རྟ་ནག་ཆོས་འབྱུང་།
གསུམ་པ། འུག་ཕྲུག་པ།
(གསུམ་པ། འུག་ཕྲུག་པ།)
འུག་ཕྲུག་པ་ནི་བྱེ་བྲག་པ་སྟེ། དེ་ཡང་ཏིལ་གྱི་ཟེགས་མ་ཟས་སུ་བྱས་ཏེ། དཀའ་ཐུབ་གྲུབ་པའི་དྲང་སྲོང་གི་རྗེས་སུ་འབྲངས་པས་གཟེགས་ཟན་པ་དང་། དབང་ཕྱུག་ཆེན་པོས་དྲང་སྲོང་ཞིག་ཨུ་མ་བསྲུང་དུ་བཅུག་པས། ཨུ་མས་ཆགས་པའི་རྣམ་འགྱུར་སྣ་ཚོགས་བསྟན་པ་ན་དཀའ་ཐུབ་ལས་ཉམས་ཀྱིས་དོགས་ནས་ཨུ་མའི་རྐང་པ་ལ་མིག་གཏད་ནས་དཀའ་ཐུབ་བསྒྲུབས་ཏེ་འགྲུབ་པའི་དྲང་སྲོང་གི་རྗེས་སུ་འབྲངས་བས་ན་རྐང་མིག་པ་དང་། དྲང་སྲོང་གཟེགས་ཟན་གྱིས་བརྩམས་པའི་བྱེ་བྲག་གསལ་བའི་བསྟན་བཅོས་ཚད་མར་བྱེད་པས་བྱེ་བྲག་པ། མུ་སྟེགས་ཞིག་གིས་བསྟི་གནས་ཞིག་ཏུ་བསམ་གཏན་བསྒྲུབ་པས་འུག་པ་ཞིག་མཐོང་སྟེ། དེ་ལ་ཤེས་བྱའི་དོན་དྲིས་པས་ཚིག་གི་དོན་དྲུག་ཚུན་ཆད་བརྡ་བྱས། དེ་ཕན་ཆད་མ་བྱུང་བས་ཚིག་གི་དོན་དྲུག་ཏུ་རྒྱ་ཆོད་པར་གོ་བའི་དྲང་སྲོང་གི་རྗེས་སུ་འབྲངས་པས་འུག་ཕྲུག་པ་དང་། ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་འདུས་པར་འདོད་པས་ཚིག་གི་དོན་དྲུག་པ་ཞེས་བྱ་བ་རྣམས་རྣམ་གྲངས་སོ། །དེས་འགྲོ་བའི་བདེ་སྡུག་དང་། འཁོར་བ་དང་། གྲོལ་བ་ཐམས་
ཅད་དབང་ཕྱུག་མཉེས་མ་མཉེས་ཀྱིས་བྱས་པར་འདོད་དེ། དེ་ཉིད་ཀྱི་བསྟན་བཅོས་ལས། འགྲོ་བ་པོ་འདིས་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཡང་མཆོད་སྦྱིན་གྱི་རྫས་ལ་གང་ཕུལ་བདེའི་ཚེ་འདིར་ཐོབ་ལ། དེས་སེམས་ཅན་བསད་པ་ཀུན་ཕྱི་མ་རང་གི་འཁོར་དུ་མཐོ་རིས་སུ་སྐྱེ་བར་འདོད་དེ། དེ་ཉིད་ལས། བྲམ་ཟེ་འདོད་ལ་བྲམ་ཟེ་དང་། །རྒྱལ་རིགས་འདོད་ལ་རྒྱལ་རིགས་དང་། །ནོར་རྣམས་འདོད་ལ་ནོར་རྣམས་ཀྱིས། །མཆོད་སྦྱིན་དམ་པ་ཡང་དག་བརྩམས། །ཞེས་འབྱུང་བའི་ཕྱིར། ལྷ་མཉེས་པའི་ཆེད་དུ་རང་གི་ལུས་སྦྱིན་བསྲེག་བྱས་ན་གྲོལ་བ་ཐོབ་པར་འདོད་ཅིང་། འདི་དག་རིག་པ་ཅན་པས་ཀྱང་འདོད་པ་ཡིན་ཏེ། རྣམ་འགྲེལ་ལས། རིག་བྱེད་ཚད་མ་དང་ནི་འགལ་བྱེ་སྨྲ། །ཁྲུས་ལས་ཆོས་འདོད་དང་ནི་རིག་སྨྲས་དྲེགས། །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཞེས་གསུངས་པའི་ཕྱིར། འདིས་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་འདུས་པར་འདོད་དེ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་འབྱུང་བའི་ཕྱིར། རྫས་ལ་དགུ་སྟེ། བདག །དུས། ཕྱོགས༏ ཡིད། ནམ་མཁའ་སྟེ་རྟག་པའི་རྫས་ལྔ། ས་ཆུ་མེ་རླུང་སྟེ་མི་རྟག་པའི་རྫས་བཞི་སྟེ་དགུ། ཡོན་ཏན་ལ་ལྔ་སྟེ། སྒྲ་ནམ་མཁའི་ཡོན་ཏན། དྲི་སའི་ཡོན་ཏན། རོ་ཆུའི་ཡོན་ཏན། རེག་བྱ་རླུང་གི་ཡོན་ཏན། ཁ་དོག་མེའི་ཡོན་ཏན་དང་ལྔའོ། །ལས་ལ་ལྔ་སྟེ། འདེགས་

༄༅། །འཇོག་གཉིས། བརྐྱང་བསྐུམ་གཉིས། འགྲོ་བ་སྟེ་ལྔའོ། །སྤྱི་ལ་གཉིས་ཏེ། ཀུན་ལ་ཁྱབ་པ་ཆེན་པོ་དང་། བགྲང་ལྟ་བུ་ཕྱོགས་རེ་ལ་ཁྱབ་པ་ཉི་ཚེ་བ་སྟེ་གཉིས་སོ། །བྱེ་བྲག་ནི་ཕན་ཚུན་འདྲེ་བར་བྱེད་པའི་ཆོས་དང་། འདུ་བ་ནི་རྫས་དང་ཡོན་ཏན་སྦྲེལ་པར་བྱེད་པའི་ཆོས་ཤིག་ལ་འདོད་དོ། །བདག་ནི་རྟག་པ་གཅིག་པུ་ཐམས་ཅད་ལ་ཁྱབ་པ། སེམས་ཅན་གྱི་རྒྱུད་དུ་རྟོགས་པ། བཟའ་བ་པོ་ཡིན་པ། བེམ་པོ་སྟེ་ཁྱད་པར་ལྔ་ལྡན་དུ་འདོད་དེ། གཞན་དག་ཀྱང་ནི་འདིར་བདག་ཉིད༑ །འདོད་དང་སྡང་སོགས་ཡོན་ཏན་ཅན། །བརྟེན་དང་ཀུན་འཇུག་བཟའ་བ་པོ། །བདག་ཉིད་བེམ་པོའི་ངོ་བོར་འདོད། །ཅེས་འབྱུང་བའི་ཕྱིར། བདག་བེམ་པོ་ཡིན་ཡང་སྒོ་ལྔའི་རྣམ་ཤེས་ཡོན་ཏན་དུ་ལྡན་པས་ཡུལ་འཛིན་པར་ནུས་ལ། ངོ་བོ་བརྟག་པ་ཡིན་ཡང་འབད་པ་དང་འདུ་བ་སོགས་ཡོན་དུ་ལྡན་པས་ལུས་ལེན་པ་སོགས་བདག་གི་ཡོན་ཏན་དུ་འདོད་དེ། བདག་ཉིད་བརྟག་ཀྱང་བྱེད་པོར་འགྱུར། །རྫ་ཆག་བྱེ་འཕུར་ཇི་བཞིན་དུ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ། །འཕོ་ཞིང་ཉིང་འཚམས་སྦྱོར་བ་ནི༑ །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་འབྱུང་བའི་ཕྱིར།
