རྒྱ་ནག་ཆོས་འབྱུང་།

སྤྱིར་རྒྱ་ནག་པོའི་ཡུལ་གྱི་རྟེན་དང་བརྟེན་པའི་བཀོད་པ་དང་ལོ་རྒྱུས་རགས་རིམ་ཙམ་བརྗོད་པ།

上一章
下一章
2b

(ས་བཅད་དང་པོ། སྤྱིར་རྒྱ་ནག་པོའི་ཡུལ་གྱི་རྟེན་དང་བརྟེན་པའི་བཀོད་པ་དང་ལོ་རྒྱུས་རགས་རིམ་ཙམ་བརྗོད་པ།)

དང་པོ་ནི། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། སྟོང་པའི་དབུས་སུ་ཡང་དག་བྱུང་སྟེ་ཆུ་ལ་ལན་ཚྭ་དང་ནི་སྒོ་ངའི་དབུས་སུ་སྒོང་སྐྱེས་བཞིན། །ཞེས་གསུངས་པའི་མཚོན་བྱ་དབང་ཆེན་གྱི་དཀྱིལ་འཁོར་འདི་ལ་རྒྱ་མཚོས་ཆོད་པའི་རེ་མིག་ཆེ་ཆུང་དུ་མ་མཆིས་པའི་ནང་ཚན། འཛམ་བུ་གླིང་དུ་གྲགས་པའི་གཞི་རྟེན་ཆེན་པོ་འདིར་ཡུལ་ཁམས་ཆེ་ཆུང་བརྒྱ་ལྷག་ཙམ་ཡོད་དེ། དེ་དག་གི་ནང་ནས། ཇི་སྐད་དུ་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ལས། རྒྱ་དང་རྒྱ་ནི་ཆེ་ཉིད་ན། །འཇམ་པའི་དབྱངས་ནི་རབ་བསྒྲུབ་འགྱུར། །ཞེས་དངོས་སུ་བསྟན་པའི་གནས་ཆེན། དེ་ཡང་བོད་དང་བོད་ཆེན་ཟེར་བ་ལྟར་ཀུའང་ཊེའུ(སྐད་ཟུར་མི་ཆག་པའི་ཐབས་འདི་རྒྱལ་དབང་ལྔ་པ་ཆེན་པོས་རྒྱ་ཧོར་བསང་ཡིག་ཏུ་གནང་བ་ལྟར་ཡིན།)ལ་སོགས་པ་རྒྱ་གར་ནག་གི་མཚམས་ཀྱི་ས་ཆ་འགའ་ཞིག་ལ་རྒྱ་ནག་དང་། དེ་ཚུན་ཆད་ལ་རྒྱ་ནག་ཆེན་པོར་འབོད་པས་མཐའ་དབུས་ཀྱི་ཁྱད་པར་ཙམ་ལ། འཕགས་ཡུལ་བ་རྣམས་མ་ཧཱ་ཙི་ནར་འབོད་པའི་མཧཱ་ནི་ཆེན་པོ་དང་། ཙི་ན་ནི་ཚིན་ཞེས་པའི་རྒྱ་སྐད་སྒྲ་ཟུར་ཅུང་ཟད་ཆག་པ་སྟེ། སི་ཡང་ལ་སོགས་པའི་ནུབ་ཕྱོགས་པ་རྣམས་ཙིནྣྭ་ཟེར་རོ། དེའི་རྒྱུ་མཚན་ཡང་། སྔོན་ཡིང་གི་རིགས་ལས་ཚིན་རྒྱལ་སྲིད་ཀྱི་ཤི་ཧུའང་རྒྱལ་པོའི་མཐུ་སྟོབས་ཤིན་ཏུ་ཆེ་ཞིང་། འདོད་ཐག་ལྷག་པར་རིང་བས་ནང་དུ་ཕོ་རྩལ་གྱིས་མི་མགོ་

3a

༄༅།       །མནོན་པའི་རྒྱལ་སྲོལ་བཙུགས། ཕྱི་རུ་སི་ཤུ་དང་ཥུང་ནུ་སོགས་ཕྱོགས་གཞན་པ་རྣམས་དང་གསར་དུ་འབྲེལ་ཐོགས་པའི་རྒྱུས་མཆེད་པར་བརྟེན། ཐོག་མ་ཉིད་དུ་གྲགས་ཆེས་པས་ཚིན་མིང་ཐེར་ཟུགས་སུ་ཆགས་ཤིང་རྒྱུན་འབྱམས་པར་མངོན་ནོ། །སྒྲ་ཟུར་ཆག་ཐལ་ཆེས་པའམ་གང་ལྟར་བོད་རྣམས་རྒྱ་ནག་ཏུ་འབོད་པ། ཤར་ཕྱོགས་སུ་ཆང་ཧའི་ཞེས་བྱ་བའི་རྒྱ་མཚོ་ལ་ཐུག་ཅིང་། ལྷོར་ཨན་ནན་དང་ཊན་ཋེང་ལ་སོགས་པ་མཐའ་མི་དང་འདྲེས་པ། ཕྱོགས་གཞན་གཉིས་ཋང་ཆེང་སྟེ་ལྕགས་རི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བ། རྒྱར་ཕྱོགས་རེ་ལ་ལེ་དབར་ཁྲི་སྐོར་རེ་ཡོད་པ། སྤྱིར་ནི་གླིང་གི་ཤར་ལྷོའི་ངོས་སུ་གཞོལ་ཤས་ཆེ་ཡང་། ས་ལྟེ་དབྱར་མཐའི་ཉི་ལམ་གྱི་ཐད་ན་ཡོད་པས་ཡུལ་དབུས་སུ་གྲུབ་པའི་ཡུའི་ཊེའུ་སྟེ་ཡུལ་གྲུ་ཆེན་པོ་འདི་ལ་ཤི་སན་ཞེང་ཞེས་ཞིང་བཅུ་གསུམ་དུ་གྲགས་ཆེ་ཞིང་སྣོད་བཅུད་གཉིས་ཀ་འཕེལ་འགྲིབ་དང་རྒྱས་བསྡུས་ཀྱི་དབང་གིས་མཐའ་གཅིག་ཏུ་མ་ངེས་ཀྱང་། དེང་སང་ཊི་ལི། ཤེན་ཡང་། ཀིའང་ནན། ཤན་ཏུང་། སན་སི། ཧེ་ནན། ཤན་སི། ནུ་ཀུའང་། ཊེ་ཀིའང་། ཀའང་སི། ཧྥུ་ཀིའན། (ཧ་ལ་ཕ་བཏགས་པ་འདི་བོད་ལུགས་མིན་ཀྱང་། དེ་གཉིས་སྒྲགས་ན་སྒྲ་དེ་ཇི་བཞིན་པར་ཐོན་པས་དགོས་དབང་གིས་བྱས།) ཀུའང་ཏུང་། ཀུའང་སི། ཟི་ཋུ་འན། ཡུན་ནན། གུའི་ཊེའུ་སྟེ་ཞིང(བཱུ་ཊེང་ཡང་ཟེར།)ཆེན་བཅུ་དྲུག སུང་ཀའུ། ཐའི་ཤན། ནན་ཧེང་། ཧུ་ཝའ་ཤན། བེའི་ཧེང་སྟེ། ཨུ་ཡཱོ་ཟེར་བ་རི་བོའམ་ལྷུན་

3b

པོ་ཆེན་པོ་ལྔ། ཨུ་ཐའེ།(རི་བོ་རྩེ་ལྔ།) ཕུ་ཐོ། ཨོ་མེའི། ཀིའུ་ཧུ་ཝའ(ཞེས་པའམ་སི་དྷཱ་མིང་ཤན་སྟེ་རི་ཆེན་གྲགས་པ་ཅན་བཞི།) དཱི་ཀིའང་། ཧུའང་ཧེ།(རྨ་ཆུ།) ཧུ་ཝའི་ཤུའི། ཀྱི་ཤུའི་སྟེ། ཟི་དྷུ་ཟེར་བའི་ཆུ་ཀླུང་རབས་མེད་བཞི། ཐའི་ཧུ། ཕོ་ཡང་ཧུ། ཁྱིང་ཚཽ་ཧུ། ཏན་ཡང་ཧུ། ཏུང་ཐིང་ཧུ་སྟེ། ཨུ་ཧུ་ཟེར་བའི་མཚོ་ཆེན་པོ་ལྔ་། གཞན་ཡང་ཐའི་ཧང་ཤན་དང་ལུང་ཧུ་ཤན་ལ་སོགས་པའི་རི་ཆེན། ཝཻའི་ཤུའི། ཧན་ཤུའི་ལ་སོགས་པའི་ཆུ་ཆེན། ཨུ་ཏང་ཤན་དང་། ལིའུའི་ཤན་ལ་སོགས་པ། ཕྱིན་པ་ཙམ་གྱིས་སྣང་བ་བསྒྱུར་ནུས་པའི་གནས་མཆོག་ངོ་མཚར་བྱིན་ཅན་སྣ་ཚོགས་པས་རྣམ་པར་བརྒྱུན་པ། བཻ་ཀིང་། ཋང་ཨན། ལོ་ཡང་། ནན་ཀིང་བཞི་སྟེ་མིའི་དབང་པོའི་གཏན་བཞུགས་ཀྱི་མདུན་ས་ཕོ་བྲང་ཆེན་པོ་བཞི། ཞང་ཀིང་། ཋེང་ཏུ། བིའན་ལིའང་། དའི་ཐུང་། ཧང་ཊེའུ་སྟེ་ཟུར་པ་འབྲིང་པོ་ལྔ་དང་ཕིང་ཡང་། ཊང་ཏེ་ལ་སོགས་པ་ཆུང་བ་བདུན། ཞུན་ཐའིན་ཧྥུ་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་དང་། ཐུང་ཊིའུ་སོགས་འབྲིང་པོ། དྷའི་ཥིང་ཥྱན་གྱིས་གཙོས་པའི་ཆུང་བ་ཁྱོན་བསྡོམས་སྟོང་ཕྲག་གཉིས་དང་ལྗོངས་ཆེ་ཆུང་འབུམ་ལྷག །ཁྲལ་བབས་སུ་ཐེ་བའི་མི་ཁྱིམ་བྱེ་བ་ཕྲག་བརྒྱར་ཉེ་བ་ཙམ་དང་། གྲངས་ངེས་སུ་མི་གཏོགས་པ་དག་བཅས་བརྗོད་ཀྱིས་མི་ལང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཙིན་ཡུལ་གཡོན་ནས་གཡུ་འབྲུག་རྒྱ་མཚོས་འཁྱུད། །གཡས་ནས་གསེར་སྟག་ལྕགས་རིས་ཡོངས་སུ་བསྐོར། །ནོར་འཛིན་རིན་ཆེན་

4a

༄༅།      །གཞོང་པ་བཅུ་གསུམ་ཞིང་རྒྱ་རུ་ཕྱོགས་རེར་ལེ་དབར་ཁྲི་སྐོར་རེ། །བྱིན་རླབས་འོད་འབར་རི་བཞི་ལྷུན་པོ་ལྔ། །མཚོ་ལྔ་ཀླུང་བཞི་གདེངས་ཅན་ཕོ་བྲང་གིས། །ཕྱོགས་མཚམས་ལེགས་རྒྱན་འཇམ་དབྱངས་མི་གཟུགས་ཀྱི། །གཞལ་ཡས་ཀིང་བཞིའི་འཁོར་དུ་གྲོང་ཁྱེར་ཚོགས། །སྟོང་ཕྲག་གཉིས་དང་ལྗོངས་གྲངས་འབུམ་ལྷག་ཁྱིམ། །གྲངས་སུ་རྩིས་ངེས་བྱེ་བ་བརྒྱར་ཉེ་ཡོད། ཅེས་སོ། །   ༈   དེ་ལྟ་བུའི་གནས་གཞི་ལ་བརྟེན་པ་མགོ་ནག་མིའི་ལུས་ཅན་ནི་ས་ཆེན་པོའི་རྡུལ་སྙེད་དུ་ཁས་ལེན་ཀྱང་བརྫུན་ཐལ་ཆེ་རུ་མི་འགྲོ་བ་ཡོངས་ཀྱི་བདག་པོ་ཆེན་པོ་ལ། ཧུའང་། དྷཱི། དབང་ཞེས་དུས་ཀྱི་སྐབས་ཐོབ་འབོད་ལུགས་མི་འདྲ་བ་གསུམ་བྱུང་ཞིང་སྒྲ་བཤད་ཀྱི་དབང་དུ་ན། ཧུའང་ནི་ལེགས་པ་དང་ཆེན་པོ་དང་བདག་པོ་དང་འདྲེན་པ་རྣམས་ལ་འཇུག །དྷཱི་ནི་བསྡུ་བ་དང་འདུད་པའི་དོན་ཡིན་སྟེ་ཡུལ་ལ་ལྟོས་པ་འདྲ་ཞིང་བདག་པོ་དང་ལྷ་ལ་འཇུག །དབང་ནི་དབང་ཕྱུག །སྐྱེ་རྒུའི་ཡིད་དབང་ལྕགས་ཕྱེས་ཁབ་ལེན་ལ་ཕྱོགས་པ་བཞིན་རང་དབང་མེད་པར་འཕྲོག་པའི་དབང་ཆེན་པོ་མངའ་བའི་ཕྱིར་དང་། བདག་པོ་དང་གཙོ་བོ་ལ་འཇུག་ཅིང་ཐུན་མོང་དུ་ཆོས་བཞིན་སྐྱོང་བའི་རྒྱལ་པོར་མི་འགལ་མོད། ཀུའན་ཙིའི་ཡིག་ཆ་སོགས་ལས་གང་ཟག་ལ་ལྟོས་པའི་མཐོ་དམན་གྱི་རྣམ་དབྱེའི་བརྗོད་བྱེད་བྱུང་བར་བརྟེན། ཕྱིས་ཚིན་ཤི་ཧུའང་དྷཱིས། སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་སྲོལ་ཐོག་མར་ཕྱེ་བ་ན་མངོན་

4b

པའི་ང་རྒྱལ་གྱིས། རང་གི་ཡོན་ཏན་ཧུའང་གསུམ་ཀ་དང་མཉམ་ཞིང་། མཛད་འཕྲིན་དྷཱི་ལྔ་ལས་ལྷག་གོ །(ཧུའང་གསུམ་དྷཱི་ལྔ་འོག་ན་གསལ།)ཞེས་མཚན་གཉིས་གཤིབས་སྟེ་བཞེས་པ་ནས་བཟུང་། ད་ལྟའི་བར་དུ་རྒྱ་རྒྱལ་ཐམས་ཅད་ལ་ཧུའང་དྷཱིའི་མཚན་ཆིག་དྲིལ་དུ་ཆགས་ཤིང་། དབང་གི་མཚན་ཁམས་ཀྱི་རྒྱལ་པོ་ཆེ་ཤོས་ཚོ་ལ་གནང་ལུགས་ཚུགས་སོ། །རྒྱལ་ས་འཐོབ་ཚུལ་དང་འཛིན་ཚུལ་གྱིས་དབྱེ་ན་ཆོས་རྣམ་པ་གཉིས་སུ་འདུས། ཡོན་ཏན་དང་ལྷག་བསམ་རྨད་དུ་བྱུང་བས་ཀུན་གྱི་རེ་ལྟོས་འཆའ་ཡུལ་དུ་གྱུར་ནས་མང་པོས་བཀུར་བ་ལ་དབང་དྷའུ་ཟེར་ཞིང་། སྙིང་རྗེས་ཀུན་ནས་སླངས་ཏེ་སེམས་ཅན་གྱི་དོན་དུ་རྒྱལ་པོ་མ་རུངས་པ་དག་ཚར་བཅད་ནས་དེའི་གོ་ས་བླངས་ཏེ་སྐྱེ་དགུ་བདེ་འཇགས་ལ་བཀོད་པའང་དེར་འདུའོ། །འོན་ཀྱང་སྔ་མ་ནི་ཕུན་གསུམ་ཚོགས་པའོ། འདོད་པས་ཀུན་ནས་སླངས་ཏེ། དཔུང་སྟོབས་ཐབས་རྩལ་ཙམ་ལ་བརྟེན་ནས་གཞན་དག་བཅོམ་ཞིང་ཅི་བྱར་མེད་པར་མངའ་འོག་ཏུ་བཅུག་པ་ལ་པཱ་དྷའུ་ཟེར་ལ། དབང་ནི་གོང་གསལ་ལྟར་དང་ཡིག་འགྲེལ་ལས། དབང་ཡིག་ལ་རི་མོ་ཞེང་གསུམ་མཆུ་གཅིག་ཡོད་པའི་ཞེང་གསུམ་གནམ་ས་མི་གསུམ་གྱི་དོན་དང་། མཆུ་གཅིག་ནི་དེ་དག་གི་མཚན་ཉིད་འཁྲུལ་མེད་དུ་མཁྱེན་པས། མི་གཡོ་མི་འཁྲུག་པར་ཇུས་ལེགས་སུ་ཁ་ལོ་བསྒྱུར་ནུས་པ་དང་། དེའི་དབང་ཕྱུག་ལ་མངའ་བརྙེས་པའི་དོན་ནོ་ཞེས་བཤད་ཅིང་། མི་ནི་སེམས་ཅན་གྱི་

5a

༄༅།       །མཆོག་ཡིན་པས་མགོ་མོས་པའི་ཚུལ་ལོ། །བཱ་ཟེར་བ་ནི་ཆེ་བཙན་དང་དྲག་ཤོས་ལ་འཇུག་ལ། ཁམས་ཀྱི་རྒྱལ་པོ་ཆེ་བའི་མཚན་ཡང་ངོ་། །དྷའུ་ནི་ཆོས་དང་ཚུལ་དང་ལམ་དང་ལུགས་སོགས་ལ་འཇུག་གོ །དེ་ཡང་དུས་དང་གདུལ་བྱའི་དབང་གིས་ནི་མ་ངེས་ཏེ། འདུལ་བྱེད་གཉེན་པོ་ཁོ་ནའི་ཡོན་ཏན་དང་བསམ་པའི་ཁྱད་པར་ལ་བལྟའོ། །འཇམ་དཔལ་རྩ་རྒྱུད་ལས། རྒྱ་ཡུལ་ཀུན་ལ་རྟེན་པ་ཡི། །རྒྱལ་པོ་དབྱིག་གི་སྙིང་ཞེས་བྱ། །སྡེ་ཆེན་སྟོབས་ཀྱང་ཆེ་བ་དང་། །སློབ་དཔོན་རྒྱ་ཆེ་ཉིད་དང་ནི། །སྐྱེ་བོ་རྩ་ལག་རབ་ཏུ་མང་། །ཀླ་ཀློས་བཏུད་དང་རྣམ་པར་རྒྱལ། །སྟོན་པའི་བསྟན་པ་དེ་གཙོ་བྱེད། །གཞོན་ནུ་བདག་ཉིད་ཆེན་པོ་ཉིད། །དེ་ཡི་སྔགས་ནི་རབ་བསྒྲུབ་པ། །མཐུ་ནི་ཆེན་པོ་དང་ལྡན་པའི། །རིག་པའི་རྒྱལ་པོ་ཡི་གེ་བརྒྱད། །དཔའ་བོ་ཆེ་ཞེས་རྣམ་པར་གྲགས། །ཕུན་སུམ་ཚོགས་པའི་གནས་ཆེན་ཡིན། །དེ་ཡི་བྱིས་པའི་བློ་ཡིས་ནི། །རྒྱལ་སྲིད་ཕྱིར་ནི་རབ་སྨོན་བྱས། །གང་གིས་དྲན་པ་ཙམ་གྱི་ནི། །སངས་རྒྱས་ཉིད་དུ་ངེས་འགྱུར་བ། །མི་བདག་རྒྱལ་ཐབ་ཉིད་ཀྱི་ཕྱིར། །དེ་ནི་བསྐལ་པ་མི་ཉུང་འགྱུར། །མཆོག་གི་སྦྱིན་པ་བླ་ན་མེད། །བསམ་པ་ཙམ་གྱིས་ཐོབ་པ་ཉིད། །ཚངས་སོགས་ལྷ་རྣམས་ཐམས་ཅད་ལ། །མ་ལུས་ལུང་ནི་སྩོལ་བྱེད་ན། །ལྷ་ངན་ཕལ་པ་དག་དང་ནི། །མི་ཡི་འཇིག་རྟེན་

5b

སྨོས་ཅི་དགོས། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །གྲགས་ཆེན་ལྷ་ཡི་གནས་སུ་འགྲོ། །ཆོས་ཀྱི་བདག་ཉིད་དེ་མཐར་གྱི། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །གཞོན་ནུས་ཡོངས་སུ་བཤད་པ་ཡི། །རིག་པ་འདི་ནི་དེ་ཡུལ་དུ། །དེ་ནི་མྱུར་དུ་འགྲུབ་འགྱུར་གྱི། །རིག་པ་གཞན་ནི་ནམ་ཡང་མིན། །བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། གྲུབ་པའི་ཞིང་མཆོག་དམ་པ་ལ། །མི་ནི་ཡོངས་སུ་སྒྲུབ་པར་འགྱུར། །ཞེས་རྒྱ་རྒྱལ་ཞིག་བློན་པོ་འབངས་དང་བཅས་པ་དང་རྒྱལ་སྲིད་ཐོབ་པའི་རྒྱུ་དང་། དབང་ཕྱུག་དང་། ཚེ་ཚད་དང་། མཐོ་རིས་རིམ་པར་བརྒྱུད་པའི་མཐར་བྱང་ཆུབ་འཐོབ་ཚུལ་དང་། འཇམ་དཔལ་གྱིས་འདུལ་ཞིང་ཁྱད་པར་ཅན་དང་། དེར་མ་ཟད་རྗེ་བཙུན་དངོས་སུ་བཞུགས་པའི་སྒྲུབ་པའི་ཞིང་མཆོག་ཡིན་པ་རྣམས་དཀྱུས་གཅིག་ཏུ་ལུང་བསྟན་པ་བདོག་སྟེ། རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་གཞུང་དང་རྣམ་བཤད་སོགས་ན་ཙི་ནའི་ཡུལ་འདི་འཕགས་པ་འཇམ་དཔལ་གྱིས་ཉེ་བར་བཟུང་བའི་འདུལ་ཞིང་ཁྱད་པར་ཅན་ཡིན་པར་གསུངས་པ་མང་ཙམ་མཆིས་པ་ནི་ཕལ་ཆེར་འདི་ལ་བརྟེན་པར་སྣང་ལ། ཁྱད་པར་རི་བོ་རྩེ་ལྔ་ལ་དམིགས་ཀྱིས་བཀར་བའི་ཚུལ་གྱིས་གྲགས་ཆེ་བའི་རྒྱུ་མཚན་ནི། ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེ་རྒྱ་ནག་མིའི་བྱང་

6a

༄༅།       །ཆུབ་སེམས་དཔའ་རྣམས་ཀྱི་བཞུགས་གནས་ལུང་བསྟན་པའི་ལེའུ་ལས། བྱང་ཤར་གྱི་མཚམས་ན་རི་བོ་དྭངས་བསིལ(རི་བོ་རྩེ་ལྔའི་མིང་གཞན)ཞེས་བྱ་བ། བསྐལ་པ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཡང་དག་པར་འདུ་བའི་གནས་ཡིན་ཏེ། ད་ལྟར་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་འཁོར་བྱང་ཆབ་སེམས་དཔའ་སྟོང་ཕྲག་བཅུའི་ཚོགས་དང་བཅས་པས་གནས་དེར་རྟག་ཏུ་གནས་ཤིང་། དམ་པའི་ཆོས་རྒྱ་ཆེར་བསྟན་བཞིན་བཞུགས་སོ། ཞེས་དང་། ཙི་ནའི་ཡུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཞུགས་གནས་ཕོ་བྲང་ཞིག་ཡོད་པའི་མིང་སྲིད་མེད་ཀྱི་བུའི་བྲག་ཁུང(ཤར་རྩེའི་བྲག་ཁུང་ནོ་ཡོ་ཡན་ཁཱུ་ལ་ངོས་འཛིན)ཞེས་བྱ་བ་བསྐལ་པ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོགས་ཤིང་བཞུགས་པའི་གནས་ཡིན་ནོ། །ཤེས་དང་། གཟུངས་རིན་པོ་ཆེའི་གཏེར་མཛོད་དམ་མཚན་གཞན་འཇམ་པའི་དབྱངས་ཀྱི་གཟུང་སྔགས་དཔའ་བོ་ཆེན་པོ་ཡི་གེ་བརྒྱད་པའི་ཆོ་ག་ཞིབ་མོ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སྡེ་སྣོད་གསུམ་པ་བོ་དྷི་རུ་ཙིའི་འགྱུར་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་བསྩལ་བ། ང་ཉིད་མྱ་ངན་ལས་འདས་པའི་འོག་ཏུ། བྱང་ཤར་གྱི་མཚམས་སུ་མ་ཧཱ་ཙི་ན་ཞེས་བྱ་བའི་ཡུལ་ཆེན་པོ་ཡོད་པ་དེར་ལྷུན་

6b

པོ་རྩེ་མོ་ལྔ་པ་ཞེས་བྱ་བའི་རི་བོ་ཡོད་ལ། དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་སྤྱོད་ལམ་ཅི་བདེ་བའི་ཚུལ་གྱིས་གནས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། དམ་པའི་ཆོས་རབ་ཏུ་སྟོན་ཅིང་རྒྱ་ཆེར་འཆད་པར་འགྱུར་རོ། །ལྷ་དང་ཀླུ་ལ་སོགས་པ་སྣང་སྲིད་དྲེགས་པ་སྡེ་བརྒྱད་དཔག་ཏུ་མེད་པའི་འཁོར་གྱིས་ཡོངས་སུ་བསྐོར་ཞིང་མཆོད་པ་དང་བཀུར་སྟི་དང་རིམ་གྲོ་བྱེད་པར་འགྱུར་རོ། །ཞེས་པ་ལ་སོགས་པ་ལན་གཅིག་མ་ཡིན་པར་རྒྱ་ཆེར་གསུངས་པའི་ཕྱིར་རོ། །རྒྱལ་པོ་དབྱིག་སྙིང་དེ་འདི་ཡིན་གྱི་གསལ་ཁ་མ་མཐོང་མོད། རྒྱལ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ཚན་གང་ཟག་ཆེ་གེ་ཞིག་ཏུ་ངེས་ཤིང་ཚེ་ཚད་ནི་ཕྱེད་ལོའི་དབང་དུ་མཛད་ནས་གསུངས་པ་འདྲ་ལ་གཙོར་མོས་སམ་མཚོན་པ་ཙམ་དུ་མངོན་ནོ། །ཧྥུ་ཥི་ཡན་ཆད་ནི་ཡི་གེ་མེད་པས། རྣ་ཐོས་དང་རྗེས་དཔག་གི་ཚད་མས་གཞལ་བའི་གཏམ་རྒྱུད་སྣ་ཚོགས་འདིར་མི་བརྗོད་ལ། དེ་ཡང་སྔ་མོ་ནས་ཐོག་མར་སན་ཧུའང་སྟེ་ཧུའང་གསུམ་དང་། དེ་ནས། ཨུ་དྷཱི་སྟེ་དྷཱི་ལྔ། སན་དབང་སྟེ་དབང་གསུམ་དུ་གྲགས་པ་དག་རིམ་པ་ལྟར་བྱོན་པའི་ཧུའང་དང་དྷཱི་ལ་ངོས་འཛིན་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས། དམངས་མ་རྣམས་ལ་དར་སོ་ཆེ་བ་ལྟར་ཁུང་ཨན་ཀྭའི་བཞེད་པ་བཞིན་བཀོད་པ་ལ།    ༈ ཧུའང་དང་པོ་ཐའི་ཧེའུ་ཧྥུཥི་ཞི། ཤིང་གི་ཡོན་ཏན་གྱིས་རྒྱལ་སྲིད་

7a

༄༅།       །བསྐྱངས་པས་རིགས་ནི་ཧྥུང་ངོ་། ཧྥུང་ཞེས་པ་རླུང་སྟེ། དུས་འཁོར་ནས་སེམས་ཅན་གྱི་སྐྱེ་གནས་རྣམ་པ་བཞིར་བསྡུས་པ་ལས་རླུང་གི་སྐྱེ་གནས་ཅན་ནི་ཤིང་ལ་ས་སོགས་པར་གསུངས་པ་དང་མཐུན་ནོ། །རྒྱལ་པོ་འདིས་ཤེས་བྱ་ཐམས་ཅད་ལ་རྒྱས་འདེབས་པའི་མཚོན་བྱེད་པཱ་ཀྭ་སྟེ་ཕྱག་རྒྱ་བརྒྱད་དམ་མཚན་མ་བརྒྱད་བྲིས། (བོད་སྤར་ཁ་བརྒྱད་ཟེར་ཡང་མ་དར་འདུག)རིགས་རུས་མི་འཆོལ་ཞིང་ཁྲེལ་ཡོད་བསྲུང་བའི་ཕྱིར་བག་མ་གཏོང་ལེན་གྱི་སྲོལ་འཛུགས། ཚང་ཀི་ཡེལ་བཅོལ་ནས་ཡི་གེ་ཐོག་མར་གཟོས་ལ་དེ་ནི་འདི་སྐད་ཅེས་བྱ་སྟེ། དབྱིབས་གཟུགས༡་དམིགས་གས༢ལ་དངོས་བ༣སྟན་དང་། །ཟུང་འཇུག་འཕྲུལ་ཤེས་སྒྲ་སྦྱོར་སྟེ། །དོན་རྣམ་དྲུག་གིས་གཏན་ལ་ཕབས། །མིང་ཚིག་གིས་ཟིན་ཆོས་ཀུན་ལ། །ཡི་གེའི་རྒྱས་འདེབས་ཡི་གེ་ཀུན། །དོན་ནི་རྣམ་པ་དྲུག་ཏུ་འདུས། །ཞེས་པའོ། སྨྱུག་མའི་སམ་ཊར་པྲ་རྩིས་བྲིས་ཤིང་། སྐོར་ཡིག་ཁོ་ནར་འདུག་པ་ལ་ཕྱིས་ཚིན་ཤི་ཧུའང་གི་བློན་ཆེན་ལི་ཟི་ཟེར་བ་ཞིག་གིས་ཕྲལ་དུ་འཇུག་པ་བདེ་བ་ཙམ་ལ་ཕན་པར་རིངས་པས་སླ་ཡིག་ལི་ཙི་བརྩམས། དམག་དཔོན་ཆེན་པོ་མེང་ཐི་ཡན་གྱིས་རི་བོང་གི་མཇུག་མའི་པིར་དང་། ཐང་ཤིང་གི་དུ་བའི་སྣག་ཚ་རྣམས་བཅོས་ནས་གོས་དར་སོགས་ལ་བྲིས། ཡང་ཕྱིས་དུས་སུ་ཉུག་རུམ་པ་ཚྭའི་ལྭན་ཞེས་བྱ་བས་ཤོག་གུ་བཅོས། དེ་ནས་ཁྱའི་ཙི་ཡི་གེ་ཞེས་པ་

7b

གཟབ་མ་ཤར་དང་། ཚཽ་ཙི་སྟེ་ཤར་མ་རྣམས་རིམ་གྱིས་དར་བ་ལ་བརྟེན་ནས་ཧ་ཅང་སླ་ཆོས་སུ་ཐལ་ཞིང་རྩ་བའི་དོན་རྣམ་པ་དྲུག་དང་ཕལ་ཆེར་འགལ། ལྟར་སྣང་དང་མཁོ་ཆུང་བའི་བསྟན་བཅོས་དུ་མ་དར་བ་དང་། བྱ་བ་གཞན་དག་ཀྱང་མང་དུ་འཕེལ་བའི་རྒྱུ་རྐྱེན་དུ་སོང་བས། ལི་ཟི་མིང་ཐིའ་ན་སོགས་ཀྱི་མཛད་པ་དེ་ཕྲལ་དུ་ཕན་ཕན་འདྲ་ཡང་། ཕུགས་སུ་གནོད་པ་ཆེན་པོར་སོང་ཞེས། ཕྱི་རབས་པ་རྣམས་བཤད་དོ། ཧྥུ་ཥི་རྒྱལ་སར་ལོ་བརྒྱ་དང་བཅོ་ལྔ་བཞུགས་ནས་གཤེགས་སོ། །འདི་ལ་རང་ཉིད་མི་ཐེ་བའི་རྒྱལ་རྒྱུད་བཅོ་ལྔ་བྱུང་ཟེར་བ་ཡོད་ཀྱང་། རབས་དང་ལོ་དུ་ཙམ་ཐོབ་པའི་གསལ་ཁ་མི་སྣང་ངོ་། །   ༈ ཧུའང་གཉིས་པ་ཡན་དྷཱི་ཤེན་ཧུང་ཞི། མེའི་ཡོན་ཏན་གྱིས་རྒྱལ་སྲིད་བསྐྱངས་ཏེ། འབྱུང་ལྔ་རིམ་གྱིས་བརྗེ་ཚུལ་འདི་འོག་མ་ཐམས་ཅད་ལ་བསྒྲེ། འོན་ཀྱང་ཁྱད་པར་ཙམ་ལ། དབང་དྷའུ་གིས་རྗེས་སུ་ཐོབ་པ་དག་མ་བུར་བགྲངས་ཤིང་པཱ་དྷའུ་གིས་བརྗེ་བ་རྣམས་དགྲ་ནོར་གྱིས་རྩི་ལུགས་མཆིས་ཏེ་འཐད་དོ། རྒྱལ་པོ་འདིས་སྐྱེ་རྒུ་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་འབྲུ་སྣ་ལྔའི་ཞིང་རྨོད་ཚུལ་དང་། དཀོན་མོད་སྙོམས་པར་བྱེད་པའི་བརྗེ་ཚོང་གི་སྲོལ་བཏོད། ནད་དང་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་སྨན་གྱི་བསྟན་བཅོས་ཐོག་མར་མཛད་དེ། རེག་པ་རྩ་ལ་བརྟེན་ནས་ཟུག་རྔུ་ངོས་འཛིན་པ་དང་དར་རྒུད་རྟོགས་

8a

༄༅།       །ཚུལ་འདི་རྒྱ་གར་ལ་སོགས་པ་ཡུལ་གཞན་ཕལ་མོ་ཆེར་མི་མངའ་བའི་ཁྱད་ཆོས་ངོ་མཚར་ཅན་ནོ། །རྒྱལ་སར་ལོ་བརྒྱ་དང་བཞི་བཅུ་བཞུགས་ནས་གཤེགས་ལ། གདུང་བརྒྱུད་རྒྱལ་པོ་བདུན་རིམ་པར་བྱུང་སྟེ། རང་ཉིད་མི་ཐེ་བའི་ལོ་གྲངས་གསུམ་བརྒྱ་བདུན་བཅུར་རྒྱལ་སྲིད་བཟུང་བའི་མཐར་ཡུའི་ཝང་རྒྱལ་པོས་སྐྱོང་ལུགས་མི་མཁས་པས་རྒྱལ་ཚོད་ཤོར་བ་ན། རྒྱལ་རིགས་ཀྱི་བློན་ཆེན་ཋི་ཡིའུ་ཟེར་བ་མཐུ་སྟོབས་དང་རྫུ་འཕྲུལ་ཤིན་ཏུ་ཆེ་བའི་མི་མ་སྲིན་ཞིག་གིས་ངོ་ལོག །སྡེ་གཟར་སླངས་ཏེ་རྒྱལ་པོ་གནས་ཕྱུང་ཞིང་དམའ་བབས། མདའ་གཞུང་གྲི་མདུང་སོགས་མཚོན་ཁག་ཆེན་པོ་ཐོག་མར་བཟོས་ནས་ཐམས་ཅད་སྡིགས་ཤིང་ཅི་དགར་ལོངས་སྤྱོད། བསད་གཅོད་ཁོ་ནས་དུས་འདའ་བར་བྱེད་པ་ལ་གནམ་འོག་པ་ཡོངས་ཀྱིས་གཏན་ནས་བཟོད་མི་ནུས་པ་ན་དེ་སྐབས། ཁམས་ཀྱི་རྒྱལ་པོ་གཞོན་ནུ་ལོ་བཅུ་གཅིག་ལོན་པ་ཥུའན་ཡུའན་མཚན་ཅན་ཞིག་ལ་བདག་ཉིད་ཆེན་པོའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ། ཐམས་ཅད་ཀྱིས་རིག་ནས་མགུ་བར་གྱུར་སྟེ། ཁམས་རྒྱལ་གཞན་དང་རྒྱལ་ཕྲན་ཚང་མས་སེམས་མཐུན་བགྲོས་མཐུན་གྱིས་སྤྱི་དཔོན་དུ་སྐོས་ལ་རེ་ལྟོས་ཞུས་པས། ཁོང་གིས། ཐི་ཡིའུ་གི་འཁོར་དུ་མི་མ་ཡིན་གྱི་དཔུང་ཡོད་པ་རྣམས་སྤ་ཀོང་བར་བྱ་བའི་ཕྱིར་སེང་གེ་དང་གླང་པོ་ཆེ་དང་འབྲུག་ལ་སོགས་པའི་

8b

སྒྲ་དང་གདངས་འདྲ་བའི་མཁར་རྔ་དང་རྔ་བོ་ཆེ་དང་རག་དུང་ཕྲ་རགས་ཀྱིས་མཚོན་རོལ་ཆ་རྔམ་བརྗིད་ཀྱི་རིགས་དང་། དེ་བཞིན་དུ་མཚོན་དབལ་བཏུལ་ཞིང་གནོད་པ་འགོག་པའི་ཁྲབ་རྨོག་དང་ཕུབ་རིང་ཐུང་དང་། རུ་འདྲེན་གྱི་དཔའ་རྟགས་རྒྱལ་མཚན་དང་བ་དན། རུ་མཚོན་ཆེ་ཆུང་སོགས་ལག་ཆ་རྣམས་ཐོར་མར་གཟོས་དེ་དུས་ཕྱི་རོལ་དུ་དམག་གི་བཤོམ་གྲབ་གྱི་ཞལ་བཀོད་གནང་བར་ཕེབས་པའི་སྐབས་སུ་ཁོང་གི་དབུ་ཐོག་ན་འཇའ་སྤྲིན་གྱི་ཕུང་པོ། གཉི་གདུང་ལས་སྐྱོབ་པའི་ཚུལ་གྱིས་རྟག་པར་སྡོད་ཅིང་ཕྱིན་པར་འབྲངས་ཡོད་པ་ལ་དཔེ་བྱས་ཏེ་གདུགས་གཟོས་ལ་སྤྱན་གཟིགས་དང་གོ་ཆ་དྲག་རོལ་ལ་སོགས་པའི་ཐོག་མ་ཡིན་ནོ། །དེ་ནས་ཋི་ཡིའུ་དང་ཅོ་ལོའི་གནས་སུ་གཡུལ་སྤྲད་པས། ཋི་ཡིའུ་ན་བུན་ཆེན་པོ་བཏང་ནས་ཐམས་ཅད་འཁྱམས་སུ་བཅུག་པར་བརྩམ་པ་ན་ཁོང་གིས། ཕྱོགས་མཚམས་ངོས་འཛིན་གྱི་འཁོར་ལོ་གཉེན་པོར་བཅོས་ཏེ་ཚུགས་ཐུབ་པར་གྱུར་བ་དེའི་རྒྱུན་ནི་ད་ལྟའི་ལོ་ཀྱིང་ཟེར་བའི་འཁོར་ལོའོ། །མཇུག་ཏུ་ཋི་ཡིའུ་ཕམ་ནས་བྲོས་པ་བཟུང་སྟེ་མངོན་སྤྱོད་ཀྱི་ལས་ལ་སྦྱར་ལ་བསད་ཁྲིམས་ཀྱི་ཐོག་མའོ། །དེ་ནས་གནམ་འོག་པ་མཐའ་དག་མི་འཇིགས་སྐྱབས་སྦྱིན་གྱིས་ཚིམ་ཞིང་མགུ་ནས་ཐུན་མོང་གི་གཙུག་རྒྱན་དུ་རྒྱལ་པོ་ཆེན་པོར་མངའ་གསོལ་ཏོ། །འདི་ནི་ཧུའང་གསུམ་པ་ཧུཝང་དྷཱི་ཡིའུ་ཥྱུང་

9a

༄༅།       །ཞི་སྟེ། དེ་ཡང་བཙུན་མོ་དམ་པ་ལ་གཏད་ནས་གོས་དར་ཐགས་སུ་བཅུག་ཞིང་། གནམ་སའི་སྣང་ངོ་དང་འདྲ་བར་སྟོད་གཡོགས་སྔོན་པོ་དང་སྨད་གཡོགས་སེར་པོ། ཞྭ་དང་ལྷམ་ལ་སོགས་པ་རྒྱན་དང་ཆས་གོས་སྣ་ཚོགས་ཐོག་མར་གཟོས་ལ། ཁ་དོག་དང་དབྱིབས་དང་གྲངས་རིམ་རྣམས་ལ་ནི། མི་ཤེས་པའི་མུན་པ་འཇོམས་པའི་ཉི་ཟླའོ་ཞེས་པས་མཚོན། མཚོན་བྱེད་རྟགས་ལ་བརྟེན་ནས་མཚོན་བྱའི་དོན་གོ་བར་བྱེད་པའི་ཁྱད་ཆོས་ཀྱི་བཀོད་པ་དང་ལྡན་པ་རྣམས་སོ། །གཞན་ཡང་ཤིང་ལོ་ཆུའི་སྟེང་དུ་གཡེངས་བ་གཟིགས་པས་དཔེ་བླངས་ཏེ་གྲུ་གཟིང་། གཟའ་སྐར་གྱི་ལམ་དང་འོག་གཞི་དབང་ཆེན་གཉིས་ཀའི་དབྱིབས་དང་བགྲོད་ལུགས་ཀྱི་དཔེས་ཤིང་རྟ་བཅོས། དུད་འགྲོའི་རང་བཞིན་ལ་བརྟག་ནས་བཀོལ་སྤྱོད་དུ་རུང་བ་དག་བཀོལ་ཤིང་ལོངས་སྤྱོད་པར་བསླབས། ཚོང་ལམ་ཡངས་ཤིང་རྒྱུན་མི་འགག་པའི་རྗས་སྣ་ལྔའི་ཀུན་དུ་རྒྱུ་དང་། ཡར་མཆོད་མར་སྦྱིན་གྱི་ཆོ་ག །མཆོག་དམན་དང་ཕྱི་ནང་གི་དབྱེ་བས་ཇི་འདྲ་འགབ་ཚུལ་གྱི་ཁང་ཁྱིམ་དང་མཁར་རྫོང་གི་བཀོད་པ་རྣམས་ཐོག་མར་གནང་སྟེ། རྒྱལ་ཆེན་འདིའི་འོག་ན་འཁོར་ཡུག་ཏུ་ལེ་དབར་བརྒྱ་རེར་དབང་བའི་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་ཁྱོན་སྡོམ་ཁྲི་ཕྲག་གཅིག་ཡོད་སྣང་ངོ་། །གཟའ་སྐར་ལ་ཞིབ་ཏུ་བརྟགས་ནས་འབྱུང་ལྔ་ཐབས་ཤེས་ཀྱིས་ཕྱེ་བས་རྩ་བ་བཅུ་དང་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་ལོ་ཟླའི་རྣམ་

9b

བཞག་མཛད་ཅིང་དམར་ཁྲིད་ཀྱི་ཚུལ་དུ་ཧུན་ཐི་ཡན་ཨི་གཟོས་ལ་ད་ལྟའི་ཙི་མིང་ཅུང་དང་པི་ཡོའུ་ལ་སོགས་པའང་དེའི་རིགས་སོ། །ལྱུས་ལྱུའི་བཅུ་གཉིས་སོགས་རོལ་ཆ་ཟབ་མོ་རྣམས་ཕྱི་ནང་གི་ཁམས་སྙོམས་ཤིང་མཐུན་པ་དང་ཞི་བ་དང་བདེ་བར་བྱ་བའི་ཕྱིར་མཛད། གནས་ལུགས་མངོན་པར་རྟོགས་པའི་ནེའི་ཀེང་སྟེ་ནང་གི་ཆོས་ཞེས་བྱ་བ་མཛད་དེ་བཀའ་འམ་བསྟན་བཅོས་ཀྱི་ཐོག་མའོ། །མདོར་ན་སེམས་ཅན་གྱི་བློ་དང་བསྟུན་པའི་གང་ལ་གང་འགབ་པ་དེ་ལ་དེ་འཚམ་གྱི་བསླབ་བྱ། ཕན་བདེའི་རྒྱུ་རྐྱེན་དུ་གྱུར་པའི་ལུགས་སྲོལ་ཕལ་ཆེར་སྔར་ས་བོན་ཡོད་པ་རྣམས་ཞིབ་རྒྱས་སུ་བཏང་། མེད་པ་གསར་དུ་སྲོལ་འཛུགས་མཁན་དཔོན་སྟོན་ཟུང་དུ་འཇུག་པའི་བདག་ཉིད་ཆེན་པོ་ཞིག་སྟེ། ཁྲི་ཐོག་ན་ལོ་བརྒྱ་བཞུགས་ནས་གཤེགས་ལ། དགུང་ལོ་ནི་བརྒྱ་དང་བཅུ་གཅིག་གོ །དེ་ཙ་ན་མངའ་འོག་པ་རྣམས་ཀྱིས་རྒྱལ་པོ་དེའི་ཡོན་ཏན་དང་། དྲིན་ལ་བསམ་ནས། ཁང་པ་གཙང་མར། སྐུ་ཆས་དང་ཕྱག་མཁར་སོགས་དྲན་གསོའི་དམིགས་རྟེན་དུ་བཞག་ནས་དུས་དུས་སུ་མཆོད་པ་བྱེད་པ་བྱུང་སྟེ་མཚུན་མེས་ལྷ་ཁང་གི་ཐོག་མའོ། །ཧུའང་གསུམ་གྱི་སྐབས་སོ། །   ༈ དྷཱི་དང་པོ། ཞོའུ་ཧོའུ་ཀིན་ཐིཡན་ཞི་ཞེས་བྱ་བ་ཧུ་ཝང་དྷཱིའི་སྲས་གཉིས་པ་སྟེ། ལོ་བརྒྱད་ཅུར་རྒྱལ་སྲིད་བསྐྱངས་ནས་དགུང་ལོ་བརྒྱ་ཐོག་ན་གཤེགས།   ༈    དྷཱི་གཉིས་པ་ཊུའན་ཥྱུན་ཀའུ་ཡང་ཞི་ནི། ཞོའུ་

10a

༄༅།       །ཧོའུ་རྒྱལ་པོའི་སྲས་ཀྱི་ཐུ་བོ་ཋང་ཡི་ཞེས་བྱ་བའི་སྲས་ཏེ། ལོ་བདུན་ཅུ་རྩ་བརྒྱད་རྒྱལ་སྲིད་བསྐྱངས་ནས། དགུང་ལོ་གོ་བདུན་ཐོག་ན་གཤེགས་ལ། འདི་ཡི་ནུ་བོ་ཐ་ཆུང་བྱང་ཕྱོགས་སུ་ཁམས་ཀྱི་རྒྱལ་པོ་ཞིག་ཏུ་དབང་བསྐུར་བའི་རིགས་བརྒྱུད་ནི་ཕྱིས་ཀྱི་ཡུ་གུར་རྒྱལ་པོ་རྣམས་སོ། །རྒྱལ་པོ་ཀའུ་ཡང་ཞི་འདི་ལ་རིགས་སྲས་བཅུ་གཉིས་ཡོད་པ་དག་ལས་ཆེར་འཕེལ་སྟེ། འོག་ཏུ་འཆད་པའི་དྷཱི་ཡོའུ་དང་། དྷཱི་ཞུན་དང་། དབང་རིམ་པ་གསུམ་ཀ་དང་། ཚི་ན་ཤི་ཧུའང་དང་། ཧཱན་གྱི་རྒྱལ་པོ་རྣམས་ཏེ་རྒྱལ་ཆེན་རིགས་དྲུག་དང་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་དག་མང་དུ་བྱུང་ངོ་། །ཡང་ཚ་ཀྱན་ལན་ཟེར་བ་ཞིག་ཕེང་ཁམས་ཀྱི་རྒྱལ་པོར་དབང་བསྐུར་བ་དྷཱི་ཡོའུའི་དུས་ནས་བཟུང་ཅེའུ་རྒྱལ་སྲིད་འཚུགས་པའི་བར་འཚོ་ཞིང་ལོ་བརྒྱད་བརྒྱ་ཐུབ་པ་བྱུང་སྟེ་མིང་གཞན་ཕེང་ཙུར་གྲགས་སོ། །   ༈ དྷཱི་གསུམ་པ་དྷཱི་ཀུ་ཀུའུ་སིན་ཞི་ཞེས་བྱ་བ་དྷཱི་དང་པོའི་ཚ་བོ་སྟེ། ལོ་བདུན་ཅུ་རྒྱལ་སྲིད་བསྐྱངས་ནས་དགུང་ལོ་བརྒྱ་དང་ལྔར་གཤེགས་སོ། །དེ་ཡང་དྷཱི་དང་པོའི་དུས་འཇིག་རྟེན་ན་བཀྲ་ཤིས་པའི་མཚན་མ་རྫོགས་པར་བྱུང་ཞིང་། སྐྱེ་རྒུ་མཐའ་དག་བདེ་སྐྱིད་ཀྱི་དགའ་སྟོན་ལ་སྤྱོད་པ་དང་། གཉིས་པའི་དུས་ཁམས་ཀྱི་རྒྱལ་པོ་ཀིའུ་ལི་འཁོར་བཅས་ཀྱི་བློ་ཡང་ཞིང་ལྷ་འདྲེའི་ལས་ལ་དགའ་བ་བྱུང་ནས། དུས་མིན་གྱིས་མཆོད་སྦྱིན་དང་འོས་མིན་གྱི་འདོད་གསོལ་མང་བ་དང་མནའ་

10b

སྐྱལ་བ་གཟུ་དཔང་བརྩུགས་པ་སོགས་དར་བས་ལྷ་སྲིན་འཁྲུགས་ཏེ་འཇིག་རྟེན་དུ་ནད་ཡམས་དང་མུ་གེ་སོགས་པའི་མི་དགེ་བ་སྣ་ཚོགས་བྱུང་བ་ན་རྒྱལ་པོ་ཀའུ་ཡང་ཞིས། བློན་པོ་ཆེན་པོ་ནན་ཅེང་ཋུང་ལ་ལྷ་འདྲེ་བཅོལ། པེ་ཅིང་ལི་ལ་མི་རྣམས་གཏད་དེ་སོ་སོའི་ཆོས་ལུགས་ཀྱིས་བདེ་འཇགས་སུ་བཅོས་པས་ཞི་བ་དང་བདེ་བ་རྣལ་མ་ཐོབ་པ་དང་། གསུམ་པའི་དུས་སྲོལ་བཟང་སྔ་མ་དག་ལེགས་པར་འཕེལ་རྒྱས་སུ་བཏང་བ་སོགས་ཀྱི་ཡོན་ཏན་དང་བཀའ་དྲིན་ཆེ་བ་རྣམས་སོ། །དེ་ནས་ཀའུ་ཟིན་ཞིའི་སྲས་དྷི་ཊིས་རྒྱལ་སྲིད་བཟུང་སྟེ། ཡབ་མེས་ཀྱི་རིང་ལུགས་བཏང་སྙོམས་སུ་བཞག་ནས། རང་འདོད་ཀྱི་བྱ་སྤྱོད་གུ་ཡངས་པོར་བྱས་པས། ཁམས་རྒྱལ་རྣམས་སྡུག་བསྔལ་བསྐྱེད་མཁན་དུ་རིགས་ནས་ཚང་མའི་བགྲོས་མཐུན་གྱིས་དམའ་བབས་ཤིང་། ནུ་བོ་ཧྥང་ཥུན་རྒྱལ་སར་འཇོག་གོ།   ༈   འདི་ནི་དྷཱི་བཞི་པ་དྷཱི་ཡོའུ་ཐོའུ་ཐང་ཞི་ཞེས་བྱ་བ་ཡིན་ལ། འདི་ཡན་རྒྱལ་སྲིད་ལ་མིང་འདོགས་རྒྱུ་མེད་པ་ལ་རྒྱལ་པོ་འདི་སྔ་སོར་ཐང་ཁམས་ཀྱི་རྒྱལ་པོ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་རྒྱལ་སྲིད་ལ་ཐང་གི་མིང་བཏགས་ལ། ཇི་སྐད་དུ་དེ་དུས་སེམས་ཅན་གྱི་མིང་ནི་ཚུར་ཤོག་གོ །ཞེས་པ་ལ་སོགས་པ་དང་རྣམ་པ་མཐུན་ཞིང་ལུགས་འདི་ད་ལྟའི་བར་རོ། །དེས་ན་ཐང་ཡོའུ་རྒྱལ་པོ་ཡང་ཟེར་རོ། །ཁོང་གི་གནམ་ལོ་ཐོག་མ་ཤིང་འབྲུག་ལོ་ལ། ལྷོ་ཕྱོགས་ནས་ཡུ་ཝེ་ཤང་ཞི་ཟེར་བའི་མཐའ་འབངས་

11a

༄༅།       །ཤིག་གིས་རུས་སྦལ་ངོ་མཚར་ཅན་ཞིག་ལེགས་སྐྱེས་སུ་ཕུལ་བ་གཟིགས་པས་རྒྱབ་ཏུ་དུས་ཚིགས་ཀྱི་རྣམ་བཞག་རི་མོའི་ཚུལ་གྱིས་རྒྱས་པར་ཡོད་པ་ཁོང་དུ་ཆུད་ནས། རྩིས་སྐོར་ཆེ་ཆེར་གསལ་པོར་མཛད་དེ། ནག་རྩིས་པ་རྣམས་ཀྱིས་མཧཱ་གསེར་གྱི་རུས་སྦལ་ཞེས་པའི་རྩ་བ་འདི་ཡིན་ནོ། །ཤིང་འབྲུག་དེ་ནས་ཁིའན་ལུང་ལ་དང་པོ་མེ་འབྲུག་འདི་ལ་ཐུག་པའི་བར་ལོ་སྟོང་ཕྲག་བཞི་དང་གོ་གཉིས་སོང་སོ། །སྲས་ཏན་ཊུ་ཞེས་བྱ་བ་སྐྱེས་བུ་དམ་པའི་ཡོན་ཏན་མ་ཚང་ཞིང་ཧ་ཅང་སྤྲོས་པ་ལ་དགའ་བ་ཞིག་བྱུང་བ་དེའི་བློ་སྣ་བསྡུད་པའི་ཕྱིར་མིག་མང་གཟོས། དེ་ཡང་དྷཱི་ཡོའུ་རྒྱལ་པོ་འདི་ལ་ལྷག་བསམ་རྣམ་དག་ཕུལ་དུ་ཕྱིན་པ་མངའ་བས་ཆབ་འོག་གི་སྐྱེ་རྒུ་ཇི་སྙེད་ཅིག་རྟག་ཏུ་སྐྱིད་པ་དང་དགེ་བ་ལ་ལོངས་སྤྱོད་པ་བྱུང་ཡང་། དེ་ལྟར་བསྐྱངས་པ་ས་སྐྱོང་རྣམས་ཀྱི་ཆོས་ལུགས་ཀྱི་ངང་ཚུལ་ཡིན་པས་ངོ་མི་མཚར་ལ། བློ་བུར་དུ་ཅུང་ཟད་ཅིག་སྡུག་བསྔལ་བ་དང་། མི་དགེ་བར་སྤྱད་པ་འགའ་ཙམ་བྱུང་ན་རྐྱེན་གྱི་རྩ་བ་བྲུས་ཚེ་གཙོ་བོར་རང་གི་མཛད་པར་ཐུག་དགོས་པས་རང་དོན་ལ་ཅི་མི་སྙམ་པར་འཇོག་ཅིང་། གཞན་དག་ལ་ནི་མི་གཅིག་ལ་ལྟོགས་ཙམ་འཁྱག་ཙམ་བྱུང་བ་ཡན་ཆད་མི་བཟོད་པའི་སེམས་ཅན་གྱི་ཕན་བདེ་ཁོ་ན་ཁུར་དུ་བཞེས་པ་ཞིག་ཏེ་རྒྱལ་ཚབ་ཏུའང་། བདག་པས་གཞན་གཅེས་ཀྱི་ལྷག་བསམ་

11b

རྣམ་དག་དང་རང་བཞིན་གྱིས་ལྡན་པའི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་མ་གཏོགས་མི་རུང་བར་དགོངས་ནས། དྲིལ་བསྒྲགས་ཏེ་ཁྱབ་གདལ་དུ་རྩད་ཆོད་པས། དེ་དུས་ཀའུ་ཡང་ཞིའི་གདུང་བརྒྱད་ལས་རྒྱལ་ཕྲན་ཀུཟེའུ་ཞེས་བྱ་བའི་བུ་ཆེ་བ་ཞུན་ཟེར་བ་ཞིག་གི་ཡབ་དང་། མ་ཡར་དང་། མ་ཡར་གྱི་བུ་སྟེ་ནུ་བོ་བཅས་མི་གསུམ་སྡོངས་ནས་ཉིན་རེ་བཞིན་ཞུན་ཉིད་བརྡུངས་བསྐྱོན་བཀོལ་གསུམ་ཁོ་ནས་དུས་འདའ་བར་བྱས་ཀྱང་། ཕར་མི་དགའ་བ་རྡུལ་ཙམ་ཡང་མི་སྐྱེ་བར་མ་ཟད། མཉེས་གཤིན་བྱམས་པའི་འདུ་ཤེས་ཉིན་རེ་བཞིན་གོང་འཕེལ་དུ་བསྐྱེད་པའི་ཐུགས་བསམ་རྣམ་པར་དག་པ་དང་ལྡན་པ་ཅིག་བྱུང་ཏེ། ཡབ་ཀྱིས་ཐོང་བཤོལ་ཁུར་དུ་བཅུག་ནས་ལི་ཤན་ཞེས་བྱ་བའི་རིའི་སྒམ་དུ་ཞིང་རྨོད་དུ་བཏང་བས། གླང་པོ་ཆེ་ཞིག་གློ་བུར་དུ་བྱུང་ནས་དོང་རྨོད་བྱས། བྱ་རོག་མང་པོ་འདུས་ནས་རྩྭ་འཐུ་བ་སོགས་ཐུན་མོང་གི་སྣང་ངོར་ཡོངས་སུ་མངོན་པ་ན། ཉེ་སྐོར་བ་ཐམས་ཅད་ཀྱིས་མགུ་ཞིང་རངས་པར་གྱུར་ཏེ། གནས་པའི་ས་ཕྱོགས་སུ་མེ་ཏོག་གི་དྲི་ལ་སྦྲང་བུ་ལྟར་རིམ་གྱིས་འདུས་ནས། ལོ་ཐོག་མར་ལྗོངས། གཉིས་པར་གྲོང་། གསུམ་པར་གྲོང་ཆེན་དུ་སོང་ཞིང་དེ་དག་ཀྱང་ཕན་ཚུན་དུ་བྱམས་ཤིང་བརྩེ་བ་དང་ཕན་ཐོགས་པ་མ་གཏོགས་ཁ་མི་འཆམ་པའི་རིགས་གསར་དུ་མི་སྐྱེ་ཞིང་རྒྱུས་ཡོད་པ་དག་ཀྱང་ཞི་རུ་འགྲོ་བའི་བྱིན་རླབས་ཀྱི་ཚན་ཁ་ཆེ་ཚུལ་

12a

༄༅།       །རྒྱལ་པོས་གསན་ནས་བོས་ཏེ། སྒོ་བཞིའི་བདག་པོར་དབང་བསྐུར་ནས་ཕྱིའི་སྤྱོད་ལམ་བརྟགས། སྲས་མོ་གཉིས་ཡོད་པ་གཉིས་ཀ་བག་མར་གནང་ནས་ནང་གི་སྤྱོད་ལམ་བརྟགས་དེ་ལྟར་བྱས་པས། ཡ་རབས་དམ་པའི་ངང་ཚུལ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ནང་རྟགས་ཕྱིར་གསལ་ལས། ངན་སྤྱོད་ངོ་མ་ལྟ་ཞོགས་གཡོ་སྒྱུ་ཁྲམ་གསུམ་གང་རུང་གིས་བསླད་པའི་བཟང་སྤྱོད་ལྟར་སྣང་ཙམ་ཡང་ཡེ་མེད་པ་རིག་ནས་རྒྱལ་ཚབ་ཏུ་མངའ་གསོལ་བཟང་བ་མགོ་འདོན་དང་། ངན་པ་སྣུར་བ་སོགས་རྒྱལ་སྲིད་བསྐྱངས་པའི་རོགས་རམས་ལོ་ཉེར་བརྒྱད་ཀྱི་རིང་མཛད་དོ། །ཡོའུ་རྒྱལ་པོ་འདི་ལོ་བརྒྱར་རྒྱལ་སྲིད་བཟུང་ནས་གཤེགས་ལ། དགུང་ལོ་ནི་བརྒྱ་དང་བཅོ་ལྔའོ། །དེ་ནས་ཞུན་གྱིས་རྒྱལ་མ་བཞེས་པར་ཏན་ཊུ་དང་ཐུན་མོང་དུ་བྱས་ཏེ་ནན་ཧེའི་གནས་སུ་བཞུད་ནས་ལོ་ངོ་གསུམ་བཞུགས་པར། གནམ་འོག་པའི་བྱ་བ་ཞུ་མཁན་མཐའ་དག་ཏན་ཊུའི་གནས་སུ་མི་འགྲོ་བར་ཞུན་གྱི་གནས་སུ་འདུ་ཞིང་བཀུར་བས། ཞུན་གྱིས་རྒྱལ་སྲིད་བཞེས་ལ། འདི་ནི་དྷཱི་ལྔ་པ། དྷཱི་ཞུན་ཡིའུ་ཡུས་ཞི་ཟེར་བའོ། །   ༈    དེ་ནས་རྒྱལ་བུ་ཏན་ཊུ་རང་གི་ཆབ་འོག་ཏུ་མི་ཆུད་པའི་མགྲོན་པོའི་གོས་ཅན་དུ་དབང་བསྐུར་སྟེ་ལུགས་འདི་ད་ལྟའི་བར་དུའང་ཡོད་དོ། །རྒྱལ་སྲིད་ཀྱི་མིང་ནི་ཡུས་ཟེར་རོ། །སྲས་ཞང་ཀྱུན་ལ་བདག་ཉིད་ཆེན་པོའི་ཡོན་ཏན་མ་ཚང་བས། རྒྱལ་པོ་སྔ་མའི་བློན་ཆེན་ཡུའི་ཞེས་

12b

བྱ་བ་ཡོན་ཏན་རང་ཉིད་དང་མཚུངས་ཤིང་། སྔར་ཡོའུ་རྒྱལ་པོའི་ལོ་རེ་གཅིག་བར་ཤྭ་འུད་ཆེན་པོ་བྱུང་ཏེ། ཆུ་ཀླུང་ཆེན་པོ་རྣམས་ལུད་ཐལ་ཆེས་ནས་ཞིང་ས་དང་འདུག་ས་ཕལ་ཆེར་མི་མངོན་པར་གྱུར་བའི་ཚེ། ལོ་དགུའི་བར་དུ་སྡུག་ཁྲལ་དང་དུ་བླངས་ནས། ཆུ་ལམ་ལེགས་པར་བཅོས་ཏེ་འགྲོ་བ་མང་པོ་ཆུའི་འཇིགས་པ་ལས་གཏན་སྐྱོབ་བྱས་པའི་བཀའ་དྲིན་མངའ་བར་བརྟེན་ཁོང་རྒྱལ་ཚབ་ཏུ་དབང་བསྐུར། སྙན་རོལ་འཇམ་པོ་ཁིན་རྒྱུད་ལྔ་པ་དང་ཥཱེ་རྒྱུད་ཉེར་ལྔ་པ་བཅོས། ཞོའུ་ཟེར་བའི་གླུའི་བསྟན་ཆོས་མཛད་དེ་ཕྱི་ནང་གི་ཁམས་སྙོམས་པར་བྱས། རྒྱལ་པོ་འདི་གཉིས་ཀྱི་དུས་སེམས་ཅན་རྣམས་བདེ་བར་འཚོ་ཞིང་དག་སྣང་ཆེ་བ་དང་བཀྲ་ཤིས་པའི་མཚན་མ་རྫོགས་པར་བྱུང་བས། དེང་སང་གི་བར་དུའང་དུས་བཟང་མོལ་ཚེ་ཡོའུ་ཞུན་གྱི་དུས་ཟེར་བ་དང་། ལུགས་སྲོལ་བཟང་པོ་ལ་ཡོའུ་ཞུན་གྱི་ལུགས་ཟེར་བ་དང་། ཕྱི་དུས་ཀྱི་རྒྱལ་ཆེན་བཟང་ཤོས་ལ། ཡོའུ་ཞུན་གཉིས་པའང་ཡོའུ་ཞུན་ཆུང་ངུར་འབོད་པའི་ཐ་སྙད་ཆགས་སོ། །ལོ་ཞེ་བརྒྱད་རྒྱལ་སྲིད་བསྐྱངས་ནས་གཤེགས་ལ་དགུང་ལོ་ནི་བརྒྱ་དང་བཅུའོ། །དྷཱི་ལྔའི་སྐབས་སོ། །   ༈ དེ་ནས་ཡུའི་ཀྱང་ཡང་ཆེང་གི་གནས་སུ་ལོ་ངོ་གསུམ་མཚམས་བྱས་པར། མཆོག་དམན་མཐའ་དག་ཞུན་གྱི་སྲས་དཔོན་པོར་མི་བཀུར་བ་སོགས་ཞུན་གྱི་སྐབས་དང་འདྲ་བར་གྱུར་པ་ན་ཁོང་གིས་རྒྱལ་སྲིད་བཟུང་ལ་མིང་ཥི་ཡ་ཞེས་བྱ་བར་བཏགས།

13a

༄༅།       །འདི་ནི་དབང་དང་པོ་ཥིཡ་ཡུའི་དབང་སྟེ། ཀའུ་ཡང་ཞིའི་ཚ་བོ་ཡིན་པས། ཧུ་ཝང་དྷཱིའི་ཡང་ཚ་མི་རབས་གཉིས་པའོ། །སྲས་ཁཱི་ཞེས་བྱ་བ་ལ་སྐྱེས་བུ་དམ་པའི་མཚན་ཉིད་ཚང་ཡང་། རྒྱལ་པོ་སྔ་མ་གཉིས་ཀྱི་ལུགས་བཙན་པར་དགོངས་ཏེ་བོ་ཡི་ཟེར་བའི་ཁམས་ཀྱི་རྒྱལ་པོ་མཁས་པ་ཞིག་རྒྱལ་ཚབ་དུ་དབང་བསྐུར། ཀུའི་ཀི་ཤན་ཟེར་བའི་རི་བོར་ལྷ་ཐམས་ཅད་དང་། ཁམས་རྒྱལ་ཁྲི་ཕྲག་གང་ཡོད་པ་རྣམས་བསྡུས་ནས་བཟང་ངན་གྱི་ཚོད་བགམ་ཞིང་གོ་སའི་ཚུགས་ཐུབ་མ་ཐུབ་བརྟག་ཙ་ན། ཧྥང་ཧྥུང་ཞི་ཞེས་བྱ་བ་སྟོབས་འབྱོར་གྱིས་ཁེངས་པས་མ་གུས་པར་འདུས་པའི་འདེབས་དུས་སུ་མ་སླེབས་པས་ཆད་པས་བསད་ནས་རོ་བོར་རོ། །འདི་ལ་མི་ཆེན་པོ་ཡང་ཟེར་ལ་རུས་པའི་ཚིགས་ཆེན་རེ་ཤིང་རྟ་རེའི་ཁལ་དུ་འཚམ་པ་ཙམ་ཡོད་ཟེར་རོ། །རྒྱལ་པོ་འདི་གདན་སར་ལོ་བཅུ་བཞུགས་ནས་གཤེགས་ལ་དགུང་ལོ་ནི་བརྒྱ་ཐམ་པའོ། །དེ་ནས་པེ་ཡིས་ཀྱང་ཁི་ཤན་རིར་མཚམས་བྱས་པས། མི་ཐམས་ཅད་དེའི་གན་དུ་མི་འགྲོ་བར། ཡུའི་གི་སྲས་ཁཱིའི་གནས་སུ་འདུ་ཞིང་བདག་པོར་བཀུར་བས་ཁཱི་རྒྱལ་ས་བཟུང་སྟེ། དེ་ནས་གདུང་རྒྱུད་འཐུད་མར་འཛིན་ལུགས་ད་ལྟའི་བར་རོ། །དེ་ཡང་ཞུན་གྱི་རྒྱལ་ཚབ་ལོ་ཉེར་བརྒྱད། ཡུའི་གིས་ལོ་བཅུ་བདུན་བྱས་པས་མི་ལ་ཕན་ཐོགས་ཡུན་རིང་

13b

ཞིང་། ཏན་ཊུ་དང་ཞང་ཀྱུན་གཉིས་རྒྱལ་ཆེན་དུ་མི་འོས་པའི་ལན་དང་། པེ་ཡི་རྒྱལ་ཚབ་དུ་ལོ་བདུན་ལས་མ་སོང་བས་ཕན་ཐོགས་ཡུན་ཐུང་བ་དང་། ཡུའི་གི་སྲས་ཁཱི་ལ་སྐྱེས་ཆེན་གྱི་ཡོན་ཏན་མངའ་བའི་རྒྱུ་མཚན་གྱིས་ལུགས་འགྱུར་སོང་ངོ་། །ཞེས་བཤད་སྣང་སྟེ། དུས་ཀྱི་འགྱུར་ཚིགས་ཀྱང་ཡིན་པར་མངོན་ནོ། །དེ་ནས་རྒྱལ་རབས་ལྔ་པ་ནི་དྷི་ཥྱང་གི་སྐབས་ཁམས་རྒྱལ་ཧན་ཋུ་ཟེར་བ་ཞིག་གིས་རྒྱལ་ས་འཕྲོག་སྟེ། འབངས་རྗེ་ལ་རྒོལ་ཞིང་གདན་ས་འཕྲོག་པའི་ཐོག་མའོ། །མི་རིང་པར་བློན་ཆེན་རྙིང་པ་མཱི་ཞེས་བྱ་བས་ཚུར་བླངས་ནས། དྷཱི་ཥྱང་གི་སྲས་ཞོའུ་ཁང་རྒྱལ་སར་འཕྲོ་འཐུད་དུ་འཇོག་པ། རྒྱལ་སྲིད་སྐྱར་འཛིན་གྱི་ཐོག་མའོ། །དེ་ནས་རྒྱལ་རབས་བཅུ་གཉིས་པ་སྟེ་ཐ་མ་རྒྱལ་པོ་ཀི་ཡེ་ཞེས་བྱ་བས་ངན་སྟོབས་ཆེ་ཞིང་ནག་ཆང་ལ་མི་ངོམས་པ་ཞིག་གིས། རྒྱལ་བཟང་སྔ་རབས་པ་རྣམས་ཀྱིས་སྐྱེ་རྒུ་ཁོ་ན་གཅེས་པར་བཟུང་བའི་ཚབ་ཏུ་རང་ཉིད་ཞུགས། རང་ཉིད་ངལ་བ་བརྟེན་དགོས་པའི་དོད་དུ་གཞན་དག་བཅུག་ནས་ལུགས་སྲོལ་གོ་ལྡོག་ཏུ་འཛིན། མི་མང་པོ་བསད་ཅིང་ལྷག་པར་ཕན་གྲོས་ཞུ་མཁན་བྱུང་ཚད་ལ་ཆེད་དུ་དགྲར་བལྟས་ནས་བློན་པོ་མཁས་པ་མང་པོ་འགུམས། རྒྱལ་པོ་དེའི་ངན་རླབས་ཀྱིས་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་ཕལ་ཆེ་བ་དག་ཀྱང་གདུག་རྩུབ་ཆེ་བར་གྱུར། དེ་ནས་

14a

༄༅།       །འཇིགས་པས། ཉེན་ཚད་ཐམས་ཅད་ཀྱིས་ཁྱད་དུ་འཕགས་པའི་ཡོན་ཏན་གྱིས་རྒྱུད་ཕྱུགས་པའི་ཁམས་ཀྱི་རྒྱལ་པོ་ཆེང་ཐང་ཟེར་བ་ཞིག་གི་དྲུང་དུ་བྲོས་ཤིང་སྐྱབས་སུ་སྦྲན་པས། ཆེང་ཐང་གིས་འགྲོ་མཆོག་མི་རྣམས་གཅན་གཟན་གྱི་འཇིགས་པ་ལས་སྐྱོབས་པའི་ཚུལ་གྱིས་དཔུང་ཚོགས་ཡན་ལག་བཞི་གཏེགས། རྒྱལ་ཕྲན་མ་རུངས་པ་དག་ཚར་བཅད། རྒྱལ་པོ་ཀི་ཡེ་བཙོན་དུ་བཟུང་། རང་ཉིད་རྒྱལ་སྲིད་བཞེས་ནས་སེམས་ཅན་རྣམས་དབུགས་ཕྱིན་པར་མཛད་ཅིང་བདེ་སྐྱིད་ལ་སྦྱར། ཀིཡེ་གི་བུ་བཟང་ཤོས་གཅིག་ཁི་ཟེར་བའི་གནས་ཀྱི་བདག་པོར་དབང་བསྐུར་ནས། ཞུན་དང་ཡུའི་གི་དཔོན་སྲས་ཆབ་འོག་ཏུ་མི་བཅུག་པར་མགྲོན་པོའི་ཚུལ་གྱིས་གཟིགས་པའི་སྲོལ་བཟང་བསྐྱངས། དེའི་ནུ་བོ་ཆུང་ཤོས་ཞིག་བྱང་ཕྱོགས་སུ་བྲོས་པ་ལས་བརྒྱུད་པའི་སོག་པོ་དག་ཀྱང་ཡོད་དོ། །རྒྱལ་པོ་ཆེང་ཐང་འདི་ཡང་ཧུ་ཝང་དྷཱིའི་གདུང་བརྒྱུད་ཡིན་ལ། དབང་གཉིས་པའོ། །རྒྱལ་སྲིད་ཀྱི་མིང་ནི་ཤང་ཡིན་ཀྱང་ཕྱིས་རྒྱལ་རབས་བཅུ་བདུན་པ་ཕན་ཀེང་རྒྱལ་པོས་ཡེན་དུ་བསྒྱུར་བཀོད་བྱས་སོ། །ཕན་ཀེང་ནས་རབས་བཅུ་གཉིས་བརྒྱུད་པའི་ཐ་མ་རྒྱལ་པོ་ཅིའུ་ཞེས་བྱ་བའི་སྐྱོང་ལུགས་ཀི་ཡེ་དང་འདྲ་བར་གྱུར་པས་རྒྱལ་ས་ཤོར་ལ། དེ་ཡང་ཥྱའི་རྒྱལ་ཐ་ཀི་ཡེ་དང་ཡེན་གྱི་རྒྱལ་ཐ་ཅིའུ་གཉིས་ཤིན་ཏུ་ཐུ་ཞིང་གཏུམ་པའི་

14b

རྣམ་པར་ཐར་པ་ཀུན་ནས་མཚུངས་པར་གྱུར་པས། ཕྱི་དུས་ཀྱི་རྒྱལ་པོ་གདུག་པ་ཅན་དག་ལ་ཀིཡེ་ཅིའུ་གཉིས་པ་དང་། ཀིཡེ་ཅིའུ་ཆུང་ངུར་འབོད་པ་སོགས། ཡོའུ་ཞུན་གྱི་སྐབས་སུ་བྱུང་བ་ལས་ཇི་ལྟ་ཇི་སྙེད་དུ་གོ་ལྡོག་པ་ཁོ་ནའོ། །དེའི་དུས་ནུབ་ཕྱོགས་ཀྱི་ཁམས་ཀྱི་རྒྱལ་པོ་ཡིན་པས་ཟི་པོ་སྟེ། འདས་རྗེས་དེད་ཕུལ་གྱི་མཚན་ཝེན་དབང་ཞེས་བྱ་བ་ལ། བདག་ཉིད་ཆེན་པོའི་ཡོན་ཏན་ཚང་བས་ཉེ་རིང་མཆོག་དམན་མེད་པར་ཀུན་གྱི་ཡིད་དུ་འཐད་ཅིང་། གནམ་འོག་པའི་ཆ་གསུམ་གཉིས་ཙམ་ཁོང་ལ་བཀུར་བཟོ་དང་བསླབ་སྟོན་ཞུ་བ་སོགས་བྱུང་ཡང་བཀའ་འབངས་བའི་ངང་ཚུལ་ལས་མི་གཡོ་བ་ཞིག་ལ། རྒྱལ་པོས་ཕྱིས་ཕྱིར་ཕྲག་དོག་གིས་མི་བཟོད་ནས་ལོ་བདུན་བཙོན་དུ་བཟུང་ངོ་། །དེར་ཡང་བདག་པོའི་སྐྱོན་ལ་སྐྱོན་དུ་མི་བལྟ་བའི་འདུ་ཤེས་ཀྱིས་གུས་པ་ཤ་སྟག་བསྐྱེད་བཞིན་པའི་ངང་ནས་པཱ་ཀྭ་ཟུང་བརྩེགས་སུ་སྤེལ་སྟེ་ཀྭ་དྲུག་ཅུ་རེ་བཞི་པའི་བསྟན་བཅོས་ཟབ་མོ་མཛད། དེ་ནི་ཕྱི་རབས་པ་རྣམས་ལ་ཕན་བཏགས་བླ་ན་མ་མཆིས་པར་གྱུར་པས། རྐྱེན་ངན་ལམ་དུ་ལེན་ནུས་པའི་གང་ཟག་ལ་སྡུག་བསྔལ་གྲོགས་སུ་འཆར་བར་གསུངས་པ་ཤིན་ཏུ་མད་དོ། །དེ་ཙ་ན་ཁོང་གི་བློན་འབངས་ཡོངས་ཀྱིས་བགྲོས་ཐོག་ནས། ན་ཆུང་མཛེས་མ་དང་། རྟ་ཅང་ཤེས་སོགས་ཀ་ཅ་བཟང་བ་མང་པོ་ཕུལ་ནས་བླུས་པས། རྒྱལ་པོ་དགྱེས་ནས་བཏང་། ཁོང་གིས་

15a

༄༅།       །ཅུང་ཟད་ཙམ་ཡང་འཁོན་སེམས་མི་འཛིན་པར་སྔ་མ་བཞིན་གུས་པ་ཤ་སྟག་དང་དུ་བླངས་པས། རྒྱལ་ཕྲན་གཞན་དག་ཀྱང་ཆེས་ཆེར་ཡིད་རངས་པར་གྱུར་ཏོ། ཟི་པཱེ་འདི་ཡོའུ་ཞུན་གྱི་རྗེས་སུ་སྙེགས་པ་ཞིག་སྟེ། དེ་སྐབས་ཡུས་དང་བཞུས་ཟེར་བའི་གནས་གཉིས་ལ་སོ་སོར་དབང་བའི་རྒྱལ་ཕྲན་གཉིས་ས་མཚམས་ན་ཡོད་པའི་ས་གཞི་གསོ་མ་ཞིག་ཕྱོགས་གཉིས་ཀ་ནས་རྨོད་འདོད་ཀྱི་རྩོད་པས་མ་འཆམ་སྟེ། ཟི་པཱེའི་རྩར་གཤགས་འབྱེད་ཞུ་རུ་སོང་ཙ་ན་དེ་ཀའི་འབངས་མི་ཐམས་ཅད་ལ་འཐབ་རྩོད་ཀྱི་མིང་ཡང་མེད་ཅིང་། རྒན་གཞོན་དང་མཆོག་དམན་གྱི་རིམ་པ་མ་འཆོལ་བ་དང་། སྤྱིར་ཕན་ཚུན་དུ་གཏོང་ཕུལ་དང་མཉེས་གཤིན་གྱིས་བྱམས་ཤིང་དགའ་བ་ཁོ་ནས་དུས་འདའ་བ་མཐོང་ནས་སྐྱེངས་ཏེ། འོ་སྐོལ་གཉིས་ཀྱིས་ས་ཕྱོགས་འདི་དྲི་མ་ཅན་དུ་བྱས་པས་ནོངས་སོ་ཟེར་ནས་ཕྱིར་ལོག །མཛའ་བོར་འཐམ་ཞིང་། རྩོད་གཞི་དེ་ཕན་ཚུན་གཏོང་སྐྱེལ་བྱས་ཏེ་བཞག་པས། གཏམ་རྒྱུད་ལ་བརྟེན་ནས་སེམས་འདུལ་བའི་དམིགས་རྟེན་དུ་ཕྱི་རབས་པ་དག་ཀྱང་རྨོ་སྤྱད་འདྲ་མ་བྱས་པར་བཞག་ཡོད་ཟེར་རོ། ཟི་པཱེ་འདས་པའི་འོག་ཏུ་སྲས་ཨུ་དབང་གིས་ཅིའུ་རྒྱལ་པོ་ཚར་བཅད་ནས་དེའི་གོ་ས་བཟུང་ལ། གནམ་འོག་པ་བདེ་འཇགས་ལ་བཀོད་དོ། །འདི་ནི་དབང་གསུམ་པ་ཝེན་ཨུ་ཞེས་བྱ་བ་སྟེ་ཡབ་

15b

སྲས་ཀྱི་མཚན་སྦྲགས་མར་འབོད་པ་ཡིན་ཅིང་རྒྱལ་སྲིད་ཀྱི་མིང་ནི་ཊེའུ། ཀའུ་ཟིན་ཞིའི་ཡང་ཚ་རབས་བཅུ་དྲུག་པ་སྟེ་ཧུ་ཝང་དྷཱིའི་གདུང་རྒྱུད་དོ། །དེ་ནས་རྒྱལ་རབས་གསུམ་པ་དང་བཞི་པའི་སྐུ་རིང་ལ། གོང་མནོན་གྱི་རྒྱལ་བློན་བཟང་པོའི་བྱིན་རླབས་ལ་བརྟེན་ནས་སྐྱེ་རྒུ་རང་བཞིན་གྱིས་ཐུལ་བས། བཙོན་ར་སྟོང་ཞིང་། ཁྲིམས་ཆས་མི་དགོས་པའི་བདེ་འཇགས་ཆེན་པོ་སྒང་ལོ་བཞི་བཅུ་ལྷག་ཙམ་བྱུང་ངོ་། །ལྔ་པ་ཅོའུ་དབང་གི་དུས་སུ་བདག་ཅག་གི་སྟོན་པ་སྐུ་བལྟམས་ཤིང་མཛད་པའི་གསུམ་ཆ་ཙམ་དང་དྲུག་པ་མཱུ་དབང་གི་དུས་སུ་མཛད་པ་རྫོགས་པར་བསྟན་ཏེ་འོག་ཏུ་འཆད་དོ། །མཱུ་དབང་འདི་ཐུན་མོང་མིན་པ་ཞིག་སྟེ་རྟ་ཅང་ཤེས་བཟང་པོ་བརྒྱད་ཀྱིས་དྲངས་པའི་ཤིང་རྟ་ལ་བཞུགས་ནས་མཚོ་མ་ཕམ་པར་ཕེབས། མཁའ་འགྲོ་མ་ཐམས་ཅད་ཀྱི་གཙོ་མོ་ཉིའང་ཉིའང་དབང་མུ་ཆེ་དང་འཇལ།(ཉིའང་ཉིའང་ནི་མ་མའི་སྐད་དོད་ཡིན།) མཁའ་འགྲོ་མས་འདོད་ཡོན་གྱི་ལོངས་སྤྱོད་རྒྱ་ཆེར་བཤམས་སྟེ། ཉིན་རེ་བཞིན་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་རོལ་བས། རྒྱལ་པོ་ཞེན་ཆགས་ཀྱི་རྣམ་པས་ཟླ་ཞག་མང་པོ་འགོར་བའི་ཤུལ་ཏུ་བློན་པོ་མ་རུངས་པ་ཞིག་འཁྲུགས་སློང་བྱས་ནས་སྐྱེ་འགྲོ་མང་པོ་སྡུག་བསྔལ་ལ་སྦྱར། དེ་ནས་མཁའ་འགྲོ་མས་གནས་ཚུལ་འདི་བཞིན་བྱུང་འདུག་པས་ཁྱེད་ལོག་ལ་ཚར་གཅོད་ཅིག་ཞེས་ལུང་བསྟན་པ་ལྟར་འཁོར་ནས་མི་བསྲུན་པ་དེ་

16a

༄༅།       །ཚར་བཅད་དེ་སྐྱེ་རྒུ་བདེ་འཇགས་ལ་བཀོད། རྒྱལ་སར་ལོ་ལྔ་བཅུ་རྩ་ལྔ་བཞུགས་ནས། དགུང་ལོ་བརྒྱ་དང་བཅུ་ན་གནམ་དུ་གཤེགས་སོ། །རྣམ་ཐར་ངོ་མཚར་བ་མང་ཞིག་འདུག་ཀྱང་འདིར་དེ་ཙམ་མོ། །ཊེའུ་འདི་ལ་རྒྱལ་པོ་གསུམ་བཅུ་རྩ་དྲུག རྒྱལ་སྲིད་ལོ་བརྒྱད་བརྒྱ་བདུན་ཅུ་རྩ་གསུམ་བྱུང་ལ། གོང་དུ་བཤད་པ་ལྟར། ཨུ་དབང་གི་ནུ་བོ་ཊེའུ་ཀུང་ཏན། ཞོའུ་ཀུང་ཞི་པི་ཀའུ། བློན་ཆེན་ཐའི་ཀུང་ཝཱང་ལ་སོགས་ཡོན་ཏན་ཕུལ་ཏུ་བྱུང་བ་མངའ་བའི་སྐྱེས་ཆེན་མང་པོ་འཛོམ་པའི་དུས་ཡིན་པས། སོ་སོ་ནས་སྐྱེ་རྒུའི་དོན་ཁོ་ན་ཐུགས་ལས་སུ་ཁྱེར། རང་རང་གི་རྟོགས་ཚད་བགྲོས་སུ་ཕྱུང་སྟེ་དཔོན་བློན་དགོངས་པ་མཐུན་པར། བདེ་སྐྱིད་ཀྱི་ཐབས་སུ་གྱུར་པའི་ཆོས་ལྐོག་ཏུ་ལུས་པ་ཆ་ཙམ་ཡང་མེད་པར་མཛད་དེ། མདོར་ན་ཡུའུ་ཞུན་གྱི་རིང་ལུགས་བཟང་པོ་སླར་ཡང་གསལ་བར་བྱས་ཤིང་རྒྱ་ཆེར་སྤེལ་བས། བྱམས་སྙིང་རྗེ་དང་དག་པའི་སྣང་བའི་བྱིན་རླབས་དང་བཀའ་དྲིན་ཆེན་པོས་གནམ་འོག་པ་མཐའ་དག་གི་རྒྱུད་མཆོག་ཏུ་སིམ་པའི་རྒྱུ་མཚན་གྱིས་རྒྱལ་སྲིད་ཡུན་རིང་དུ་ཆགས་པ་ཡིན་ནོ། །བར་སྐབས་སུ་རྒྱལ་པོ་གཏུམ་པོ་གཉིས་ཙམ་བྱུང་ཞིང་། གཞན་དག་ཕལ་ཆེར་ཧ་ཅང་འཇམ་ཐལ་ཆེས་པས། འོག་ན་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་སྡོམ་པ་སྟོང་བརྒྱད་བརྒྱ་ཡོད་པ་རྣམས་ལས་འགའ་ཞིག་

16b

བཀའ་ལ་མི་སྡོད། དམ་ཚིག་ལ་མི་གནས་པར་ངོ་ལོག་དང་འཁྲུགས་རྩོད་བྱས་པས་མཚོན་རྒྱལ་སྲིད་ལ་སྐབས་སྐབས་སུ་རྒུད་རྒུད་འདྲ་བྱུང་ཡང་། ཆི་ཧུའན་ཀུང་ཇིན་ཝེན་ཀུང་ལ་སོགས་པ་ཁམས་ཀྱི་རྒྱལ་པོ་ལེགས་པ་དག་གིས་ཐབས་དང་སྟོབས་དྲིལ་པས་ཚར་བཅད་རྗེས་འཛིན་གྱི་སྒོ་ནས་ཁ་ལོ་བསྒྱུར་སྟེ། རྒྱལ་ཆེན་ལ་ཞབས་འདེབས་རིམ་པར་ཞུས་པའང་ཆོས་ལུགས་བཟང་པོའི་རྩ་བ་བརྟན་པའི་གནད་ཀྱིས་སོ། །དེ་ཡང་། ཆི་ཧུའན་ཀུང་། ཇིན་ཝེན་ཀུང་། སུང་ཟིའང་ཀུང་། ཆིན་མུ་ཀུང་། ཆཱུ་ཅང་དབང་སྟེ་ཁམས་རྒྱལ་ལྔ་ལ་པཱ་ལྔ་ཟེར་ལ། སྒྲ་དོན་གོང་དུ་བཤད་པ་ལྟར་འཇིག་རྟེན་ན་པཱའི་མིང་གྲགས་ཤིང་ཆོས་ལུགས་ཀྱང་རིམ་གྱིས་དར་རོ། །འདི་ཡན་ཆད་དབང་དྷའུ་ཤ་སྟག་གིས་རྒྱལ་སྲིད་ཐོབ་པ་དང་སྐྱོང་བ་ལ་སོགས། དེ་ཡང་། བདེན་སྨྲ་ལུང་བསྟན་པའི་མདོ་ལས་རྒྱལ་པོ་རྣམ་པ་བཞི་སྟེ། འཁོར་ལོས་བསྒྱུར་པའི་རྒྱལ་པོ་དང་། རྒྱལ་པོ་ཆེན་པོ་དང་། ཁམས་ཀྱི་རྒྱལ་པོ་དང་། རྒྱལ་ཕྲན་ནོ། །དེ་ལ་འཁོར་ལོས་བསྒྱུར་པའི་རྒྱལ་པོ་ལ་ནི་བསྟན་བཅོས་མི་དགོས་ལ་བཞེད་དོན་ཐམས་ཅད་རང་གི་བསོད་ནམས་ཀྱི་མཐུ་ལས་བྱུང་བས་སོ། །རྒྱལ་པོ་ཆེན་པོ་ལ་སོགས་པ་རྣམས་ནི་ངེས་པར་དྲང་སྲོང་ཆེན་པོ་དག་གིས་བྱས་པའི་སྲིད་བསྲུང་བའི་བསྟན་བཅོས་ལ་བརྟེན་དགོས་སོ། །ཞེས་གསུངས་པ་དང་ཆོས་མཚུང་སུ་བྱེད་ཚེ། གོང་གསལ་

17a

༄༅།       །རྣམས་བསམ་པའི་ཁྱད་པར་དང་། འཕྲིན་ལས་ཀྱི་ཁྱད་པར་དང་། དཔོན་སྟོན་ཟུང་འཇུག་སོགས་ཀྱི་སྒོ་ནས་དང་པོའི་རྗེས་སུ་མཐུན་ལ། འོག་ནས་འབྱུང་བའི་ཆིན་གུར་དང་ཧཱན་གུར་ལ་སོགས་པ། (གུར་ཞེས་པ་གུར་ཁང་གི་གུར་མིན་གྱི། རྒྱ་ནག་གི་སྐད་དུ་འབངས་མང་པོ་རྒྱ་ཆེ་བ་ལ་བང་དང་། ཆུང་བ་ལ་ཀྭ་ཟེར་བའི་ལུགས་གཅིག་དང་། དེ་ལས་ལྡོག་པའི་ལུགས་གཅིག་ཡོད་པ་ལས་ཕྱི་མ་བཙན་པའི་དབང་དུ་བྱས་ཏེ། དམངས་འབངས་ཆབ་སྲིད་རྒྱ་ཆེན་པོ་ལ་ཀྭ་ཞེས་འབོད་པ་ཧོར་སོག་སྐད་དུ་ཟུར་ཆག་ནས་གུར་ཞེས་བྱུང་བ་དཔེར་ན་ཝེའི་ཀྭ་ཞེས་པར་ཟུར་ཆག་གིས་ཡོ་གུར་རམ་ཡུ་གུར་དུ་འབོད་པ་བཞིན་ནོ།།) ཕལ་ཆེར་སྟོབས་ཀྱི་སྒོ་ནས་ཕྱིའི་འབངས་མཐའ་བཞི་པར་ལུང་བཏང་ནུས་པ་རྣམས་ལ་ནི་སྟོབས་ཀྱིས་འཁོར་འགྱུར་ཏུ་བཤད་པ་མཐོང་ལ། རྒྱ་ནག་ལྷོ་པ་བྱང་པ་ལྟ་བུ་རྒྱ་ཡུལ་རིལ་པོ་མ་ཐོབ་ཀྱང་འོག་ན་ཁམས་རྒྱལ་མི་ཉུང་བ་ཡོད་པ་དག་ནི་རྒྱལ་པོ་ཆེན་པོ་དང་། པཱ་ལྔ་པཱ་བདུན་ལྟ་བུ་རྒྱལ་ཕྲན་ཐམས་ཅད་ཀྱི་ཁ་ལོ་བསྒྱུར་བ་ནི་ཁམས་ཀྱི་རྒྱལ་པོའོ། །ཙི་ནའི་ལུགས་ལ་ཁམས་རྒྱལ་ཆེ་ཤོས་རྣམས་ཤིང་རྟ་སྟོང་པར་འབོད་པའི་ངེས་ཚིག་ནི་འབངས་མི་ཁྱིམ་བརྒྱད་རེ་ལས་དམག་མི་གཅིག་རེ་བླངས་ཏེ་དེ་འདྲའི་དམག་མི་ཉི་ཤུ་རྩ་ལྔ་རེ་ལ་ཁལ་ཐེག་རྟ་བཞི་རེས་དྲངས་པའི་ཤིང་རྟ་ཆེན་པོ་གཅིག་རེ་ཕོག་པར་བྱས་སྟེ། དེ་ལྟར་ཤིང་རྟ་ཆེན་པོ་སྟོང་ཚང་བའི་དམག་དཔུང་གི་བདག་པོར་བསྒྲུབས་པའི་ཕྱིར་ཡིན་ནོ། །པཱའི་ལས་ཀ་དང་དབང་མ་ཐོབ་ཅིང་ཐེག་སྟོང་དུ་མ་ཚང་བ་རྣམས་

17b

དང་། ཤིང་རྟ་བརྒྱ་པ་ལ་སོགས་པ་ནི་རྒྱལ་ཕྲན་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། འཇམ་དབྱངས་ས་སྐྱོང་གར་གྱིས་རྣམ་རོལ་པའི། །རྨད་བྱུང་ལྷག་བསམ་ཕུལ་བྱུང་མཛད་པ་ཅན། །ཧུའང་གསུམ་དྷཱི་ལྔ་དེ་བཞིན་དབང་རྣམ་གསུམ། །ཕྱི་རབས་རྒྱལ་བློན་འདྲེན་བྱེད་ཡར་ལྟའི་ཡུལ། །ཧྥུ་ཥི་བརྒྱུད་པར་བཅས་པ་བཅུ་དྲུག་དང་། །ཤེན་ནུང་རྒྱལ་བརྒྱུད་ལོ་གྲངས་ལྔ་བརྒྱ་བཅུ། །ཧུའང་དྷཱི་རྒྱལ་སར་ལོ་གྲངས་བརྒྱ་ཐམ་པ། །དྷཱི་ལྔ་ཁྱོན་སྡོམ་བཞི་བརྒྱ་རྩ་དྲུག་གོ །ཥི་ཡ་རྒྱལ་བཅུ་བདུན་བཞི་བརྒྱ་ཞེ་གཅིག་ལོ། །ཤང་རྒྱལ་ཉེར་བརྒྱད་ལོ་གྲངས་དྲུག་བརྒྱ་དང་། །ཞེ་བཞི་ཊེའུ་གི་རྒྱལ་པོ་གསུམ་ཅུ་བརྒྱད། །ལོ་ནི་བརྒྱ་བརྒྱ་བདུན་ཅུ་རྩ་བཞིའོ། །ཞེས་སོ། །   ༈ དེ་ལྟར་ཊིའུ་གི་རྒྱལ་ཕྲན་ཐམས་ཅད་རིམ་པ་བཞིན་ཁམས་ཀྱི་རྒྱལ་པོ་རྣམས་ཀྱིས་བཅོམ་པའི་མཐར། ཡན་དབང་། ཆུའ་དབང་། ཚིན་དབང་། ཆི་དབང་། ཇོའུ་དབང་། བེའི་དབང་། ཧན་དབང་སྟེ་པཱ་བདུན་ལུས་ལ་ཊེའུ་གི་རྒྱལ་ཐ་ཡང་ཚིན་གྱི་མངའ་འོག་ཏུ་བསྡུས། འདི་དག་ལ་ཆི་ཥྱུང་སྟེ་བཙན་པོ་བདུན་ཟེར་ཞིང་། ལོ་ཉེར་བདུན་གྱི་རིང་རིམ་པ་ལྟར་ཚིན་གྱི་དབང་དུ་གྱུར་ནས་ཚིན་དབང(ཤི་ཧུའང་ཡིན)གིས་ས་སྟེང་གི་བདག་པོར་གྱུར། སྔ་མོ་ནས་ཧོར་སོག་རྣམས་རྒྱ་ནག་དང་ས་མཚམས་སྦྲེལ་མར་ཡོད་པ་ལ། ལུང་བསྟན་ཞིག་ཏུ་ཚིན་གྱི་རྒྱལ་སྲིད་ཧོར་གྱིས་བཅོམ། ཞེས་སྣང་

18a

༄༅།       །བ་རྒྱལ་པོས་གཟིགས་པས། ཧོར་སོག་གི་ཧོར་དུ་དོགས་པ་སྐྱེས་ཏེ། སོག་པོ་རྣམས་བྱང་ཕྱོགས་སུ་ཐག་རིང་ཙམ་བསྐྲད་ནས་མཚམས་མཐོར་ལྕགས་རི་བརྩིགས། ཡོན་ཏན་དང་ལྡན་ཞིང་དྲིན་ཡོད་པ་དག་རྒྱལ་ཕྲན་དུ་དབང་བསྐུར་བའི་ལུགས་རྙིང་བཞག་སྟེ། བློན་པོ་རྣམས་ལ་བཅོལ་ཞིང་ཕོག་གིས་གསོས་ལུགས་འཛུགས། དྲང་སྲོང་ཆེན་པོ་རྣམས་ཀྱིས་ཡོུའུ་ཞུན་དང་ཝེན་ཨུའུ་རིང་ལུགས་ལ་བརྟེན་ནས་མཛད་པའི་རྒྱལ་སྲིད་འཛིན་སྐྱོང་གི་བསྟན་བཅོས་རྣམས་བསྲེག་ནས་བརྒྱུད་འཛིན་ལྔ་བརྒྱ་ཙམ་བསད། སྲས་ཆེ་བ་ཧྥུ་སུ་ཞེས་བྱ་བས་མི་འགབ་ཞུས་པས་མ་དགྱེས་ནས་ས་མཐར་བསྐྲད། གོང་དུའང་ཅུང་ཟད་བྱུང་བ་ལྟར། རྒྱལ་བཟང་སྔ་རབས་པ་དག་གི་ལུགས་སྲོལ་ཕལ་ཆེ་བ་བསྒྱུར་བཀོད་བྱས་པར་སྣང་སྟེ་དུས་ལ་ཡང་བབས་པར་ངེས་སོ། །རིགས་ནི་ཥི་ཡ་རྒྱལ་སྲིད་ཀྱི་ཡུའི་རྒྱལ་པོས་རྒྱལ་ཚབ་དུ་དབང་བསྐུར་བའི་པཱེ་ཡིའི་གདུང་བརྒྱུད་ཡིང་རིགས་ཡིན་པས་ཧུ་ཝང་དྷཱིའི་གདུང་བརྒྱུད་དོ། །ལོ་བཅུ་གཉིས་བཞུགས་ནས་གཤེགས་ཤིང་། བཀའ་ཆེམས་སུ་སྲས་ཆེ་བ་བོས་ལ་རྒྱལ་སར་འཇོག་གསུངས་པ་ལྟར་བྱེད་ན་ལེགས་ཀྱང་། ནང་བློན་ཉུག་རུམ་པ་ཅོའུ་ཀའུ་དང་བློན་ཆེན་ལི་ཟི་གཉིས་ཀྱིས་བཀའ་ཆེམས་བསྣོགས་བསྒྱུར་བྱས་ནས། སྲས་ཐ་ཆུང་ཧོར་གྱི་མིང་ཅན་རྒྱལ་སར་བཞག་པ་གོང་གི་ལུང་བསྟན་ཐོག་ཏུ་བབས་པའི་རྟགས་སོ། །དེ་ཡང་

18b

ཡབ་ཀྱི་སྤྱོད་པ་རྩིང་རྩིང་འདྲ་ཡང་དཀར་ནག་འདྲེས་མ་ཞིག་ཏུ་ཡོད་པ་ལས། འདི་པས་ནག་པོ་གཤའ་མར་སྤྱད་པས། ཕྱི་ནང་ཚང་མས་མ་བཟོད་པར་སྡེ་གཟར་སླང་སྟེ་ལོ་གསུམ་ཐོག །ཉུག་རུམ་པ་ཅོའུ་ཀའུ་ངོ་ལོག་ནས་རྒྱལ་པོ་བཀྲོངས་གནམ་འོག་པ་རྣམས་སྦྲང་མཚང་བརྡོལ་བ་ལྟར་གྱུར་ཞིང་། སོ་སོར་རྒྱལ་ཆེན་ཐོབ་ཏུ་རེ་བ་དང་པཱ་རུ་རློམ་པའི་གང་ཟག་མང་ཞིག་བྱུང་། ཧཱན་ཀའུ་དྷཱིའི་བསོད་ནམས་ཀྱིས་ཁ་ལོ་བསྒྱུར་ནས་ལོ་ལྔ་ཙམ་གྱི་རིང་ལ་ཐམས་ཅད་དེའི་ཆབ་འོག་ཏུ་གྱུར་སྟེ། རྒྱལ་སྲིད་ཀྱི་མིང་ནི་ཧཱན། རིགས་ཀྱི་མིང་ལ་ལིའུ་ཟེར་ཞིང་། དྷཱི་ཡོའུ་རྒྱལ་པོའི་སྲས་བརྒྱུད་ཡིན་ཧུ་ཝང་དྷཱིའི་གདུང་བརྒྱུད་ཤིང་ས་ལ་ཆེན་པོ་ལྟ་བུའོ། །རྒྱལ་ཆེན་འདི་སྐུ་ལ་དཔལ་དང་གཟི་བརྗིད་ཀྱི་མཚན་མ་མངའ་བ། ཡི་གེ་ན་གཅིག་ངོ་མི་མཁྱེན་ཀྱང་གང་ཟག་གི་རང་བཞིན་བརྟག་པ་ལ་ཇུ་ཞག་ལས་རྣོ་བ། མ་འོངས་པའི་བྱ་བ་འགའ་ཡང་མངོན་གསུམ་དུ་གཟིགས་པ་ལྟ་བུར་ལུང་བསྟན་པ། ཡོན་ཏན་ལ་དགའ་ཞིང་གང་ལ་གང་འདུལ་གྱི་ཐབས་ལ་མཁས་པའི་སྐྱེ་སྟོབས་ངོ་མཚར་ཆེ་བ་ཅན་ཞིག་སྟེ་སྔོན་ཚིན་ཤིཧུའང་གིས་ཁམས་རྒྱལ་དང་རྒྱལ་ཕྲན་གཏན་ནས་མི་བཞེད་པར་བྱས་པ་སླར་གསོས་ཤིང་། ཉེ་དུ་དང་བློན་པོའི་རིགས་ལས་བཟང་ཞིང་དྲིན་ཆེ་བ་རྣམས་ལ་གོ་རིམ་ལྟར། དབང་དང་ཧེའུ་ཟེར་བའི་འཇའ་ས་གནང་ནས་ཁམས་ཀྱི་

19a

༄༅།       །རྒྱལ་པོ་དང་རྒྱལ་ཕྲན་གྱི་འཕྲོ་འཐུད། འོན་ཀྱང་སོ་སོའི་ངོ་སྐལ་གྱི་ཁྲལ་དཀོར་བ་ལ་དབང་ཞིང་སྲོག་ལ་མི་དབང་བར་མཛད། རྒྱལ་པོ་གསུམ་པ་ཝེན་དྷཱིའི་ཐུགས་བསམ་དཀར་ལ་སྤང་བླང་གཙང་བས་ལྷོ་ཕྱོགས་ཀྱི་མཐའ་མི་རྣམས་དད་པས་མགོ་འབུལ་བྱས། ལོ་ལེགས་ཤིང་འཇིག་རྟེན་བདེ་བས་སྐྱེ་རྒུ་ངང་གིས་དུལ་ཞིང་ཉེས་པར་སྤྱོད་པ། ཆེས་སྲབ་དུ་སོང་བས་མི་རབས་གཉིས་ཀྱི་རིང་ལ་བཙོན་ར་སྟོང་ལ་ཁད་པ་བྱུང་། ལྔ་པ་ཨུ་དྷཱི་རྒྱལ་པོ་ཞེས་བྱ་བ་རང་བཞིན་དང་གནང་ལུགས་མེས་པོ་ཀའུ་དྷཱི་དང་དབྱིབས་མཚུངས་པ་རྒྱལ་སར་སྒང་ལོ་ལྔ་བཅུ་རྩ་བཞི་བཞུགས་པ་དེའི་དུས་སུ། བཀྲ་ཤིས་པའི་མཚན་མ་མང་པོ་བྱོན། སྲིད་སྲུང་ལ་སོགས་པའི་རིག་བྱེད་ཀྱང་ཤིན་ཏུ་དར། རྒྱལ་པོ་སྔོན་བྱུང་ཆོས་རྒྱལ་ས་ཐོབ་ལོ་ལ་མིང་འདོགས་པའི་སྲོལ་མེད་ཀྱང་། ཁོང་གི་ཀིའན་ཡན་ཞེས་པའི་མིང་འདོགས། དེ་མཚུངས་དགུན་གྱི་ཉི་ལྡོག་ནས་ལོ་འགོ་འཛིན་པ་དང་། རྒྱལ་སྲིད་གྱི་ཁམས་དར་བའི་ཟླ་བ་ནས་ལོ་འགོ་འཛིན་ཚུལ་ཡོད་པ་རྣམས་དགག་ནས་དཔྱིད་ར་ནས་ལོ་འགོ་འཛིན་སྲོལ་གཏོད། ཁ་དོག་ལ་སེར་པོ་གཙོ་བོར་མཛད་པ་སོགས་ཀྱི་ཞལ་བཀོད་གནང་བའི་ལུགས་རྣམས་ད་ལྟའི་བར་རོ། །ཐབས་འཇམ་རྩུབ་སྦྲགས་མས་མཐའ་འབངས་མང་པོ་དབང་དུ་བསྡུས། སོག་པོ་རྣམས་ཕོ་རྩལ་གཡགས་པས་ཕྱི་རབས་པར་

19b

གནོད་དོགས་ཀྱིས། སྙད་ལ་བརྟེན་ནས་དམག་ཁ་ཡར་རྒྱབ་ཀྱང་རྒྱལ་ཕམ་རེ་མོས་ཙམ་ལས་ཆེར་མ་ཐུབ་ཟེར་ཡང་ཕུགས་རྒྱལ་ཁ་ཐོབ། མནང་དུ་བྱུང་བའི་ཧོར་རྫས་ཀྱི་ཁྲོས་ནས་སྟོན་པའི་གསེར་སྐུ་ཆེ་བ་ཞིག་རྙེད་དེ་ནང་གི་ཕོ་བྲང་ན་བཀུར་སྟི་ཆེན་པོས་རྒྱུན་མཆོད་བྱས་པ་དཀོན་མཆོག་གི་རྟེན་གྱི་ཐོག་མ་ཡིན་མོད། དེ་དུས་རྒྱ་གར་དང་འགྲུལ་འབྲེལ་ཡོད་ཀྱང་དོན་དུ་མ་གཉེར་རམ་གང་ལྟར་དུས་ལ་མ་བབས་པས་ད་དུང་དམ་པའི་ཆོས་ཀྱི་རྒྱལ་མཚན་མ་འཛུགས་སོ། །ལན་གཅིག་ལྷུན་པོ་ལྔའི་རི་བོ་དབུས་མར་རང་ཉིད་གསོལ་མཆོད་བྱེད་སྐབས། ནམ་མཁའ་ལས་ཝཱན་སུའི་ཞེས་པའི་སྒྲ་ལན་གསུམ་བྱུང་བ་ཁྱབ་བརྡལ་དུ་ཐོས་པས་རྒྱལ་པོ་དེ་ཉིད་ནས་བཟུང་ད་ལྟའི་བར་རྒྱལ་པོ་ཆེན་པོ་རྣམས་ལ་ཝཱན་སུའི་སྟེ་ཚེ་ལོ་ཁྲི་པར་འབོད་པའི་སྲོལ་ཆགས། ཡང་གཅིག་འཁོར་དང་བཅས་པས་གྲུ་རྫིང་ཆེན་པོ་ལ་ཞུགས་ཏེ་ཤར་གྱི་རྒྱ་མཚོར་དགའ་འདུན་གྱིས་རོལ་སྐབས། ཀླུ་མ་རུང་བ་ཞིག་འབྲུག་འཇིགས་སུ་རུང་བའི་གཟུགས་ཀྱིས་ཐོ་འཚམས་པར་བརྩི་ཙ་ན་རྒྱལ་པོས་མདའ་གཅིག་རྒྱབ་སྟེ་ལྔ་པའི་ལམ་དུ་བཏང་། ཡང་ལན་གཅིག་རྨ་ཆུ་མལ་རྙིང་ནས་ཏུན་ཁིའུ་ཕྱོགས་སུ་སྤོས་ཏེ། མཁར་ཆེན་པོ་བཅུ་དྲུག་གིས་གཙོ་བྱས་གྲོང་ལྗོངས་མང་པོ་བཅོམ་པས། བློན་ཁག་ཁ་ཤས་དང་ཁོལ་པོ་འབུམ་ལྷག་ཆེད་དུ་མངགས་ཏེ་རྡོ་རིངས་

20a

༄༅།       །ལ་རྡོ་ཐལ་གྱི་ནང་འབྱར་དང་ལྕགས་ཐག་སོགས་འབྲེལ་སྡམ་གང་དྲགས་གྱི་ཆུ་ལོན་འགྲམ་སྟེགས་སུ་བྱས་ཀྱང་། གྲུབ་པའི་ཕྲལ་ཕྲལ་དུ་ཞིག་པས་མི་ནོར་མང་པོ་ཆུས་ཟོས་པ་ལས། ཕན་པ་ཅུང་ཙམ་ཡང་མ་བྱུང་བར་ལོ་ཉི་ཤུ་སོང་ཐོག་རྒྱལ་པོས་ལམ་ཞོར་ལ་དེ་ཀར་ཕེབས། རྟ་དཀར་པོ་དང་གཡང་ཊི་སྔོན་པོས་མཆོད་ཅིང་གསུང་དམོད་བཅོལ། བཀའ་བློན་ཆེ་ཆུང་དང་། དཔུང་ཚོགས་བཞི་ལས་རྩ་ཤིང་ཁུར་པོ་རེའི་ཁྲལ་བླངས་ཏེ་རྒྱུན་ལམ་འགག་ལ་ཆག་ཆག་གདབ། དེའི་སྟེང་དུ་བཞུགས་གནས་གསེར་ཁང་སྡེ་སྐོར་གཅིག་བཞེངས་པས། རྨ་ཆུ་རང་མལ་རྙིང་པར་བླུགས་པ་བཞིན་ལོག་སྟེ། འགྲོ་བ་གྲངས་མེད་པ་ཆུ་འཇིགས་ཀྱི་སྡུག་བསྔལ་ལས་ཡོངས་སུ་ཐར་ཏེ། ཁོང་གི་སྐུ་ཚེ་སྨད་ཀྱི་དུས་ཙམ་ནས་སོག་པོ་ནང་འཁྲུགས་ཀྱིས་རྒུད་ནས་ཧཱན་ལ་རེ་ལྟོས་འཆའ་བར་གྱུར་ལ། གཞན་ཡང་ལྷོ་ཕྱོགས་ནས་བྱང་ཤར་གྱི་བར་ན་གནས་པའི་ཨན་ནན། རྒྱ་གར་འགའ་ཞིག་དང་། འཇང་ཡུལ། བོད། ཡུའི་ཐའིན། ཏཱ་ཝན། ཡུ་ཝེ་ཊི། ཨན་སི། ཞན་གཞུང་། ཡེ་ལང་། ཤུ་ལེ། ཨུ་སུན། ལ་སོགས་པའི་ལེ་དབར་བཞི་ཁྲི་ཚུན་གྱི་དཔོན་ཁག་ཆེ་ཤོས་ཚོ་ལ་ལུང་ལས་གནང་ཞིང་། དེ་བཞིན་དུ་ཨུ་ཧུའན། སིའན་པེའི་ཀའུ་ལི་ལ་སོགས་པའི་

20b

ཤར་དང་ཤར་ལྷོར་གནས་པ་དག་ཀྱང་། ཆེན་པོ་ཧཱན་གྱི་འཇའ་ས་དང་ཐམ་ཀ་འཆང་བ་ཁོ་ནར་གྱུར་ཏོ། །རྒྱལ་སྲིད་འདི་ལ་རྒྱལ་རབས་ཉི་ཤུ་རྩ་དྲུག་བྱུང་བའི་བཅུ་གསུམ་པ་ཀུའང་ཨུ་རྒྱལ་པོའི་སྐུ་ཡོན་དང་བསོད་ནམས་མེས་ཐོག་དང་མཚུངས་པར་གྱུར་པས་རྒྱ་གར་གྱི་སའི་ཆ་བཅུ་དྲུག་གི་རྒྱལ་པོ་བཅུ་དྲུག་པོ་ཚང་མས་རང་རང་གི་རིགས་སྲས་ཆེད་དུ་མངགས་ཏེ་སོ་སོའི་ཡུལ་རྫས་ལེགས་སྐྱེས་སུ་ཕུལ་ཞིང་འཇའ་ས་བླངས། ཚེ་འཇུག་ན་ལྷུན་པོ་ལྔའི་ནང་གི་ཤར་གྱི་རི་ལ་གསོལ་མཆོད་མཛད་སྐབས། གཞི་སྤྲིན་ཡིན་པ་ལ་རྣམ་པ་ཁང་རྩེགས་དང་མཁར་རྫོང་ཤིན་ཏུ་གསལ་བ་ཁ་དོག་སྣ་ཚོགས་པ་ཤར། ཕོ་བྲང་གི་ཉེ་འདབས་སུ་བདུད་རྩིའི་ཆུ་མིག་ཆེན་པོ་རྡོལ། གཅོང་ནད་དང་སྨན་སྤྱད་གྱིས་གཏུགས་པའི་ནད་རིགས་ཕལ་ཆེར་དེ་འཐུང་བ་ཙམ་གྱིས་དངས་པར་གྱུར་པ་བྱུང་ངོ་། །དེའི་སྲས་མིང་དྷཱི་རྒྱལ་པོས་སངས་རྒྱས་ཀྱི་བསྟན་པའི་དབུ་ཐོག་མར་བརྙེས་པ་ཡིན་སྟེ་འཆད་པར་འགྱུར་རོ། །སྤྱིར་ཧཱན་གྱི་རྒྱལ་པོ་ཕལ་ཆེར་ངང་རྒྱུད་བཟང་ཞིང་ཡོན་ཏན་ཅི་རིགས་པ་དང་ལྡན་པ་ལགས་ཤིང་བློན་པོ་མཁས་པ་དང་དཔའ་ཞིང་མཛངས་པ་མང་པོ་བྱུང་བས་དུས་སྐབས་དང་བསྟུན་པའི་རིང་ལུགས་ཇི་སྙེད་ཅིག་འཛུགས་པ་དག་ཤིན་ཏུ་དཔྱད་བཟོད་ཆེ་བས་ཕྱི་དུས་ཀྱི་ས་སྐྱོང་ཐམས་ཅད་དམིགས་བསལ་འགའ་མ་གཏོགས་

21a

༄༅།        །ཤུལ་འཇགས་སུ་འབྲངས་པ་ལས་བསྒྱུར་བཀོད་མ་བྱས་ཤིང་བྱེད་པར་མི་འགྱུར་ལ། ད་ལྟ་ཡང་རྒྱ་མི་ལ་ཧཱན་གཞིན་རྒྱ་ཡིག་ལ་ཧཱན་ཝེན་ཟེར་བ་ནི་ཧཱན་འབངས་ཀྱི་བག་ཆགས་པའི་དོན་ནོ། །དེ་དག་གི་ནང་ནས་ཆེང་དྷཱི་ཧཱན་དྷཱི་གཉིས་འདོད་ཡོན་ལ་ཆགས་ཞེན་ཆེ་བས་རྒྱལ་སྲིད་ལ་རྨ་འབྱིན་ཞིང་། ཡྭན་དྷཱི་ཥྱན་དྷཱི་གཉིས་ཧ་ཅང་འཇམ་ཐལ་བས་བློན་པོ་ཚོ་ལ་དབང་ཤོར་བ་དང་། རྒྱལ་པོ་འགའ་ཞིག་བྱིས་དུས་ནས་ཞིང་བརྗེས་པས་མ་རུངས་པ་དག་གིས་གླགས་བརྙེད་དེ། བར་སྐབས་སུ་ཝང་ཡང་ཟེར་བའི་ཞང་བློན་ཞིག་གིས་རྐུ་ཐབས་ཀྱིས་འཕྲོག་ནས་ལོ་བཅོ་ལྔ་བཟུང་བ་དང་ཚའུ་ཚོའུ་བརྒྱུད་པར་བཅས་ལོ་འགའ་རྒྱལ་པོར་རློམ་པ་བྱུང་ཡང་། དམངས་མ་རྣམས་མི་མགུ་ཞིང་། ཧཱན་གྱི་རྒྱལ་བརྒྱུད་རྣམས་ཀྱང་འཕྲོ་འཐུད་དུ་བྱུང་བས་གོ་མི་ཆོད་ལ། ལོ་བཞི་བརྒྱ་དྲུག་ཅུ་རེ་བདུན་གྱི་ཐོག །རྒྱལ་པོ་ཧེའུ་ཅུས་རྒྱལ་སྲིད་ཤོར་སྟེ། རྒྱལ་ས་ཇིན་ཨུ་དྷཱིས་ཐོབ་པོ། །ཆེན་པོ་ཧཱན་གྱི་སྐབས་སོ། །ཇིན་རྒྱལ་སྲིད་ཀྱི་ཞི་ཙུ་ཨུ་ཧུའང་དྷཱི་ཞེས་བྱ་བ་འདི་ཚའུ་ཚོའི་བློན་ཆེན་ཞིག་གི་རིགས་སྟེ། ངང་པའི་རྐང་པར་གངྒའི་བུ་བཞིན་འཐོར་བསྡུད་ལེགས་པ་ཞིག་མཛད་ཀྱང་རྒྱལ་རབས་གཉིས་པ་ཧུའི་དྷཱི་ཧ་ཅང་གླེན་ཅིང་། རྒྱལ་མོ་ཡང་ཧ་ཅང་ཐུ་བས་ནང་འཁྲུགས་སླང་། དེའི་རྐྱེན་གྱིས་ཕྱི་འཁྲུགས་དགུག་སྟེ་

21b

མོག་མོག་པོར་གྱུར་ཧུའི་དྷཱི་དུག་གིས་འགུམས་ཤིང་། རབས་གསུམ་པ་དང་བཞི་པ་གཉིས་སོག་པོས་བཀྲོངས། ལྔ་པ་ཡྭན་དྷཱིས་ཀིའང་ནན་དུ་བྲོས་ནས་ནན་ཀིང་ལ་འདུན་སོ་ཚུགས། (རྒྱ་ནག་ལྷོ་པ།) རྒྱལ་སྲིད་ཀྱི་གསུམ་གཉིས་ཙམ་ཤོར། ས་སྟེང་ན་ཧོར་རིགས་ལྔས་གཙོ་བྱས། རྒྱལ་པོ་བཅུ་བདུན་བྱུང་ཞིང་ང་ཆེ་ང་བཙན་བྱས། དེ་ཡང་ཇིན་གྱི་རྒྱལ་རབས་བཅུ་བཞི་པ་ཨན་དྷཱིའི་དུས་སུ། ཡུ་གུར་གྱི་རྒྱལ་པོ་བྱུང་ནས་ཀིའང་ནན་མ་གཏོགས་ཐམས་ཅད་མངའ་འོག་ཏུ་བཅུག །སའི་ལྟེ་བར་འདུན་སོ་བཙུགས་ཤིང་མཐའ་འབངས་ཕལ་ཆེ་བར་དབང་། མངའ་ཐང་ཤིན་ཏུ་ཆེ་བ་དང་རྒྱལ་བློན་མཁས་པ་མང་པོར་བྱོན་པ་སོགས་ཧཱན་གྱི་སྐབས་དང་དབྱིབས་མཚུངས་པ་ཞིག་སྟེ། རིགས་ནི་སྔར་བཤད་པ་ལྟར་ཧུ་ཝང་དྷཱིའི་གདུང་བརྒྱུད་ཤིང་ས་ལ་ཆེན་པོ་ལྟ་བུ།(བྱང་པ།) སྲིད་ཀྱི་མིང་ནི་ཝེའི། རྒྱལ་པོ་རབས་བཅུ་གསུམ་ལ་ལོ་བརྒྱ་ལྔ་བཅུ་ཐོབ་པའི་མཐར་ཡུ་གུར་གཡས་གཡོན་གཉིས་སུ་ཕྱེ། མི་རིང་བར་སོ་སོའི་བཀའ་བློན་རྣམས་ཀྱིས་ཕྲོགས་ནས་ཆི་དང་ཇེའུ་ཟེར་བའི་རྒྱལ་སྲིད་གཉིས་བྱུང་། ཛིན་གྱི་རྒྱལ་སྲིད་ཀྱང་རབས་བཅོ་ལྔ་པ་ལ་དམག་དཔོན་ལིའུ་ཡུས་ཕྲོག་པའི་རྒྱལ་སྲིད་ཀྱི་མིང་ནི་སུང་། དེའི་རབས་བརྒྱད་པ་ན་ཆིང་སང་སི་ཡོའུ་དོའུ་ཆེང་གིས་ཕྲོགས་སྟེ་རྒྱལ་སྲིད་ཀྱི་མིང་ནི་ཆི།(སྔ་མ་བྱང་ཆི། འདི་ལྷོ་ཆི།) དེའི་རྒྱལ་རབས་བདུན་པ་ན་རྒྱལ་སྲིད་དམག་དཔོན་ཟིའོའུ་ཡན་གྱི་ལག་ཏུ་བྱུང་སྟེ། འདི་ལ་རྒྱལ་

22a

༄༅།       །སྲིད་ཀྱི་མིང་ལིཡང་ཡིན་པས་ལིཡང་ཨུ་དྷཱི་ཟེར་ཞིང་སྤྱིར་རིག་བྱེད་ཀྱི་ཡོན་ཏན་ཆེ་ལ་ལྷག་པར་སངས་རྒྱས་ཀྱི་བསྟན་པ་ལ་དད་འདུན་ཆེ་བ་ཞིག་སྟེ། ལོ་བཞི་བཅུ་རྩ་བརྒྱད་བཞུགས་ནས་གཤེགས་སོ། །དེའི་རབས་བཞི་པར་བློན་ཆེན་ཋེན་པཱ་ཟི་ཡན་གྱིས་ཕྲོགས་པའི་རྒྱལ་སྲིད་ཀྱི་མིང་ནི་ཋེན་ནོ། །འདི་དག་ཀྱང་ཡུ་གུར་དང་ལྷོ་བྱང་སྦྲགས་མར་གནས་ཤིང་། མཐར་ཡུ་གུར་གྱི་བློན་པོའི་རིགས་ལས་བྱུང་བ། རེའུ་གི་བློན་པོ་ཡང་ཀིའན་ཀྱིས་གནམ་འོག་པ་མཐའ་དག་ལ་མངའ་དབང་བསྒྱུར་བ་བྱུང་སྟེ། རྒྱལ་སྲིད་ཀྱི་མིང་ནི་སུས་སོ། །ཇིན་དང་ཡུ་གུར་ལ་སོགས་པའི་སྐབས་སོ། །དེ་ལ་སུས་ཝེན་དྷཱི་ཟེར་ཞིང་རྒྱལ་རབས་གཉིས་པ་སུས་ཡང་དྷཱི་སྟེ་ཡབ་སྲས་གཉིས་ཀྱི་རིང་ལ་མངའ་ཐང་ཤིན་ཏུ་རྒྱ་ཆེ་བ། གང་ཅི་ཆེན་པོ་ཧཱན་དང་མཚུངས་པར་གྱུར་ཀྱང་། སྲིད་སྐྱོང་ལུགས་མི་མཚུངས་ཤིང་། ལྷག་ཏུ་མང་དྷཱིའི་སྤྱོད་ལམ་ཧ་ཅང་ངན་པས་རྒྱལ་སྲིད་རལ་སྟེ། འཇིག་རྟེན་ན་རྒྱལ་པོ་བཅུ་དགུ་བྱུང་ཞིང་འཐབ་རྩོད་བྱས། ཡང་དྷཱི་བློན་པོའི་ལག་ཏུ་འགུམ། དེའི་སྲས་ཀུང་དྷཱིའི་ལོ་གཅིག་བཅས་རབས་གསུམ་སྡོམ་པར་ལོ་ཉེར་དགུའི་མཐར་རྒྱལ་སྲིད་ཐང་ཁམས་ཀྱི་རྒྱལ་པོ་ལི་ཡུའན་གྱིས་ཐོབ་པོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆེན་པོ་ཧཱན་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར། ཉི་ཤུ་རྩ་དྲུག་བཞི་བརྒྱ་རེ་བདུན་ལོ། ཇིན་དང་ཡུ་གུར་སོགས་དང་སུས་རྒྱལ་

22b

སྲིད། རྫོགས་པར་ལོ་གྲངས་གསུམ་བརྒྱ་ང་གསུམ་མོ། །ཞེས་སོ། །   ༈ ལི་ཡུའན་འདིའི་རིགས་ལ་གསལ་ཁ་མི་སྣང་ཞིང་། ཁ་གཅིག་སྟོན་པ་ལོའུ་ཀྱུན་གྱི་གདུང་བརྒྱུད་ཡིན་ཟེར་ཡང་ཐེ་ཚོམ་ཅན་དུ་བཤད་ལ། རྒྱལ་སྲིད་ཀྱི་མིང་ནི་ཆེན་པོ་ཐུང་ངོ་། །དེ་ཡང་ཁོང་གི་རྒྱལ་ས་ཐོབ་པའི་རྒྱུ་རྐྱེན་མཐའ་དག་སྲས་གཉིས་པ་སིཡོའུ་ཆིན་དབང་ངམ་མཚན་དངོས་ལི་ཞི་མིན་གྱི་དཔའ་འཛངས་རྟུལ་ཕོད་ཁོ་ན་ལས་བྱུང་བ་ཡིན་པས། ལོ་དགུའི་ཐོག་ན་རྒྱལ་ས་སྲས་གཉིས་པར་སྟེར། འདི་ནི་བོད་རྣམས་སེང་གེ་བཙན་པོར་འབོད་པ་ཐང་ཐའི་ཙུང་རྒྱལ་པོ་སྟེ། བོད་རྒྱལ་སྲོང་བཙན་གྱི་བཙུན་མོ་ཝེན་ཆེང་ཀུང་ཅུའི་ཡབ་ཡིན་ནོ། །ལུགས་ཟུང་ལ་མཁས་ཤིང་བསོད་ནམས་ཆེ་བ་ཚེར་མ་བཀྲུགས་མཁན་དུ་གནམ་གྱིས་སྐོས་པའི་ས་སྐྱོང་ཆེན་པོ་ཞིག་གོ །ཐུང་གུར་འདི་ལ་རྒྱལ་པོ་རབས་ཉི་ཤུ་བྱུང་བ་ལས་རེ་གཉིས་ཙམ་མ་གཏོགས་སྤྱིར་ཆོས་ལ་དཀར་བ་ཤ་སྟག་དང་བྱེ་བྲག་ཏུ། ཐའི་ཙུང་དང་རྒྱལ་རབས་དྲུག་པ་མིང་ཧུའང་གཉིས་ཀྱི་དུས་སུ། ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་རྒྱ་ཆེར་དར་ཞིང་། ལོངས་སྤྱོད་མངའ་ཐང་དང་མཐའ་མིའི་འདུད་ཚུལ་སོགས་ནི་ཆེན་པོ་ཧཱན་གུར་གྱི་རྗེས་སུ་སྙེགས་ཀྱང་། རྒྱལ་མོ་གདུག་རྩུབ་ཅན་ཨུ་ཙེ་ཐིའན་ལ་སོགས་པ་མོ་རིགས་དབང་ཆེ་བ་མི་ཉུང་ཙམ་དང་། ནང་གི་ཉུག་རུམ་པ་རྣམས་དང་།

23a

༄༅།       །ཕྱིའི་ཕྱོགས་སྐྱོང་ཞིང་སྐྱོང་གི་དཔོན་ཁག་བཀའ་ལ་མི་སྡོད་པ་མང་དག་བྱུང་བས། སྐྱིད་སྡུག་ཟློས་གར་རྩེ་བ་ལྟ་བུར་སྟོན་སྟེ། རྒྱལ་ཚོད་ཅུང་ཟད་ཞན་ལ། ལོ་གཉིས་བརྒྱ་བརྒྱད་ཅུ་རྩ་དགུའི་མཐར་བློན་པོ་ཅུ་ཝེན་གྱིས་ཕྲོགས་སོ། །ཁོ་པའི་རང་སྲིད་ལ་ལིའང་ཕྱི་མ་ཟེར་སྟེ། རབས་གཉིས་ཐོག་ཆེན་པོ་ཐང་གི་ཁམས་ཀྱི་རྒྱལ་པོ་ཧོར་རིགས་ལི་ཚུན་ཥུས་ཀྱིས་ཚར་བཅད་དེ་རྒྱལ་ཁྲིར་བཞུགས་ཤིང་སྲིད་མིང་སླར་ཡང་ཐང་དུ་འདོགས་པ་ཐང་ཕྱི་མ། རབས་བཞི་པར་དེའི་མག་པ་རྒྱལ་ཕྲན་ཞི་ཀིང་ཐང་གིས་ཕྲོག་ཏེ་བཟུང་བའི་སྲིད་མིང་ཇིན་ཕྱི་མ། དེའི་རབས་གཉིས་པ་ཁི་དན་གྱིས་བཅོམ་པའི་ཤུལ་དུ། ཁམས་ཀྱི་རྒྱལ་པོ་ལིའུ་ཊི་ཡྭན་ཞེས་བྱ་བས་རྒྱ་ནག་གི་ས་སྐྱོང་བྱས་པའི་སྲིད་མིང་ཧཱན་ཕྱི་མ། དེའི་རབས་གཉིས་ཐོག །རྒྱལ་ཕྲན་ཀོ་ཝེའི་གིས་རྒྱལ་པོ་བྱས་པའི་མིང་ནི་ཇེའུ་ཕྱི་མ། དེའི་མི་རབས་གསུམ་པའི་སྐབས་དམག་དཔོན་ཆེན་པོ་ཅོའུ་ཁུའང་ཡེན་གྱིས། ཐུན་མོང་གི་འདོད་པ་ལྟར་རྒྱལ་སར་བཞུགས་པའི་རྒྱལ་སྲིད་ཀྱི་མིང་ནི་ཆེན་པོ་སུང་ངོ་། །ལིའང་སྲིད་ལ་སོགས་པ་གོང་དུ་སོང་བའི་རྒྱལ་པོ་རིགས་ལྔ་ལ་ཨུ་དའི་སྟེ་གུར་རབས་ལྔའམ་སྲིད་རབས་ལྔ་ཟེར་ཞིང་། ཁྱོན་སྡོམ་ལོ་ལྔ་བཅུ་ང་གསུམ་ཙམ་ལོན་ཏོ། །དེ་ཡང་ཆེན་པོ་ཐང་གི་དུས་སྨད་ཙམ་ནས་བྱང་ཕྱོགས་སུ་ཁི་དན་ཧོར་གྱི་རྒྱལ་པོ་

23b

བྱུང་སྟེ། རྒྱ་ནག་གི་བྱུང་མཐའ་ཅེའུ་མཁར་བཅུ་དྲུག་ལ་དབང་ཞིང་གཞན་ཡང་རྒྱ་ནག་རང་ལ་སྟག་སེང་ཆེ་སོར་འགྱིང་བའི་མི་དབང་བཅུ་གཉིས་ཙམ་བྱུང་བ་ལས། ཧོར་མ་གཏོགས་པ་རྣམས་རིམ་པ་ལྟར་སུང་གི་མངའ་འོག་ཏུ་གྱུར་ཏོ། །འདི་ལ་རྒྱལ་བློན་མཁས་པ་མང་པོ་སྔ་ཕྱིར་བྱོན་པས་སེམས་ཅན་གྱི་བདེ་སྐྱིད་དང་རིག་གནས་མཐའ་དག་དར་སོ་ཆེ་བ་སོགས་ཀྱི་རྣམ་ཐར་བཟང་པོ་ཧཱན་དང་ཐང་གི་སྐབས་དང་འདྲ་ཡང་། མཐའ་མི་ལ་དབང་བའི་སྐལ་བ་ནི་མེད་འདུག །རྒྱལ་རབས་བཞི་པའི་སྐབས་ན་ནུབ་ཕྱོགས་ཀྱི་ཁམས་རྒྱལ་ལི་ཡྭན་ཧཱའུ་ངོ་ལོག་ནས་རང་ཚུགས་ཐུབ་པ་བྱས། རྩ་བ་ཡུ་གུར་རྒྱལ་པོའི་རིགས་ལས་མཆེད་པས་ཧུ་ཝང་དྷཱིའི་གདུང་བརྒྱུད་ཡིན་པ་ལ། སྔོན་མེས་པོ་ཐོ་བྲག་ཧུ་ཝའི་ཀུའང་ཆེན་པོ་ཐང་གི་ཞབས་འདེགས་བྱས་པས་ནུབ་མཐའ་སྐྱོང་བར་དབང་བསྐུར་ཞིང་། ཐང་རང་གི་རིགས་སུ་གཏོགས་པར་མཛད་དེ་ལི་རིགས་གནང་བ་ལ་བརྟེན་ནས་ཕྱིས་ལི་རྒྱལ་དུ་འབོད་ཅིང་། ཡུལ་ལའང་ལི་ཡུལ་ཟེར་ཡང་ངོ་མ་འཇང་ཡུལ་ལོ། །རྒྱལ་སྲིད་ཀྱི་མིང་ནི་ཥི་ཡ་ཡིན་ལ། བོད་རྣམས་འཇང་ས་ཏམ་རྒྱལ་པོ་ཟེར་རོ། །སྐབས་སྔ་ཕྱིར་ཁི་དན་དང་། ཇུར་ཆིད(ངོ་མ་སུ་ཞེན་ཏེ་དམངས་མ་ཞེས་པའི་དོན་ཡིན་ལ། རྒྱ་ནག་གི་ཏུའི་ཞིན་དང་། སོག་པོ་དག་གིས་ཇུར་ཆིད་དུ་འབོད་པ་གཉིས་ཀ་ཟུར་ཆག་ཡིན་ཅིང་མན་ཇུ་ཡང་ཟེར།)ལ་ལེགས་འབུལ་གྱི་འབྲེལ་ཐོགས་ཆེ། ཆོས་ལ་

24a

༄༅།       །ཤིན་ཏུ་དཀར། མི་རབས་བཅུ་གཉིས་ལ་ལོ་གཉིས་བརྒྱ་ཞེ་གཉིས་ཐོབ་པའི་མཇུག་ཇིང་གིར་རྒྱལ་པོས་བཅོམ་མོ། །སུང་གུར་ཀྱང་ཁི་དན་དང་རྒྱལ་ཕམ་ཁ་ཡར་སོང་བའི་མཐར་ཕུ་ནུར་འཐམ་ཁུལ་བྱས་ཀྱང་། རབས་བརྒྱད་པ་ཧུས་ཙུང་རྒྱལ་པོས་ཤར་ཕྱོགས་ཇུར་ཆིད་དང་མཛའ་བོར་འཐམ་སྟེ་སྡོངས་སྟོབས་ཀྱིས་ཁི་དན་བསྣུབ། ཁི་དན་གྱི་རྒྱལ་པོ་ནི། ཧུའང་གཉིས་པ་ཡན་དྷཱིའི་བརྒྱུད་པ་སྟེ་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའོ། །རྒྱལ་སྲིད་ཀྱི་མིང་ནི་དའི་ལི་ཡོའུ། རྒྱལ་བསྟན་ཡང་དར་སོ་ཆེ། རྒྱལ་རབས་དགུ་དང་ལོ་ཉིས་བརྒྱ་ཉི་ཤུ་ཐུབ་པའི་མཐར་རྒྱ་ནག་དང་མན་ཇུས་བཅོམ་སྟེ་བྱེད་ནས། བྱང་པ་དང་གཡས་རུ་གཉིས་སུ་ཕྱེ་བའི་སྔ་མའི་གསལ་ཁ་མི་སྣང་ལ། ཕྱི་མ་ནི་སྲིད་རྙིང་འཕྲོ་འཐུད་ཀྱི་ཚུལ་དུ་ལོ་བརྒྱད་ཅུ་རྩ་བརྒྱད་ཀྱི་རིང་སྐྱོང་བའི་མི་རབས་ལྔ་པར་སོག་པོ་ནའི་མན་གྱི་བདག་པོས་བསྣུབས། ནའི་མན་ཀྱང་ཇིང་གིར་རྒྱལ་པོས་བཅོམ་མོ། །ཁི་དན་ཞིག་ནས་རིང་བར་ཇུར་ཆིད་ཀྱིས་སུང་སྲིད་བཅོམ་ནས་ཡུལ་དབུས་ཐོབ། རྒྱལ་རིགས་ཀྱི་དབང་ཞིག་ལྷོ་གིའང་ནན་ལ་བྲོས་ཏེ་སྲིད་རྙིང་གི་འཕྲོ་མཐུད་ཅིང་། ཇིན་སྨད་ཀྱི་རྟུལ་ཞུགས་འཛིན་པ་བྱས། འོན་ཀྱང་ཇུར་ཆིད་དང་རེ་ཞིག་དཔོན་གཡོག་དང་རེ་ཞིག་ཕ་བུར་འཐམ་ཞིང་ལོ་ལྟར་གྱིས་ཁྲལ་འབུལ་སོགས་བྱས་པས་ཇིན་སྨད་ལས་ཀྱང་ཞན་ནོ། །ཇུར་ཆིད་ཀྱི་སྲིད་མིང་ནི་དའི་ཀིན།

24b

གསེར་གྱི་རྒྱལ་པོ་ཡང་ཟེར། མངའ་ཐང་ཁི་དན་དང་མཉམ་ལ་ཆོས་ལ་ཡང་དཀར་བར་འདུག་སྣང་། ལོ་བརྒྱ་ཉི་ཤུ་སོང་མཚམས་རྒྱལ་པོ་བཅུ་པའི་ཐོག །ཇིང་གིར་གྱི་རྒྱལ་རབས་གཉིས་པ་ཐའི་ཙུང་རྒྱལ་པོས་བསྣུབས། དེའི་ཚ་བོ་སེ་ཆེན་རྒྱལ་པོས་སུང་གི་རྒྱལ་སྲིད་ཀྱང་ཐོབ་པོ། །ཆེན་པོ་སུང་གི་རྒྱལ་སྲིད་ལ་སྔར་སྒང་ལོ་ཆིག་བརྒྱ་རེ་བདུན་གྱི་རིང་རྒྱལ་པོ་དགུ་དང་། ཕྱི་མར་ལོ་བརྒྱ་ང་གསུམ་ལ་ཡང་རྒྱལ་པོ་དགུ་བྱུང་ངོ་། །ཆེན་པོ་ཐང་དང་སུང་གུར་ལ་སོགས་པའི་སྐབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཐང་གི་ལོ་གྲངས་གཉིས་བརྒྱ་གྱ་དགུ་དང་། །རྒྱལ་པོ་ཉི་ཤུ་སྲིད་རབས་ལྔ་ཡི་ལོ། །ལྔ་བཅུ་རྩ་གསུམ་སུང་རྒྱལ་བཅོ་བརྒྱད་ཀྱིས། །ལོ་གྲངས་གསུམ་བརྒྱ་ཉི་ཤུར་རྒྱལ་སྲིད་བཟུང་། །ཞེས་སོ། །   ༈ ཇིང་གིར་ནས་བཟུང་སེ་ཆེན་གྱི་བར་རྒྱལ་པོ་ལྔའི་རིང་ལ་ས་སྟེང་གི་སྐྱེ་རྒུ་ཕལ་ཆེ་བ་མངའ་འོག་ཏུ་བསྡུས་ཏེ་བྱང་ཕྱོགས་ཁིན་ཆ(འདི་ན་དབྱར་ཐའི་མཚན་མོ་ཇ་ཡུན་ཙམ་གྱིས་ཐུང་།)ཟེར་བའི་འབངས་ཚུན་ཆད་དང་ཕྱོགས་གཞན་གསུམ་གྱི་རྒྱ་མཚོའི་གླིང་པ་གཞི་པེན་དང་ཧྥུ་སང་དང་སི་ཡན་ལོ་དང་སི་ཡང་ལ་སོགས་པ་མང་པོ་དག་ལ་མངའ་དབང་བསྒྱུར་བས་མངའ་ཐང་ནི་ཧཱན་ཐང་གི་སྐབས་ལས་གཉིས་འགྱུར་གྱི་ཆེ་ལ། རྒྱལ་སྲིད་ཀྱི་མིང་ནི་དའི་ཡུའན། ཆེན་པོ་ཧོར་དུའང་གྲགས་སོ། །རིགས་ནི་བླ་ཆེན་རྣམས་ཀྱིས་འོད་གསལ་ལྷའི་རིགས་སུ་བཤད་དེ་ཚངས་པའི་དཔེ་བླངས་

25a

༄༅།       །སམ་གང་ལྟར་མེས་མོ་ཨེ་ལུན་མཛེས་མ་ཞེས་བྱ་བ་ཡུགས་སར་གནས་སྐབས་ན། ལན་གཅིག་ནམ་མཁའ་ལས་འོད་ཟེར་འཇའ་ཚོན་འདྲ་བ་ཞིག་ལུས་ལ་ཕོག་པས་བདེ་བ་ཉམས་སུ་མྱོང་ཞིང་སྲོག་ཆགས་དང་ལྡན་པར་གྱུར་ལ་ཟླ་གྲངས་རྫོགས་པ་དང་བུ་མཚན་དང་ལྡན་པ་སྐྱེས་པའི་མིང་བོ་ཏོན་ཆར་དུ་བཏགས། དེ་ཡང་བོ་ཏོ་ནི་དངོས་ཞེས་པའི་སོག་སྐད་ཡིན་པས་དངོས་མེད་ཀྱིས་དངོས་པོ་གསར་དུ་སྐྱེད་ཟེར་བའི་བརྡས་བཏགས་པ་སྨྲ་མཁན་མང་ལ། སྐྱེས་སྟོབས་ཀྱི་ཡོན་ཏན་དང་ཕོ་རྩལ་འགྲན་ཟླ་མ་མཆིས་པས་ཧོར་སོག་གི་བོར་ཅི་ཀིང་ཟེར་བའི་སྡེ་ཆེན་པོ་གཅིག་གི་བདག་པོར་གྱུར། སངས་རྒྱས་སྟོང་གི་ནུ་བོ་སེམས་དཔའ་གཉིས་བཙུན་མོ་དག་གི་པང་དུ་རྫུས་ཏེ་སྐྱེས་པའི་དཔེ་དང་དབྱིབས་མཚུངས་པ་འདི། གཞན་དག་ལ་ཡང་ཡོང་དེ་ཧུའང་དང་པོའི་ཡུམ་བུ་མོར་གནས་སྐབས། ལམ་ཐོག་ན་མིའི་རྐང་རྗེས་ཤིན་ཏུ་ཆེ་བ་ཞིག་གཟིགས་ནས་ངོ་མཚར་སྐྱེས་སྟེ་ཤུལ་དེར་ཞབས་བཞག་མ་ཐག་འོད་ཀྱི་ཕུང་པོ་བྱུང་ཞིང་སྐུ་ཐུམ་པས་དགའ་བ་མྱོང་བའི་རྐྱེན་གྱིས་བསྐྱེད་དེ་ཐའི་ཧོའུ་འཁྲུངས། གཉིས་པའི་ཡུམ་ཨན་ཏེང་ཞེས་བྱ་བས་ཀླུའི་བུ་གཞོན་ནུ་གཟུགས་མཛེས་པ་ཞིག་མཐོང་ནས་ཆགས་སེམས་སྐྱེས་པའི་རྐྱེན་ཙམ་གྱིས་བསྐྱེད་དེ་ཡན་དྷཱི་འཁྲུངས། གསུམ་པའི་ཡུམ་ཧྥུ་པོའུ་ཞེས་བྱ་བས། གློག་

25b

གི་ཞགས་པ་དང་འདྲ་བའི་འོད་ཟེར་སྐར་མ་རྨེ་བདུན་སྐོར་བ་མཐོང་བས་སེམས་མགུལ་བའི་རྐྱེན་ཙམ་གྱིས་བསྐྱེད་དེ་ཧུ་ཝང་དྷཱི་འཁྲུངས་པ་སོགས་སྣང་སྟེ། མཁན་ཆེན་ལས་ཀྱི་རྡོ་རྗེའི་རྣམ་ཐར་དུ་ཆུ་རྒྱུད་གངས་ལ་ཐུག་པ་མི་བརྒྱུད་ལྷ་ལ་ཐུག་པ་ཞེས་གསུངས་པ་ནི། ཚད་མ་ཡང་དག་པ་ཆེན་པོར་མངོན་ནོ། །བོ་ཏོན་ཆར་རང་ཉིད་ཐེ་བའི་བདག་པོ་མི་རབས་བཅུ་པ་ནི་ཆིང་གིས(ས་མཐའ་འདི་རྒྱ་གར་ལྟར་འབོད་དགོས།) རྒྱལ་པོ་སྟེ། ཁོང་ཐོག་མར་རྒྱལ་སར་བཞུགས་པའི་སྐབས་སུ། བྱ་ཡིད་དུ་འོང་བ་ངོ་མི་ཤེས་པ་ཞིག་ཉེ་སྐོར་དུ་བབས་ནས་ཆིང་གིས་ཞེས་དྲིལ་བུའི་སྒྲ་འདྲ་བའི་སྐད་སྙན་པོ་ཡུན་རིང་དུ་སྒྲགས་པས་བློན་པོ་རྣམས་ཀྱིས་བཀྲ་ཤིས་པའི་མཚན་མར་གོ་ནས་རྒྱལ་པོའི་མཚན་དུ་གསོལ་བ་ལགས་ཤིང་བོད་ཀྱི་ཆོས་འབྱུང་ཕལ་མོ་ཆེར་ཇིང་གེར་ཞེས་སྣང་ངོ་། །མཚན་དངོས་ཐེ་མུ་ཇེན། འདས་རྗེས་དེད་ཕུལ་གྱི་མཚན་ཐའི་ཙུ་ཞེང་ཨུ་ཧུའང་དྷཱི། མེ་སྟག་ནས་གཟུང་མེ་ཕག་གི་བར་ལོ་ཉེར་གཉིས་ས་སྐྱོང་བྱས་ནས་དགུང་ལོ་རེ་དྲུག་ཐོགས་གཤེགས་སོ། །དེའི་སྲས་ཐའི་ཙི(རྒྱལ་བུ་ཞེས་པའི་རྒྱ་སྐད་ཡིན་ལ་སེང་སང་ཐིག་ཅིར་འབོད་སྣང་།) ཆེ་བ་ཇུ་ཆི་ཞེས་བྱ་བ་ཐོག་མོག་ཡུལ་གྱི་རྒྱལ་པོར་སྐོས། ཐའི་ཙི་གཉིས་པ་ཆ་ག་ཏའི་ལ་ཆིན་དབང་གི་གོ་ས་གནང་ནས་ཐོད་དཀར་གྱི(དེང་སང་ཐོ་གར་ཟེར་ཡང་ཐོད་བཅིང་དཀར་པོ་གྱོན་པའི་དོན་ཡིན་པས་དཀྱུས་མ་རང་དག) རྒྱལ་པོར་སྐོས་ལ་ཡེར་ཁེན་གྱི་མཁར་དུ་འདུན་སོ་ཚུགས་སུ་བཅུག་

26a

༄༅།       །པ་དེ་ལ་བུ་ལྔ་ཡོད་པའི་ཆེ་བ་རྒྱལ་པོ་ཨ་བྷོ་ལ་ཕའི་རྒྱལ་ཚབ་བྱས། གཉིས་པ་རྒྱལ་པོ་ཨི་ཡ་མ་ཧཱུ་ལིས་ཁ་ཆེའི་རྒྱལ་པོ་བྱས་ནས་ས་མར་བདན་གྱི་མཁར་ཆེན་པོར་བཞུགས། གསུམ་པ་ཨ་ཏི་ར་མཧཱ་མཱ་ཏ་ཞེས་བྱ་བས་རྒྱ་གར་གྱི་རྒྱལ་པོ་བྱས་ནས་བཱ་ལ་ཤའི་མཁར་དུ་བཞུགས། འདི་སྤྲུལ་པའི་སྐུ་ཞིག་ཡིན་པར་གྲགས། བཞི་པ་ཀོང་ཁར་གྱིས་རོམ་ཡུལ་གྱི་རྒྱལ་པོ་བྱས་ནས་སྟམྤོ་ལའི(ཤམྦྷ་ལ་ཨེ་ཡིན་དཔྱད) མཁར་དུ་བཞུགས། ལྔ་པ་སྟེ་ཐ་ཆུང་ཐེ་མུར་གྱིས་ཨོ་རུང་ཁོའི་རྒྱལ་པོ་བྱས་ནས་མཁར་བྷུ་ཧ་རར་བཞུགས། དེ་ཡང་ཇིང་གིར་གྱིས་ས་ཆ་ཕལ་མོ་ཆེ་ལ་དབང་བསྒྱུར་ཡང་། རྒྱ་ནག་གི་ཁྲིམས་ལུགས་བཙན་ཞིང་ཟབ་པར་གཟིགས་ནས། ཁི་དན་གྱི་རིགས་ལས་བྱུང་བའི་བློན་ཆེན་ཆུ་ཚའི་ཞེས་བྱ་བ་ནང་རིག་དང་ཐ་སྙད་ཀྱི་རིག་གནས། གྲུབ་མཐའ། སྐད་རིགས་མང་པོ་ལ་མཁས་པ། ཇུར་ཆིད་གསེར་གྱི་རྒྱལ་པོས་སློབ་གཉེར་བ་རྣམས་ཚོད་བགམ་དུ་བཅུག་པའི་ཚེ་མཁས་པའི་གྲལ་དུ་ཆུད་པས། དམངས་མ་ཚོས་ཇུར་ཆིད་ཆྭ་མེར་བདེན(སོག་པོའི་བརྡར་མེར་གེན་མཁས་པའི་སྐད་དོད།)དུ་འབོད་པ་དེ་ལ་གཏད་ནས་རྒྱ་ལུགས་ཀྱི་རྩིས་ལ་སོགས་པ་མཁོ་བའི་བསྟན་བཅོས་བྱེད་དུ་བཅུག་ཅིང་། སྲས་ཐའི་ཙི་གསུམ་པ་ཨུ་གོ་དའི་ཞེས་བྱ་བ་ཐུགས་སྒམ་ཞིང་དཀྱིལ་ཆེ་བ། ངང་རྒྱུད་བརྟག་པ་ལ་མཁས་པ། འགྱུར་ལྡོག་མི་མངའ་བའི་

26b

རང་བཞིན་ཅན་ཞིག་ས་སྐྱོང་ཆེན་པོའི་སྣོད་དུ་རུང་བར་དགོངས་ནས་རང་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་དེས་ལོ་གཅིག་གི་རིང་བདུན་མཚམས་བྱས་ཏེ་ས་མོ་གླང་གི་ལོ་ལ་ཁྲི་འདོན་བྱས་སོ། །འདི་ལ་ཐའི་ཙུང་ཨིང་ཝེན་ཧུའང་དྷཱི་ཟེར་ལ་ཚྭ་མེར་གེན་བཀའ་བློན་གྱི་གཙོ་བོར་བསྐོས་ཏེ་བསྟན་སྲིད་གཞུང་དོན་ལ་ཐུགས་རྩིགས་གནང་ཞིང་། ཕན་བདེའི་མཛད་འཕྲིན་གྱི་རྩ་ལག་བརྟན་པ་དང་ཡེལ་བར་བྱས། ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཐོག་མར་གདན་དྲངས་ནས། དཔལ་ལྡན་ས་སྐྱ་པ་དང་མཆོད་ཡོན་དུ་འབྲེལ། ལོ་བཅུ་གསུམ་བཞུགས་ནས་གཤེགས་སོ། །དེའི་སྲས་ཀྱི་ཐུ་བོ་རྒྱལ་པོ་ཏིང་ཙུང་ཀིཡན་ཕིང་ཧུའང་དྷཱི་གུ་ཡུག་རྒྱལ་པོ། དེ་ནས་ཇིང་གིར་གྱི་སྲས་ཐའི་ཙི་བཞི་པ་ཐོ་ལོའི་གི་བུ་ཆེ་བ་ཥི་ཡན་ཙུང་ཧུའན་སུ་ཧུའང་དྷཱི་མུང་ཁེ་རྒྱལ་པོ། དེ་ནས། དེ་དང་ཡུམ་གཅིག་པའི་ནུ་བོ་ཞི་ཙུ་ཞེང་ཏེ་ཤེན་ཀུང་ཝེན་ཨུ་ཧུའང་དྷཱི་རྣམས་རིམ་པར་ས་སྐྱོང་བྱས་ཞིང་། ཇིང་གིར་རྒྱལ་པོས་ཆེང་ཐིཡན་ཁི་ཡུན་གྱི་གནམ་ལོ་དང་པོ་མེ་ཕོ་སྟག་ནས། རྒྱལ་པོ་འདི་པས་རྒྱ་ནག་རིལ་བོར་ཐོབ་པའི་ལོ་ཊི་ཡུའན་གྱི་བཅུ་དྲུག་པ་ས་མོ་ཡོས་ཀྱི་བར་ལོ་བདུན་ཅུ་རྩ་བཞི་སོང་ཞིང་། སླར་ཡང་ས་ཡོས་དེ་ཉིད་ཐེ་བའི་ལོ་བཅུ་དྲུག་བཞུགས་ཏེ་ཤིང་ཕོ་རྟ་ལ་གནམ་དུ་གཤེགས་སོ། །རྒྱལ་པོ་འདིའི་མཚན་དངོས་ཧུ་པི་ལའི། བོད་སོག་རྣམས་

27a

༄༅།       །སེ་ཆེན་རྒྱལ་པོ་ཟེར། ཐུགས་བསམ་དཀར་བ། ལུགས་ཟུང་ལ་མཁས་པ། ཕྱོགས་འཛིན་མེད་པ། དག་སྣང་ཆེ་བ་སོགས་ཀྱི་ཡོན་ཏན་མང་བས་རྒྱ་ནག་པ་ཐམས་ཅད་ཀྱིས་ཡོའུ་ཞུན་ཆུང་ངུར་འབོད་ཅིང་རང་ལོ་ཞེ་དྲུག་ཐོག་ཁྲི་འདོན་བྱས་པ་སྟེ་ཊུང་ཐུང་ལོ་བཞི་ཊི་ཡུའན་སོ་གཅིག་བཅས་ལོ་སོ་ལྔར་ས་སྐྱོང་བྱས་ལ། དགུང་ལོ་ནི་བརྒྱད་ཅུ་ཐམ་པའོ། །དེ་ནས་ཧུའང་ཐའི་ཙི་སྟེ་རྒྱལ་ཚབ་ཇིན་གིན་ཞེས་བྱ་བ་སེ་ཆེན་གྱི་རིགས་སྲས་སྔར་འདས་པ་དེའི་བུ་ཐུ་བོ་ཐེ་མུར་མཚན་ཅན་ཆེང་ཙུང་ཀུའང་ཥིའེའུ་ཧུའང་དྷཱི་ཨུལ་ཇིའི་ཐུ་རྒྱལ་པོས་རྒྱལ་྿ཐམ་མི་འགྱུར་གཡུང་དྲུང་རིན་པོ་ཆེ་བརྙེད་དེ་ལོ་བཅུ་གསུམ་རྒྱལ་སྲིད་བསྐྱངས་སོ། །(དེ་ཡང་། རྒྱ་ནག་རྣམས་ཆེན་པོ་སུང་གུར་གྱི་རྒྱལ་པོ་དང་དཱའི་མིང་གི་རྒྱལ་པོ་རྣམས་ལ་བེ་བན་ཐིའན་རྩི་སྟེ་རྒྱལ་པོ་སྐྱ་རིས་མའམ་འཇམ་ཡིག་མར་འབོད་པའི་རྒྱུ་མཚན་ནི་འབྲེལ་མེད་དུ་སྨད་པ་མ་ཡིན་ལ། མི་འགྱུར་གཡུང་དྲུང་རིན་པོ་ཆེའི་ཕྱག་རྒྱར་གྲགས་པའི་ཐམ་ཀ་འདི་མེད་པའི་ཕྱིར་སྟེ། ལོ་རྒྱུས་ཅུང་ཟད་མོལ་ན་སྔོན་པ་བདུན་ཆེ་པོར་འགྱིངས་པའི་དུས་སུ། ཆུ་དབང་བའི་འབངས་མི་ཝིའན་ཧོ་ཞེས་བྱ་བས་ཀིང་ཤན་རི་ལ་བྱའི་རྒྱལ་པོ་ཧྥུང་ཧུཀ་བབྨ་པ་མཐོང་། བྱ་འདིའི་བོད་མིང་ལ་བོད་དང་ཡུ་གུར་གྱི་ཡིག་རྙིང་རྣམས་སུ་ཁྱུང་ཁྱུང་ཞེས་བྲིས་འདུག་མོད། རྒྱ་སྐད་ཟུར་ཆག་པ་ལས་ཁྱུང་ཀླུ་ཟན་ནི་མིན་ལ། བྱའི་རྒྱལ་པོར་ཡང་གྲུབ་པོ། །དེ་ནས་མི་དེས་རིན་པོ་ཆེ་རིན་ཐང་མེད་པ་མི་མངའ་བའི་གནས་སུ་བྱ་རྒྱལ་མི་འབབ་པས། གཅིག་ཡོད་ཐང་སྙམ་ནས་ཚོལ་དུ་ཕྱིན་པས་རྡོ་ཆེན་པོ་ཞིག་ལས་མི་སྣང་སྐད། དེ་ཁུར་ནས་དབང་ལ་ཕུལ་བར་ཡིད་མ་ཆེས། ཕྱིས་གཤགས་པས་ནང་ནས་འཇིག་རྟེན་ན་དགོན་པའི་ཡང་ཊི་དཀར་པོ་གཡའ་བྲལ་ཕོར་ཚད་ཙམ་པའི་རྡོག་པ་གཅིག་བྱུང་ངོ་། །སྐབས་སྐབས་སུ་

27b

འོད་འཕྲོ་བ་དང་གཙང་སྦྲ་བྱས་ནས་གསོལ་བ་བཏབ་ན་བཀྲ་ཤིས་པའི་རྟགས་དང་རི་མོ་སྣ་ཚོགས་སྟོན་པ་ཡོད་པས། ཆིན་དབང་གིས་ཐོས་ནས་མཁར་རྫོངས་བཅོ་ལྔས་བླུ་བར་འདོད་ཅེས་ཀྱང་མ་སྟེར། དེ་ཕྱིན་ཆད་ཡང་ཊི་མཁར་རྫོངས་མར་གྲགས་སོ། །ཕྱིས་ཚིན་ཤི་ཧུའང་གི་གནམ་འོག་པ་མཐའ་དག་ལ་དབང་བསྒྱུར་བ་ན་ཕྱག་ཏུ་བྱུང་སྟེ་ཐམ་ཀ་གཟོས་ནས། བློན་ཆེན་ལི་ཟིས་ཤེའུ་མཱིང་ཡུའི་ཐིའན། ཀཱི་ཞེའི་ཡུང་ཐང་ཞེས་པའི་ཡི་གེ་བརྒྱད་སྐོར་ཡིག་ཏུ་བྲིས་ལོ་རྐས་སོ། བོད་སྐད་ལ། གནམ་གྱིས་སྐོས་པས། ཚེ་རྒྱུན་ཡུན་རིང་ཞེས་པའི་ཚིག་བརྒྱད་དེ་དོན་ནི། བསོད་ནམས་ཀྱི་མཐུས་རྐྱེན་བློ་བུར་བ་གང་ལ་ཡང་མ་ལྟོས་པར་ཆོས་ཉིད་ཀྱིས་བདག་པོ་ཆེན་པོར་སྐོས་པས། སྐུ་ཚེ་དང་གདུང་རབས་ཀྱི་རྒྱུན་ནམ་ཡང་མི་ཆད་པར་ཡུན་རིང་དུ་བརྟན་པར་འགྱུར་ཞེས་པའོ། །བོད་དག་གིས་གནམ་གྱིས་སྐོས་པ་དང་། གནམ་གྱི་ཤེ་མོང་ཟེར་བའི་རྩ་བ་ཡང་འདི་ཁོ་ནའོ། །མི་འགྱུར་བའི་གཡུང་དྲུང་ཟེར་བའང་བོན་སྐད་ཡིན་ཚེ་བྱང་ཆུབ་ལ་གཡུང་དྲུང་ཟེར་བས་འདིར་འཇུག་པ་ཆུང་གཤིས་ཡུང་ཐང་གི་ཟུར་ཆག་ཡིན་པར་གདོན་མི་ཟའོ། །དེ་ནས་ཆིན་གྱི་རྒྱལ་རབས་གསུམ་པ་དབང་རྩི་ཡིང་གིས་ཧཱན་ཀའུ་ཙུ་ལ་ཕུལ། ལོ་བཞི་བརྒྱའི་སྐོར་ན་ཧཱན་གུར་འཁྲུགས་སྐབས་རྒྱལ་བློན་འཕོ་སྤྱས་ཀྱིས་འཐོར་ཞིང་། ཕོ་བྲང་གསེར་ཐོག་ན་ཞུགས་ཤོར་བར་བཙུན་མོའི་སླས་ཞིག་རིན་པོ་ཆེ་འདི་ཁུར་ནས་ནང་གི་གྲོན་པར་ལྕེབས་པ་ལ། དམག་དཔོན་སུན་ཀིའན་གྱིས་མེ་འཇིལ་སོགས་ཀྱི་དོན་དུ་བྱོན་སྟེ་མཚན་མོ་ཁྲོན་པ་དེ་ལས་འོད་ཟེར་གྱི་ཕུང་པོ་ཆེན་པོ་འཕྲོ་ཞིང་འབར་བ་མཐོང་ནས་བཙལ་སྟེ་བརྙེས་སོ། །དེ་ནས་རྒྱའི་རྒྱལ་སྲིད་ཆེན་པོ་རྣམས་ལ་རིམ་གྱིས་བརྒྱུད་པའི་མཐར་ཐང་ཕྱི་མའི་རྒྱལ་འཇུག་ལུ་དབང་གིས་རྒྱལ་སྲིད་ཤོར་སྐབས་འཕངས་ཆེས་བས་གུལ་དུ་བཏགས་ནས་མེར་མཆོངས་ཏེ་ཤི་བས། ཛིན། ཧཱན། ཇེའུ་ཕྱི་མ་གསུམ་དང་སུང་གུར་གྱི་རྒྱལ་སྲིད་རངས་པོར་ཁྱོན་སྡོམ་ལོ་གསུམ་བརྒྱ་ཞེ་བདུན་གྱི་བར་འཇིག་རྟེན་ན་མིང་ཙམ་འདུས་སོ། །དེ་ནས་ཆེན་པོ་ཧོར་གྱི་ལྷ་དམག་ཡུལ་དབུས་སུ་བྱུང་བ་དང་། མི་ཞིག་རིན་པོ་ཆེ་འདི་བསྣམས་ཏེ་བྱོན་ནས་

28a

༄༅།       །དམག་དཔོན་ཆེན་པོ་ལས་ཀ་ཐའི་ཞི་ཡིན་པ་ལ་ལུ་ཀྭ་དབང་གོ་ས་ཅན་མུ་ཧྭ་ལི་ལ་ཕུལ་ཏོ། །དེ་ཡང་ངོ་མི་ཤེས་པས་རིན་པོ་ཆེ་དཀྱུས་མའི་ཁྲོད་དུ་འཇོག་ནས་ལོ་ཤས་སོང་བ་ལ་དེའི་ཚ་བོ་ཐའི་ཙི་ཇིན་ཀིན་གྱི་བཙུན་མོ་དང་ཉེ་དུའི་འབྲེལ་ཡོད་པས། རིན་པོ་ཆེ་འདི་ཕུལ་བ་རིག་བྱེད་པ་མཁས་པ་ཞིག་གིས་ངོ་ཤེས། དེ་དུས་སེ་ཆེན་གནམ་དུ་གཤེགས་ཕྲལ་སྐབས་ཡིན་ལ་བཀའ་ཆེམས་གསལ་པོ་རང་མེད་པས་བློན་པོ་འགའ་ཞིག་ལ་ཨུ་ལ་ཇེའི་ཐུ་རྒྱལ་པོར་འོས་མི་འོས་སྙམ་པའི་ཐེ་ཚོམ་ཅུང་ཟད་ཡོད་པའི་སོམ་ཉིའི་དྲ་བ་ཡང་རིན་པོ་ཆེ་འདིའི་སྟོབས་ཀྱིས་བསལ་ཏོ། །སེམས་ཅན་དུ་མ་གཏོགས་ཀྱང་རིན་པོ་ཆེ་ཆེན་པོ་ཡིན་པས་སམ་ལྷ་འདྲེའི་འཕྲུལ་ལྟ་བུས་སྣང་བ་སྣ་ཚོགས་བྱུང་ཚུལ་འདི་དང་འབྲེལ་བའི་བརྗོད་བྱེད་མང་བ་འདིར་ཡི་གེས་འཇིགས་ཏེ་མ་བྲིས་སོ། །དེ་ནི་སུང་གུར་གྱི་འཇམ་ཡིག་མར་གྱུར་བའི་ལོ་རྒྱུས་ཡིན་ལ། ཕྱིས་ཆེན་པོ་ཧོར་གྱི་ཞུན་དྷཱི་རྒྱལ་པོས་སོག་ཡུལ་དུ་ཐེགས་སྐབས་དེར་གདན་དྲངས། དཱའི་མིང་གིས་འདི་འཕྲོག་པར་ལན་མང་དུ་དམག་ཐོན་ཀྱང་རྟ་ཕྱུགས་མི་ནོར་མང་པོ་ཆུད་ཟོས་པ་ལས་དོན་མ་བྱུང་བས་སུང་གུར་ལྟར་འཇམ་ཡིག་མའི་མིང་ཐོབ་ལ། འུ་ཅག་ཆེན་པོ་ཆིང་གིས་གནམ་འོག་པ་མཐའ་དག་ལ་ལུང་བཏང་དུས། གོང་མ་ཞི་ཙུ་རྒྱལ་པོའི་ཕྱག་ཏུ་རྩོལ་བ་མེད་པར་བྱུང་ཚུལ་ནི་འོག་ན་གསལ་ལོ།།)དེ་ནས་རྒྱལ་པོ་དེའི་གཅོན་གྱི་བུ་ཧའི་སང་མཚན་ཅན་ཨུ་ཙུང་ཥྭན་ཥིའོ་འུ་ཧུའང་ཧྷཱི་ཁུ་ལུགས་རྒྱལ་པོས་ལོ་བཞི། དེའི་གཅུང་ཨ་ཡུར་པར་པ་ཏའི་མཚན་ཅན་གཞིན་ཙུང་ཁིན་ཥིའོ་འུ་ཧུའང་དྷཱི་པུ་མན་ཐུ་རྒྱལ་པོས་ལོ་དགུ་དེའི་སྲས་ཤུདྡྷེ་ཡ་ལའི་མཚན་ཅན་ཡིང་ཙུང་ཝེན་ཥིའོ་འུ་ཧུའང་དྷཱེ་ཀེ་ཀེན་རྒྱལ་པོས་ལོ་གསུམ་བཞུགས་ལ། རྒྱལ་པོ་གོང་མ་རྣམས་ཀྱིས་ཞྭ་གོས་ཙམ་སོག་ལུགས་སོར་བཞག་ཡོད་པ་ལ།

28b

རྒྱལ་པོ་འདི་པས་རིལ་པོར་རྒྱ་ནག་ཏུ་བསྒྱུར་བཀོད་བྱས་སྣང་ངོ་། །དེ་ནས་ཇེན་ཀེན་གྱི་ཚ་བོ་ཡི་སུན་ཐེ་མུར་མཚན་ཅན་ཐའི་ཏིང་རྒྱལ་པོས་ལོ་ལྔ། དེ་རྗེས་དེའི་བུ་ཆེ་བ་རྒྱལ་ཚབ་ཨ་སུ་ཀི་པས(དེབ་སྔོན་དུ་ར་ཁྱི་ཕག་ཞེས་སྣང་ཡང་རྒྱའི་ཡིག་ཚང་ན་འདུག་པ་བཞིན་བྲིས།)བསབ་ནས་ཟླ་བ་གསུམ་ལོན་ཐོག །ཨུ་ཙུང་རྒྱལ་པོའི་སྲས་ཆུང་བ་ཐུག་ཐེ་མུར་གྱིས་གདན་ས་ཕྲོགས་ནས་རང་གི་གཅེན་ཀུ་ཤ་ལིའི་མཚན་ཅན་མིང་ཙུང་རྒྱལ་པོ་ལ་བྱིན་ཁུལ་བྱེད་མུར། དེ་ཉིད་ཀྱང་ཟླ་བ་བརྒྱད་ཙམ་ན་བློ་བུར་ཏུ་གཤེགས་པའི་ཤུལ་དུ་ཐུག་ཐེ་མུར་རང་ཉིད་བཞུགས་ཏེ། འདི་ཝེན་ཙུང་ཞེས་པ་ཇ་ཡཱ་ཐུ་རྒྱལ་པོའོ། །དེ་ཉིད་ལོ་གསུམ་བཞུགས་ལ་གཤེགས་ཁར་བཀའ་ཆེམས་སུ་མིང་ཙུང་གི་སྲས་ཆུང་བ་རིན་ཆེན་དཔལ་རྒྱལ་སར་ཞོགས་གསུངས་པ་ལྟར་ཁྲི་འདོན་བྱས་པ་ཟླ་བ་གཅིག་ཙམ་ན་མ་འཚམ་པས། དེའི་གཅེན་ཐོ་གན་ཐེ་མུར་མཚན་ཅན་ཧུའི་ཙུང་ཞུན་ཧུའང་དྷཱི་ཨུ་ཧཱ་ཐུ་རྒྱལ་པོས་རྒྱལ་ས་བཟུང་ནས་ལོ་གསུམ་ཅུ་སོ་དྲུག་ཐོག་སོག་ཡུལ་ཏུ་ཐེགས་སོ། །དེ་ཡང་གོང་གསལ་གྱི་ས་སྐྱོང་ཕལ་ཆེར་ངང་རྒྱུད་གཙང་ཞིང་སྲིད་བསྲུང་ལ་སོ་སོ་ནས་འབད་པ་བྱས་ཀྱང་ཚང་མས་སྐུ་ཚེ་ཚད་དུ་མ་འཁྱོལ་ཞིང་། ཕ་ཤུལ་བུ་འཇགས་ཀྱི་ལུགས་བཟང་ལ་ཐུགས་བརྩིགས་མི་ཆེ་བ་སོགས་རྐྱེན་དུ་མའི་སྒོ་ནས་རྒྱལ་ཁྲིམས་རིམ་གྱིས་ཡ་ཡོར་གྱུར་པ་ན། ལྷག་ཏུ་རྒྱལ་མཇུག་ཞུན་དྷཱི་རྒྱལ་པོས་ཆོས་ལ་མཁས་

29a

༄༅།       །མཁས་འདྲ་ཡང་། གསེར་འོད་ནས་གསུང་པའི་རྒྱལ་སྲིད་སྐྱོང་ལུགས་དང་འགལ་བཞིན་པར་ཡུན་མི་ཐུང་ཙམ་བཞུགས་པ་ལ་སོགས་པའི་ལན་གྱིས་འཇིག་རྟེན་ན་འཁྲུགས་པ་ཆེན་པོ་སླངས་ཏེ་ཇག་དཔོན་ཆེ་བ་ཉི་ཤུ་གསུམ་དང་། ཆུང་བ་དེ་བས་མང་བ་བྱུང་བ་མཐའ་དག །དཱའི་མིང་ཐའི་ཙུ་རྒྱལ་པོས་མངའ་འོག་ཏུ་བསྡུས་པས། ཧོར་རང་ཡུལ་ཙམ་གྱི་ནོར་འཛིན་སྐྱོང་ནས་ལོ་གཉིས་བརྒྱ་དྲུག་ཅུ་རེ་དྲུག་སོང་ཐོག །རབས་ཉི་ཤུ་པ་ལེགས་ལྡན་ཁུ་ཐོག་ཐུ་རྒྱལ་པོས། བོད་ཀྱི་གཙང་རྒྱལ་དང་སྡོངས་ནས་དགེ་ལུགས་མིང་མེད་དུ་གཏོང་རྩིས་སོགས་ཐུགས་བསྐྱེད་མི་བསྲུན་པས་བོད་ཕྱོགས་སུ་སྒར་སྟེགས་བྱས་ཀྱང་ལམ་དུ་མ་འཚམས་སྟེ་རྒྱལ་སྲིད་འཐོར་ཏོ། །གོང་མ་ན་རིམ་ཚང་མས་ཐུགས་བསམ་དཀར་ཞིང་། དཀོན་མཆོག་ལ་དད་པ་འགྱུར་མེད་མངའ་བའི་རྣམ་དཀར་གྱི་འབྲས་བུ་སྨིན་པའི་ནུས་མཐུས། ཇིང་གིར་ནས་ཞུན་དྷཱིའི་བར་སྟོབས་ཀྱིས་འཁོར་ལོས་བསྒྱུར་པ་བཅོ་ལྔ། དེ་ནས་ལེགས་ལྡན་གྱི་བར་རྒྱལ་པོ་ཆེན་པོ་ཉི་ཤུ་སྟེ་ཁྱོན་སྡོམ་གསུམ་ཅུ་སོ་ལྔ་དང་། གནམ་ལོ་བཞི་བརྒྱ་ཉི་ཤུ་རྩ་དགུའི་རིང་ལ་སྲིད་རྒྱུན་མ་ནུབ་པ་འདི་འདྲ་ཆེན་པོ་ཧཱན་གུར་མན་ཆད་མ་བྱུང་ངོ་། །དེར་མ་ཟད། རྒྱལ་པོའི་མཚན་ཐོགས་ངོ་གསུམ་འཐུད་ཚུལ་དུ་བྱོན་པ་དག་ཀྱང་། བདག་ཅག་གི་ཆེན་པོ་ཆིང་གི་རྒྱལ་སྲིད་ཀྱི་གོང་མ་བདེ་སྐྱིད་རྒྱལ་པོའི་ཐུགས་རྗེ་

29b

མུ་མཐའ་མི་མངའ་བས་རྒྱལ་མིང་སོར་བཞག་གནང་ལ། དེ་མཚུངས་ཇིང་གིར་གྱི་གདུང་དང་རིགས་བརྒྱུད་གཅིག་པ་མཐའ་དག་ལ་ཐའི་ཙིའི་མིང་རིམ་པ་བཞི་རྒྱུན་ཆགས་སུ་བསྩལ་ནས་མགྲོན་པོའི་ཚུལ་གྱི་གཟིགས་ཤིང་། གོ་སའི་གཟེངས་བསྟོད་དང་ཕོགས་ཀྱི་འཚོ་སྐྱོང་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་རྗེས་སུ་བསྐྱངས་ཏེ་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་བརྒྱ་ལྷག་རང་རང་གི་སྡེ་རིས་བཅས་ཆོས་སྲིད་ཀྱི་དཔལ་ལ་ཅི་དགར་ལོངས་སྤྱོད་པ་འདི་བཞིན་ནོ། །ཆེན་པོ་ཧོར་གྱི་སྐབས་སོ། །དྭའི་མིང་གི་རིགས་ཁུངས་རྩད་ཆོད་དཀའ་ཞིང་། ས་སྐྱོང་ཐོག་མ་ཐའི་ཙུ་རྒྱལ་པོ་ནི་ཧུའང་ཀྱོའུ་ཟི་ལྷ་ཁང་གི་གྲ་པ་ཡིན་པ་ལ་ཇག་ཚང་བརྡོལ་བའི་དུས་སུ། ཇག་དཔོན་ཆེན་པོ་ཞིག་རྐུན་དམག་དང་བཅས་འཕྲོག་བཅོམ་བྱེད་ཀྱིན་ཕྱིན་པས་ཟླ་བོ་རྣམས་བྲོས། ཁོང་གི་དགོངས་པར་བྲོས་ན་དགོན་གནས་ལ་ཞུགས་གཏོང་སོགས་ཀྱིས་རྟེན་རྣམས་མ་རུངས་པར་འགྱུར། མ་བྲོས་ཀྱང་ཕར་མགོ་མི་བཏགས་ན་སྲུང་མི་ཐུབ་ངེས་ལ། བཏགས་ན་ཇག་གྲལ་དུ་འཇུག་ཚེ་ཇི་ལྟར་བྱ་སོགས་ཀྱི་དོགས་པས་ཐུགས་བློང་བློང་པོར་གྱུར་ནས། རྟེན་གྱི་དྲུང་དུ་བརྟག་པ་ཕུལ་བས་ཇག་པར་མགོ་བཏགས་ན་བཟང་བའི་ངོ་ཤར། ཡིད་མ་ཆེས་ནས་སླར་བརྟགས་ཙ་ན་མོ་ཤིང་ཀེར་རེ་ལངས་ཏེ་འདུག་སྐད། དེ་ལ་ངོ་མཚར་སྐྱེས་ཏེ་ཇག་དཔོན་བསྒུགས་ནས་མགོ་

30a

༄༅།       །འདོགས་བྱས། ཁོ་པས་ཀྱང་ལ་རྒྱའི་མོལ་མཆིད་བྱས་པས་གཞན་དང་མི་འདྲ་བ་དང་སྤྱོད་ལམ་གང་ཡང་དམངས་མ་རྣམས་དང་ཐུན་མོང་མིན་པར་མཐོང་ནས། ནང་མའི་ཁྲོད་དུ་བསྐྱངས་ཤིང་ལས་སྣེ་པ་ཆེན་པོའི་དབང་ཐང་སྟེར། རིམ་གྱིས་དབང་ཆེ་བར་གྱུར་ལ་ཇག་དཔོན་འདས་པའི་ཚབ་ཏུ་དཔུང་དེ་ཀའི་བདག་པོར་གྱུར། དེ་ནས་ཇེ་མཐོ་ཇེ་རྒྱས་སུ་འཕེལ་ཏེ་རིགས་མཐུན་གཞན་དག་མ་ལུས་པ་མངའ་འོག་ཏུ་སྡུས་པའི་རྗེས་ལ་ཆེན་པོ་ཧོར་གྱི་རྒྱལ་ས་ཡང་ཐོབ་བོ། །རྒྱལ་སྲིད་ཀྱི་མིང་ནི་དྭའི་མིང་མངའ་ཐང་ནི་བྱང་དང་ནུབ་ཀྱི་ཕྱོགས་ལ་མ་དབང་བས་ཧོར་ཀྱི་སྐབས་ལས་ཞན་ཀྱང་། ཕྱོགས་གཞན་དག་ལ་ངོ་ཤིན་ཏུ་མཐོ་བ་ཧན་ཐང་གི་དུས་ལས་ཁྱད་པར་མེད་དོ། །རྒྱལ་དབང་ཀརྨ་དང་མཆོད་ཡོན་དུ་འབྲེལ། སྤྱིར་བན་བོན། (དོའུ་ཟིའུ་འགྱུར་རྙིང་།) བཞུ(རིག་བྱེད་པ།)གསུམ་ལ་འཛིན་སྐྱོང་གི་དྲིན་ཆེ། གནམ་ལོ་གཉིས་བརྒྱ་བདུན་ཅུ་དོན་ལྔའི་རིང་ལ་ས་སྐྱོང་མི་རབས་བཅུ་དྲུག་བྱུང་ཏེ། དེ་ཡང་རྒྱལ་པོ་དང་པོ་དང་གསུམ་པ་གཉིས་མ་གཏོགས་ཧ་ཅང་འཇམ་ཐལ་ཆེས་ཤིང་། ཉུག་རུམ་པ་དང་བློན་པ་ངན་པའི་རིགས་ལ་སྣ་ཐགས་ཤོར་བ་དང་། བཅུ་པ་ཨུ་ཙུང་ནག་ཆང་གི་འདམ་དུ་བྱིང་བ་སོགས་རྒྱལ་ཚོད་ཉམས་པའི་རྒྱུ་མང་པས་འཁྲུགས་པའི་ས་བོན་བཏབ། བཅུ་གཅིག་པ་ཞཱི་ཙུང་བོན་ཕྱོགས་སུ་ལྷུང་སྟེ། རྒྱལ་སྲིད་ཀྱི་ཁ་ལོ་བུས་པ་མ་

30b

རབས་པས་བསྒྱུར་དུ་བཅུག་ཅིང་། རང་ཉིད་བོན་སྐྱོང་བྱེད་བཞིན་པར་གནམ་ལོ་བཞི་བཅུ་རྩ་ལྔ་བཞུགས་པ་དང་། བཅུ་གསུམ་པ་ཤེན་ཙུང་གི་གཟུགས་པོ་མི་མཛེས་པས་ཞལ་སྐྱེངས་ལན་ཡང་ཟེར། གང་ལྟར་གནམ་ལོ་བཞི་བཅུ་རྩ་བརྒྱད་བཞུགས་ཀྱང་བློན་པ་རྣམས་ལ་འཇལ་ཁ་གཉིས་གསུམ་ཙམ་ལས་མ་གནང་བར་མལ་ཞེན་ཁོ་ནས་དུས་ཡུན་རིང་ཕུལ་བས་ཡས་མས་ནད་སྒྲིབ་ཀྱི་ན་བུན་ཆེན་པོས་འཁྲུགས་པའི་མྱུ་གུ་ནས་ཡལ་ག་ལོ་འདབ་གྱི་བར་བསྐྱེད་བསྲིངས་བྱས་པའི་འབྲས་བུ། མི་རབས་བཅུ་དྲུག་པ་ཋུང་ཆེན་རྒྱལ་པོའི་དུས་སུ་སྨིན་སྟེ་རྒྱལ་སྲིད་ཇག་དཔོན་ལི་ཙི་ཆེང་གི་ལག་ཏུ་ཤོར་ཏོ། །དེའི་མོད་ལ་བདག་ཅག་གི་བདག་པོ་ཆེན་པོ་བདེ་སྐྱིད་རྒྱལ་པོའི་ཡབ་འཇམ་དཔལ་དབྱངས་དངོས། གོང་མ་ཞི་ཙུ་ཧུའང་དྷཱི་ཉིད་གནམ་གྱིས་སྐོས་ཏེ། གནམ་འོག་པ་ཡོངས་ལ་བསོད་ནམས་དང་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོའི་དབང་ཕྱུག་ལ་མངའ་བརྙེས་ནས། ལྷའི་དམག་ཡན་ལག་བཞི་པའི་དཔུང་ཚོགས་བཅས་ཡུལ་དབུས་སུ་བཏེག །ཇག་རྐུན་མི་བསྲུན་པའི་ཚོགས་ཚར་བཅད་སྟེ་སྐྱེ་འགྲོ་མཐའ་དག་མི་འཇིག་པ་སྐྱབས་ཀྱི་སྦྱིན་པས་འཚེངས་པར་མཛད། མཉམ་མེད་རི་བོ་དགེ་ལྡན་པ་དང་མཆོད་ཡོན་དུ་འབྲེལ། ལུགས་གསུམ་གྱིས་གཙོ་བྱས་ཕན་པའི་རིག་བྱེད་སྣ་ཚོགས་རྒྱས་སུ་བཏང་ཞིང་། ལུས་ཅན་རིས་སུ་མ་མཆིས་པ་

31a

༄༅།       །ཐམས་ཅད་རྫོགས་ལྡན་གཉིས་པའི་དཔལ་འབྱོར་ལ་བཀོད་དོ། །(འོན་ཀྱང་འཇིག་རྟེན་ན་གྲགས་ཆེ་བའི་ཐམ་ཀ་རིན་པོ་ཆེ་ནི།    ༈ ཡབ་ཐའི་ཙུང་པོག་ཏོ་རྒྱལ་པོའི་དུས་སུ་ཐོབ་སྟེ་ཧོར་རྒྱལ་ལེགས་ལྡན་བོད་ཕྱོགས་སུ་ཐེགས་ནས་ལམ་དུ་སྐུ་འཐོར་རྗེས་ཉིའང་ཉིའང་ཐའི་ཧེའུ་དང་སུ་ཐའི་ཐའི་ཧེའུ་སྟེ་རྒྱལ་མོ་ཆེ་ཆུང་གཉིས་དང་། ཨེ་ཙེའི་ཧོང་གོར་དང་ཨ་པ་ནའི་སྟེ་རྒྱལ་བུ་བྱིས་པ་གཉིས་ལ་འཁོར་དུ་ཆ་ཀར་སྟེ་ཉེ་སྐོར་བ་ཚོ་པ་བརྒྱད་ཀྱི་དམག་མི་སྟོང་ཕྲག་གསུམ་གཉིས་ཙམ་ལས་མ་ལུས་ཤིང་། ལོངས་སྤྱོད་ཕལ་ཆེ་བའང་ཤིང་ལོ་རླུང་གིས་བརྡས་པ་བཞིན་དུ་སོང་བས་ཡི་མུག་ནས། གསེར་རྐྱང་ལས་བསྒྲུབ་པའི་རིགས་ཀྱི་སྲུང་མ་གུར་མགོན་གྱི་སྐུ་བརྙན་ཐིག་ཚད་དང་གཟུངས་གཞུག་དང་རབ་གནས་ཐམས་ཅད་འགྲོ་མགོན་འཕགས་པ་ཉིད་ཀྱིས་གནང་བ་ཞིག་འབྲལ་སྤངས་སུ་ཡོད་པ་དེ་དབུ་སྔས་སུ་ཞལ་སྤྲོད་བྱས་ཏེ་བཀྲམ། མཆོད་པ་རྒྱ་ཆེན་པོ་བཤམས་ནས་མཆོད་ཅིང་། ད་ཡུགས་ས་ཟུང་དང་དྭ་ཕྲུག་གཉིས་ལ་རེ་ཞིག་རང་མགོ་ཐོན་པའི་རེ་བ་སྐྱུངས་གཤིས། ཆེན་པོ་ཞིག་ལ་བརྟེན་པ་ལས་འོས་མ་མཆིས་མོད། ཕྱོགས་གང་གི་ཆེན་པོ་ལ་བརྟེན་ན་ཕྲལ་ཕུགས་སུ་བཀྲ་ཤིས་པ་དེ་ཕྱོགས་སུ་ཞལ་བསྒྱུར་ཅིག་ཅེས་བདེན་བརྡར་གྱི་དམོད་ཚིག་གསུངས་ནས་ཉལ། ནང་པར་ལྟས་ཙ་ན་ཤར་ལྷོའི་ཕྱོགས་སུ་ཞལ་བསྒྱུར་འདུག་ཟེར། དེ་ནས་བོག་ཏོའི་སྙན་གྲགས་སྔ་མོ་ནས་གསན་ཡོད་ཅིང་ཕྱོགས་ཀྱང་འགྲིག་པས། མུན་ཏེན་གྱི་གནས་སུ་ཕྱིན་ཏེ། བོག་ཏོ་རྒྱལ་པོར་མགོ་བཏགས། ཐམ་ག་རིན་པོ་ཆེ་ཕུལ། གོང་ནས་ཀྱང་བཀའ་དྲིན་ཆེན་པོས་རྗེས་སུ་བསྐྱངས་ཤིང་། སེལ་དོགས་མི་འཇུག་ཕྱིར་རྒྱལ་མོ་གཉིས་ཁབ་ཏུ་བཞེས་པའི་ཆུང་བ་ལས་ཐུ་བཟང་ང་ཆིན་དབང་འཁྲུངས། ཨེ་ཅེའི་ཧོང་གོར་ལ་སྲས་མོ་ཀུ་རུ་ནི་ཀུང་ཅུ་བག་མར་གནང་ཞིང་ལན་ཧུ་དང་ཧོར་སོག་གཅིག་ཏུ་འདྲེས་པའི་རྩ་བ་ཚུགས་སོ། །)དཱའི་མིང་གི་སྐབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཧོར་རྒྱལ་ཡུལ་དབུས་བདག་པོར་རབས་བཅུ་གཅིག

31b

བྱེད་རིང་གནམ་ལོ་བརྒྱད་ཅུ་རྩ་དགུ་དང་། ཏའི་མིང་རྒྱལ་པོ་གཉིས་བརྒྱ་དོན་ལྔའི་ལོར། མི་རབས་བཅུ་དྲུག་བར་དུ་ས་སྐྱོང་བྱས། ཞེས་སོ། །