རྟ་ནག་ཆོས་འབྱུང་།

གཉིས་པ། གྲུབ་མཐའ་ཕྱོགས་འཛིན་གྱི་དབུ་མ་པ།

上一章
下一章

(གཉིས་པ། གྲུབ་མཐའ་ཕྱོགས་འཛིན་གྱི་དབུ་མ་པ།)

གཉིས་པ་ལ་བྱེ་བྲག་ཏུ་སྨྲ་བ་དང་ཚུལ་མཚུངས་པའི་དབུ་མ་པ། མདོ་སྡེ་སྤྱོད་པའི་དབུ་མ་པ། རྣལ་འབྱོར་སྤྱོད་པའི་དབུ་མ་པ། སྒྱུ་མ་ལྟ་བུའི་དབུ་མ་པ་ལ་སོགས་མང་དུ་ཡོད། ཀླུ་སྒྲུབ་ཀྱི་རྗེས་འབྲངས་ལ་དབུ་མ་ཐལ་རང་གཉིས་སུ་གྱེས་པ་ལས། འདི་གཉིས་ཀྱི་ཁྱད་པར་ནི་རྒྱས་པར་ན་ཤིན་ཏུ་མང་ཡང་། མདོར་བསྡུ་ན་རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་གྱི་མཐའ་བཞི་སྐྱེ་འགོག་

28a

༄༅།      །གི་དམ་བཅའ་བཞི་ཐལ་འགྱུར་གྱི་དམ་བཅར་འདོད་ཅིང་། དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་རྣམས་ཐལ་འགྱུར་གྱི་གཏན་ཚིགས་སུ་འདོད་པ་ལ་དབུ་མ་ཐལ་འགྱུར་བ་དང་། དམ་བཅའ་བཞི་པོ་རང་རྒྱུད་པའི་དམ་བཅར་འདོད་ཅིང་། དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་རྣམས་རང་རྒྱུད་ཀྱི་གཏན་ཚིགས་སུ་འདོད་པ་ལ་དབུ་མ་རང་རྒྱུད་པར་འཇོག་པ་ཡིན། འོ་ན་འགྲེལ་བ་ཚིག་གསལ་ལས། དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་རྗེས་སུ་དཔག་པ་རིགས་པ་མ་ཡིན་ནོ། །ཕྱོགས་གཞན་ཁས་བླང་པ་མེད་པའི་ཕྱིར་རོ། །ཞེས་དང་། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དབུ་མ་ཐལ་འགྱུར་བས་དམ་བཅའ་ཁས་མི་ལེན་པར་བཤད་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དེ་དག་གི་དོན་ནི་དབུ་མ་ཐལ་འགྱུར་བས་དོན་དམ་སྒྲུབ་བྱེད་ཀྱི་རང་རྒྱུད་ཀྱི་དམ་བཅའ་ཁས་མི་ལེན་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །སྤྱིར་ནི་དབུ་མ་ཐལ་འགྱུར་བས་ཐལ་འགྱུར་གྱི་དམ་བཅའ་དང་གཏན་ཚིགས་ཁས་ལེན་པར་མ་ཟད༑ རང་རྒྱུད་ཀྱི་དམ་བཅའ་དང་གཏན་ཚིགས་ཀྱང་ཁས་ལེན་ཏེ། མགོན་པོ་བྱམས་པས། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། ཞེས་པ་ཚད་མར་འདོད་པའི་ཕྱིར། ཕྱིས་གྲགས་པ་དབུ་མ་རང་སྟོང་གཞན་སྟོང་གཉིས་ལས།