རྟ་ནག་ཆོས་འབྱུང་།

བཞི་པ། བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ།

上一章
下一章

(བཞི་པ། བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ།)

བཞི་པ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ནི། སྟོན་པ་འདི་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། ཉི་ཤུ་རྩ་དགུའི་བར་ཁབ་ཏུ་བཞུགས། ཉི་ཤུ་རྩ་དགུ་བཞེས་པ་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་གཙུག་ཕུད་ཉིད་ཀྱིས་བཅད། རིན་ཐང་མེད་པའི་གོས་དང་ངུར་སྨྲིག་གི་གོས་བརྗེས་ནས་གསོལ་ཏེ་རབ་ཏུ་བྱུང་བར་མཛད། དེ་ནས་ཆུ་བོ་ནཻ་རཉྫཱ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱོད་པའི་ཚུལ་བསྟན། དེ་ནས་དཀའ་ཐུབ་ཙམ་གྱི་གྲོལ་བར་འདོད་པ་དགག་པའི་ཕྱིར་ཞིང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་སྦྲང་རྩི་ཅན་ཕུལ་བ་བཞེས་ཏེ། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་དཱུར་བ་བཞེས་ནས་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་དུ་བྱོན་ཏེ་དགུང་ལོ་སུམ་ཅུ་རྩ་ལྔ་བཞེས་པ་ཆུ་ཕོ་སྟག་གི་ལོ་སྐར་མ་ས་གས་ཉ་བའི་ཚེས་བཅོ་ལྔ་ལ་རྩྭ་དཱུར་བའི་སྟན་ལ་བཞུགས་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན། དེ་ནས་ཞག་བཞི་བཅུ་རྩ་དགུའི་བར་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་

10a

༄༅།        །མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཁྲོད་དུ་སྦ་བར་བྱ། །ཞེས་གསུངས་ནས་འཇིག་རྟེན་ཐ་མལ་པས་སྣང་ངོར་ཆོས་མི་གསུང་བར་བཏང་སྙོམས་སུ་བཞུགས་བའི་ཚུལ་བསྟན་པ་ལ། ཚངས་པ་གཙུག་ཕུད་ཅན་འཁོར་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་པ་ལྷགས་ཏེ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ཡིན་ཏེ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བགྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡིས་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་གསོལ་བ་བཏབ་ནས་བསྐུལ་བའི་ཕྱིར་དང་། ཡང་ཚངས་པས་བརྒྱ་བྱིན་སྦྲན་ཏེ། བརྒྱ་བྱིན་གྱིས་གསེར་གྱི་མཎྜལ་དཔག་ཚད་ལྔ་བཅུ་ཡོད་པ་ཞིག་དང་། དུང་དཀར་པོ་གཡས་སུ་འཁྱིལ་བ་ཞིག་ཕུལ་ནས། །ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་ཕྱུང་གསོལ། །ཞེས་གསོལ་བ་བཏབ་ཅིང་། སླར་ཡང་ཚངས་པས། མ་ག་དྷཱ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མའི་རྗེས་སུ་འབྲང་བར་འགྱུར། །དབྱེ་བར་མཛོད་ཅིག་བདུད་རྩི་སྒོ་མོའི་ཆོས། །རྡུལ་བྲལ་དྲི་མ་མེད་པ་བཤད་དུ་གསོལ། །ཞེས་ནན་གྱིས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས། སེམས་ཅན་ཀུན་ལ་སྙིང་བརྩེ་མཐའ་ཡས་པས། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་ལྟོས། །སྐྱེ་

10b

བོ་འདི་དག་ཚངས་ལ་དད་པས་ན། །དེ་ཡིས་གསོལ་བ་བཏབ་ནས་འཁོར་ལོ་བསྐོར། །ཞེས་ཞལ་གྱིས་བཞེས་ནས་ཡུལ་ཝཱ་རཱ་ཎ་སཱིར་རིན་ཆེན་སྣ་བདུན་ལས་གྲུབ་པའི་སངས་རྒྱས་སྟོང་གི་ཁྲི་བྱུང་བའི་འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་གསུམ་གྱི་ཁྲིལ་ཕྱག་དང་བསྐོར་བ་མཛད་དེ་བཞི་པའི་སྟེང་དུ་བཞུགས་ནས་འཁོར་ལྔ་སྡེ་བཟང་པོ་གཙོ་བོར་གྱུར་བའི་གདུལ་བྱ་རྣམས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར། ཡུལ་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་རྣམས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། དེ་ནས་ཡུལ་ཡངས་པ་ཅན་དང་རི་བོ་མ་ལ་ཡ་ལ་སོགས་པར་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་ཡིན་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། དེ་ནས་བཅོམ་ལྡན་འདས་ལ་དོན་དམ་ཡང་དག་འཕགས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་བའི་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་འཇིག་རྟེན་ན་ཆོས་དང་མཐུན་པར་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་

11a

༄༅།       །ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཤིང་། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་པའི་ཕྱིར། དེ་དག་ནི་ཕྱི་མཚན་ཉིད་ཀྱི་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ཡིན་ལ། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ནི། གནས་འོག་མིན་སྟུག་པོ་བཀོད་པར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གངས་ཅན་མཚོས་དེ་བཞིན་གཤེགས་པའི་འཁོར་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ལ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ལ། སླར་ཡང་ཤཱཀྱའི་རྒྱལ་པོ་ཉིད་ཀྱིས། དེ་ཉིད་འདུས་པ་དང་། འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་མ་གཏོགས་

11b

པའི་རྒྱུད་སྡེ་ཕལ་ཆེར་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པའི་གནས་སྣ་ཚོགས་པར་སྤྲུལ་པ་མཆོག་གི་གཟུགས་ཀྱིས་བཟླས་ཏེ་གསུངས་པ་དང་། ཀྱེ་རྡོ་རྗེའི་རྒྱུད་རྣམས་ནི་དང་པོར་འོག་མིན་དུ་ལོངས་སྐུ་དང་། བར་དུ་སྤྲུལ་པ་མཆོག་ཀྱེ་རྡོ་རྗེ་དང་། ཐ་མ་ཛམྦཱུའི་གླིང་དུ་ཤཱཀྱ་ཐུབ་པ་ཉིད་ཀྱིས་བཟློས་ཏེ་གསུངས་པ་ཡིན་ཏེ། སློབ་དཔོན་ཀ་མ་དྷེ་ནུས་ཀྱེ་རྡོ་རྗེའི་འགྲེལ་བ་ལས། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལོ་བརྒྱད་ཅུར་ཛམྦཱུའི་གླིང་དུ་བཞུགས་པ་དེ་སྲིད་ལ་རྒྱུད་རིན་པོ་ཆེ་འདི་ཡང་དང་ཡང་དུ་མ་གསུངས་ཀྱི་དུས་གཅིག་ན་ལན་གཅིག་གསུངས་པ་ཁོ་ན་སྟེ། དེ་བས་ན་འདིས་དུས་ནི་དུས་གཞན་ལས་ཁྱད་པར་དུ་འཕགས་པ་ཁོ་ནའོ། །ཞེས་དང་། ཚུལ་དང་པོ་གསུམ་གསལ་བར་བྱེད་པའི་རྒྱན་ལས། གསང་རྒྱུད་མཐའ་དག་གྲུབ་པའི་གདུལ་བྱ་ལ། །སྤྲུལ་སྐུ་མཆོག་གིས་སྔོན་དུ་གསུངས་ཟིན་ཡང་། །དེ་ཉིད་འདུས་དང་བདེ་མཆོག་མ་གཏོགས་པ། །ཕལ་ཆེར་ཤཱཀྱ་ཐུབ་པ་རང་ཉིད་དང་། །དེ་ཡི་རྣམ་འཕྲུལ་གཞན་གྱིས་བཟླས་ཏེ་གསུངས། །ཞེས་གསུངས་པའི་ཕྱིར༑