རྟ་ནག་ཆོས་འབྱུང་།
ཕྱི་ནང་གི་ཁྱད་པར་བསྟན་པ།
(ཕྱི་ནང་གི་ཁྱད་པར་བསྟན་པ།)
འོ་ན་ཕྱི་ནང་གི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཁ་ཅིག་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མི་འགྲོའི་སྒོ་ནས་བྱེད་པ་ཡོད་ཀྱང་། དེ་བཞིན་གཤེགས་པ་གང་ལ་ཡང་སྐྱབས་སུ་མི་འགྲོ་བས་ནང་པ་སངས་རྒྱས་པ་མ་ཡིན་པར་ཐལ་བ་དང་། སྟོན་པ་གཤེན་རབ་འཁོར་དང་བཅས་པ་ཆོས་ལ་སྐྱབས་སུ་མི་འགྲོ་བས་མུ་སྟེགས་བྱེད་དུ་ཐལ་བའི་སྐྱོན་གནས་པས་ཅུང་ཟད་མི་འཐད། ཡང་ཁ་ཅིག །ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང་། སྒོམ་པ་སྲིད་རྩེའི་གཉེན་པོ་ཡོད་མེད་ཀྱི་སྒོ་ནས་བྱེད་པ་ཡོད་ཀྱང་། དབུ་མ་འཇུག་པ་ལས། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །རྣམ་ཤེས་དྲུག་གི་ཤེས་བྱར་དེར་འདོད་ཅིང་། །དེ་ནི་ངར་འཛིན་རྟེན་དུའང་འདོད་པ་ཡིན། །ཞེས་གསུངས་པ་ལྟར་རང་སྡེ་གནས་མ་བུའི་སྡེ་པས་ཆོས་ཐམས་ཅད་བདག་མེད་དུ་ཁས་མི་ལེན་པར་བརྗོད་དུ་མེད་པའི་གང་ཟག་གི་བདག་ཡོད་པར་འདོད་པས་ནང་པ་སངས་རྒྱས་པ་མ་ཡིན་པར་ཐལ་བས་ན་མི་འཐད། འོ་ན་ཇི་ལྟར་ཞེ་ན། བདག་མེད་རྟོགས་པའི་ལམ་ལ་བརྟེན་ནས་ཐར་པ་ཐོབ་པར་འདོད་པ་དང་མི་འདོད་པའི་མཁས་པའི་རྗེས་འབྲང་གི་གྲུབ་མཐའ་སྨྲ་བའི་ཆ་ནས་ནང་པ་སངས་རྒྱས་པ་དང་། ཕྱི་པ་མུ་སྟེགས་པ་ཞེས་བྱའོ། །འོ་ན་གནས་མ་བུའི་སྡེ་པ་སངས་རྒྱས་པ་མ་ཡིན་པར་འགྱུར་རོ་ཞེ་ན་སྐྱོན་མེད། དེས་བརྗོད་དུ་མེད་པའི་བདག་ཡོད་པར་ཁས་ལེན་ཡང་སྤྱིར་བདག་མེད་རྟོགས་པའི་ཤེས་རབ་མེད་པར་མི་འདོད་པའི་ཕྱིར་རོ། །