རྟ་ནག་ཆོས་འབྱུང་།

མཆོད་བརྗོད།

上一章
下一章
1a

༄། །བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ཞེས་བྱ་བ་བཞུགས། །

1b

(མཆོད་བརྗོད།)

༄༅༅།        །ཐུགས་བསྐྱེད་ལྷ་ཆེན་མང་པོས་མངོན་དགའི་ཆུ་གཏེར་བསྲུབས་པ་ལས། །ལེགས་འོངས་འཇིག་རྟེན་གསུམ་གྱི་མུན་པ་སྟུག་པོ་ཀུན་གྱི་དགྲ། །ཐུབ་བསྟན་དགའ་ཚལ་ཕྱོགས་བརྒྱར་འཛུམ་པའི་བྱེད་པོ་ཟླ་མེད་པ། །ཆོས་ཚུལ་འོད་ཟེར་འབུམ་ལྡན་བདག་གི་སྙིང་མཚོར་རྟག་ཏུ་རོལ། །མཁའ་ཡངས་འགྲོ་ལ་མ་ལྟར་བརྩེ་བའི་འཆི་མེད་ལམ་ཡངས་པོར། །མཐའ་ཡས་ཆོས་ཀུན་གཟིགས་པའི་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། །ལེགས་འོངས་ཕྲིན་ལས་ཚ་ཟེར་ས་གསུམ་པདྨོའི་གཉེན་གྱུར་པའི། །ལྷ་མིའི་སྟོན་པ་ཟས་གཙང་སྲས་དེར་དང་བས་ཕྱག་བགྱིའོ། །རབ་མཛེས་སྐུ་ནི་ལྷུན་པོ་ལྟར་བརྗིད་དར་བབས་མིག་གི་དཔལ། །རབ་སྙན་གསུང་ནི་དྲི་ཟའི་རྒྱུད་མངས་ལྟར་སྙན་ལེགས་བཤད་གཏེར། །རབ་ཡངས་ཐུགས་ནི་ཆུ་གཏེར་ཀློང་ལྟར་སྤང་རྟོགས་ནོར་བུས་བལྟམས། །འཇམ་པའི་

2a

༄༅༅།       །དབྱངས་ཀྱིས་བདག་གི་བློ་གྲོས་ཀུན་ནས་རྒྱས་པར་མཛོད། །ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་མཛེས་པའི་རྒྱན། །འཕགས་མཆོག་ཀླུ་སྒྲུབ་ཐོགས་མེད་ཞབས་དང་དབྱིག་གི་གཉེན། །འཕགས་པ་ལྷ་དང་ཕྱོགས་གླང་ཡབ་སྲས་དཔལ་ལྡན་ཆོས་སྐྱོང་སོགས། །འཕགས་ཡུལ་ཆོས་ཀྱི་འབྱོར་པས་ཕྱུག་མཛད་རྣམས་ལ་དང་བས་འདུད། །ཡུན་རིང་དུས་ནས་རྣམ་པར་གྲོལ་ཡང་འགྲོ་ལ་རྗེས་ཆགས་པའི། །གངས་ལྡན་རི་བོས་ཀུན་ནས་ཡོངས་སུ་བསྐོར་བའི་ལྗོངས་འདི་ན། །མི་རྗེའི་གཟུགས་ཀྱིས་སྐལ་བཟང་འགྲོ་ཀུན་བྱང་གྲོལ་ལམ་འགོད་པའི། །རྒྱལ་མེས་དབོན་ཞེས་གྲགས་པ་དཀར་པོས་ས་གསུམ་ཕྱུར་བུར་བཀང་། །གངས་ཅན་མཛེས་པའི་རྒྱན་དུ་རིང་ནས་སྤྱན་དྲངས་ཞི་བ་འཚོ། །བདུད་རིགས་ཕྱེ་མར་བསྙིལ་བའི་མཐུ་གྲུབ་པདྨ་ཨ་ཀཱ་ར། །སྨྲ་ངན་མུན་པ་དྲུངས་ནས་འབྱིན་མཁས་པདྨའི་ངང་ཚུལ་

2b

སོགས༑ ། བོད་ཡུལ་ཆོས་ཀྱི་ཕྱུག་མཛད་རྣམས་ལ་བདག་ཅག་སྙིང་ནས་དད། །བསྟན་འགྲོར་རྗེས་ཆགས་རང་སྲོག་རྩྭ་དར་ཡལ་བོར་ཏེ། །ལྷག་བསམ་གྲུ་ཆེན་བརྩོན་པའི་རླུང་དར་བཟང་པོས་རབ་བསྐྱོད་ནས། །འཕགས་ཡུལ་ཡིད་བཞིན་མཚོ་ནས་དམ་ཆོས་ནོར་བླངས་ཁ་བ་ཅན། །གཏན་པ་མེད་པའི་མཆོད་སྦྱིན་མཁས་ཀུན་དང་བའི་ཡིད་ཀྱིས་མཆོད། །ཕྱག་ན་རལ་གྲི་གཟུགས་གཞན་ཟློས་པའི་སྒྱུ་འཕྲུལ་དྲ་བའི་གར། །བྱང་ཕྱོགས་འདི་ན་ས་སྐྱ་པར་གྲགས་སྐལ་བཟང་དགའ་བའི་གཉེན། །ལེགས་བཤད་རིན་ཆེན་ཕྲེང་བ་བློ་གསལ་མགུལ་བར་འཇོག་མཁས་པའི། །ཐུབ་པའི་རྒྱལ་ཚབ་རིམ་པར་བྱོན་པའི་ཞབས་རྡུལ་སྤྱི་བོས་མཆོད། །བསོད་ནམས་ཡེ་ཤེས་ནགས་ཀླུང་སྟུག་པོའི་སྨན་ལྗོངས་ཉམས་དགའ་བ། །བདེར་གཤེགས་བསྟན་པ་སེང་གེའི་ང་རོས་སྨྲ་ངན་རི་དྭགས་ཀྱི། །ཁྱུ་མཆོག་འབུམ་གྱི་ལོག་རྟོག་གློ་སྙིང་དུམ་བུ་བརྒྱར་འགས་པའི། །སྨྲ་བའི་སེང་གེ་གོ་རམས་པ་ཁྱོད་ཚུར་བྱོན་ཕྱག་གི་གནས། །གནས་ལྔར་དབང་ཕྱུག་གྲུབ་པའི་དཔལ་ལྡན་ཕྲིན་ལས་བཟང་པོ་ཅན། །ཆོས་ཀྱི་གྲགས་དཀར་རྒྱ་མཚོའི་མཐར་སོན་སྣར་ཐང་བ་ལ་སོགས། །ཐུབ་པའི་བསྟན་པར་རྣམ་པར་རྒྱལ་བའི་མཁན་བརྒྱུད་བཟང་རིམ་པར། །སྒོ་གསུམ་དང་བའི་སྐྱབས་སུ་མཆི་འོ་ངག་གི་མཆོག་སྩོལ་ཅིག །