རྟ་ནག་ཆོས་འབྱུང་།
དང་པོ། སྤྱིར་བསྐལ་པ་གང་ལ་སངས་རྒྱས་འབྱོན་ཚུལ།
(དང་པོ། སྤྱིར་བསྐལ་པ་གང་ལ་སངས་རྒྱས་འབྱོན་ཚུལ།)
དང་པོ་ནི། སྤྱིར་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་དང་། མུན་པའི་བསྐལ་པ་གཉིས་ལས། སྒྲོན་བསྐལ་ལ་སངས་རྒྱས་འབྱུང་ཞིང་མུན་བསྐལ་ལ་མི་འབྱུང་། དེ་ཡང་སྒྲོན་བསྐལ་བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་ངམ་སྟོང་དང་ལྔ་འབྱོན། དེ་ནས་མུན་བསྐལ་བསྐལ་པ་ཆེན་པོ་དྲུག་ཅུ་འབྱུང་། དེ་ནས་སྒྲོན་བསྐལ་བསྐལ་པ་ཆེན་པོ་ལ་སངས་རྒྱས་ཁྲི་འབྱོན། དེ་ནས་མུན་བསྐལ་བསྐལ་པ་ཆེན་པོ་ཁྲི་འབྱུང་། དེ་ནས་དཔེ་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་བརྒྱད་ཁྲི་འབྱོན། དེ་ནས་མུན་བསྐལ་བསྐལ་པ་ཆེན་པོ་སུམ་བརྒྱ་འབྱུང་། དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་ཁྲི་བཞི་སྟོང་འབྱོན་པར། བསྐལ་བཟང་ལས་བཤད་པས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་ཤིན་ཏུ་དཀའ་བ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། སངས་རྒྱས་འཇིག་རྟེན་འབྱུང་བ་བརྒྱ་ལམ་སྟེ། །མི་ཡིས་ལུས་ནི་ཚེགས་ཀྱིས་རྙེད་པ་ཡིན། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་འབྱུང་
བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་ཁོམ་རུང་བ་འདི་ལྟ་བུ། །དཀོན་ན་ནམ་ཞིག་རྙེད་པར་འགྱུར། །ཞེས་གསུངས་པའི་ཕྱིར།
