པར་བཞག་པའི།) ལྔ་པ་མྱང་འདས་ཀྱི་བཱུ་ནི། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་བམ་པོ་བཞི་བཅུ་པ་རྒྱ་གར་གྱི་མཁན་པོ་དྷརྨ་དྷ་ནས་འགྱུར། (ལྟབ་འགྱུར་འཕྲོས་འགྱུར་སོགས་ལ།)སྤུར་སྦྱངས་སོགས་ཀྱི་སྐོར་བམ་པོ་གཉིས་ཛྙཱ་ན་བྷ་ཏྲས་འགྱུར། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་བམ་དྲུག་ལོ་ཆེན་ཆོས་བཟང་དང་རྒྱལ་བཟང་གིས་འགྱུར། ཁྱེའུ་བཞིའི་ཏིང་ངེ་འཛིན་འགྱུར་མི་འདྲ་བ་གཉིས། སྙིང་རྗེ་ཆེན་པོའི་པད་དཀར་བམ་ལྔ་ན་རེནྡྲ་ཡ་ཤས་འགྱུར་རྣམས་བཞུགས། (འདུ་ཤེས་བཅུ་གཅིག་པ་ནི་སྐབས་འདིར་མ་བྱུང་ལ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས་ཟེར་བ་ཞིག་དེང་སང་གི་བཀའ་འགྱུར་ན་ཡོད་ཀྱང་དེ་མིན་པར་སྣང་།)
