རྟ་ནག་ཆོས་འབྱུང་།

༢. རིགས་པའི་རྗེས་འབྲང་གི་མདོ་སྡེ་པ།

上一章
下一章

(༢. རིགས་པའི་རྗེས་འབྲང་གི་མདོ་སྡེ་པ།)

གཉིས་པ་ལ་ཚད་མ་སྨྲ་བའི་མདོ་སྡེ་པ་དང་། ཐེག་ཆེན་བཀར་སྒྲུབ་མི་དགོས་པའི་མདོ་སྡེ་པ་ཞེས་བྱ་སྟེ། འདིས་འབུམ་པ་ལ་སོགས་པའི་ཐེག་ཆེན་གྱི་མདོ་རྣམས་བཀར་འདོད་པའི་ཕྱིར་རོ། །དེའི་གྲུབ་པའི་མཐའ་ནི། ཤེས་བྱ་གཞི་ལྔའི་ནང་ནས་འདུས་མ་བྱས་རྟག་པའི་གཞི་དང་། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི་གཉིས་རྫས་སུ་མ་གྲུབ། གཞི་གཞན་གསུམ་རྫས་སུ་གྲུབ་ཅེས་ཁས་ལེན་ལ། དེ་ཡང་ནམ་མཁའ་ནི་རང་གི་ངོ་བོའི་སྒོ་ནས་མ་གྲུབ་པ་མོ་

26b

གཤམ་གྱི་བུ་དང་འདྲ་ཞིང་། འགོག་པ་གཉིས་ཀྱང་ནམ་མཁའ་དང་འདྲ་ལ། ལྡན་མིན་འདུ་བྱེད་ནི་བྱེ་བྲག་ཏུ་སྨྲ་བས་བེམ་པོར་འདོད་ཀྱང་འདིར་ནི་བེམ་པོ་མ་ཡིན་པར་མེད་ངེས་སུ་འདོད། བྱེ་བྲག་ཏུ་སྨྲ་བས་དུས་གསུམ་རྫས་ཡོད་དུ་འདོད་ཀྱང་འདིར་ནི་འདས་མ་འོངས་རྫས་སུ་མ་གྲུབ་པས་ད་ལྟར་བ་ཁོ་ན་རྫས་གྲུབ་ཏུ་འདོད། དབང་ཤེས་ལ་རང་དུས་སུ་ཕྱི་རོལ་རྒྱང་ཆད་ལྟར་གནང་བ་ནི་དབང་ཤེས་དེའི་གཟུང་རྣམ་ཡིན་པས་ཤེས་པའི་རྫས་ཡིན་གྱི་བེམ་པོ་མ་ཡིན་ཏེ། ཕྱི་རོལ་གྱི་གཟུགས་ཡིན་ན། རྡུལ་ཕྲན་བསགས་པ་ལས་བྱུང་དགོས་པའི་ཕྱིར། ཞེས་འདོད་དེ། དེ་ཉིད་ལས། མཐོང་བ་དབང་པོའི་ཡུལ་མིན་ཏེ། །ཤེས་པ་རྣམ་པ་བཅས་པ་སྐྱེ། །ནམ་མཁའ་མོ་གཤམ་བུ་འདྲ་ལ། །འགོག་པ་ནམ་མཁའ་དང་འདྲའོ། །འདུ་བྱེད་བེམ་པོར་ཡོད་མ་ཡིན། །དུས་གསུམ་དག་ཀྱང་ཁས་མི་ལེན། །བསགས་པའི་གཟུགས་བྱེད་མིན་ཞེས་པ། །མདོ་སྡེ་པ་ཡི་མཁས་རྣམས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་དེའི་ཉོན་སྒྲིབ་དང་གང་ཟག་གི་བདག་མེད་ཁས་ལེན་ཀྱང་། ཤེས་སྒྲིབ་དང་ཆོས་ཀྱི་བདག་མེད་ཁས་མི་ལེན་ཏེ། སྒྲིབ་གཉིས་མེད་ཅིང་བདག་མེད་གཉིས་མི་འདོད། །ཅེས་གསུངས་པའི་ཕྱིར།