རྟ་ནག་ཆོས་འབྱུང་།
དང་པོ། ཕྱིས་འགྱུར་གསང་སྔགས་གསར་མའི་ལུགས།
(དང་པོ། ཕྱིས་འགྱུར་གསང་སྔགས་གསར་མའི་ལུགས།)
དང་པོ་ནི། རྡོ་རྗེ་རྩེ་མོ་ལས་ཕྱིའི་རྒྱུད་དང་། གསང་བའི་རྒྱུད་གཉིས་སུ་གསུངས་པ་དང་། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས་བྱ་བའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་གཉིས་སུ་གསུངས། སྔགས་དོན་རྣམ་གཟིགས་དང་སངས་རྒྱས་གསང་བའི་རྒྱུད་གཉིས་ལས། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་དུ་གསུངས། ཐམས་ཅད་གསང་བའི་རྒྱུད་ལས། བྱ་སྤྱོད་གཉིས། གཉིས་ཀའི་རྒྱུད་དང་གསུམ་དུ་གསུངས། སློབ་དཔོན་ཤཱནྟི་པས་དེ་གསུམ་གྱི་སྟེང་དུ་རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་བསྣན་ནས་ལྔར་གསུངས། རྒྱ་གར་ཕྱག་ནས་དེ་གསུམ་གྱི་སྟེང་དུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། རྣལ་འབྱོར་གོང་ན་མེད་པའི་རྒྱུད་གཉིས་བསྣན་ནས་ལྔར་གསུངས། མཁའ་འགྲོ་རྒྱ་མཚོ་དང་། རབ་ཏུ་སྒྲོན་གསལ་ལས་རྒྱུ་སྡེ་ལྔར་གསུངས། བདེ་མཆོག་རྩ་རྒྱུད་ལས། མདོ་
༄༅། །སྡེ་རྟོག་པའི་རྒྱུད། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ། རྣལ་འབྱོར་གསང་བའི་རྒྱུད། རྣལ་འབྱོར་གསང་བའི་མཐའི་རྒྱུད་དང་དྲུག་ཏུ་གསུངས་ཀྱང་། ཀྱེ་རྡོ་རྗེའི་ལུགས་ལ། ཕྱི་རོལ་མུ་སྟེགས་བྱེད་ལ་ལོག་པའི་སྤྱོད་པ་མི་འདྲ་བ་བཞི་ཡོད་པ་རྗེས་སུ་བཟུང་བ་དང་། མཚན་ཉིད་ཐེག་པ་ལ་གྲུབ་མཐའ་སྨྲ་བ་བཞི་ཡོད་པ་དང་སྒོ་བསྟུན་པ་དང་། འདོད་པ་ཁམས་པ་ལ་འདོད་ཆགས་སྤྱོད་ཚུལ་རིགས་མི་འདྲ་བ་བཞི་ཡོད་པ་མ་སྤངས་པ་ལམ་དུ་བསྒྱུར་ནས་བྱང་ཆུབ་སྒྲུབ་པའི་ཕྱིར་དུ་རྒྱུད་སྡེ་བཞིར་གསུངས་པ་ཡིན་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་གསུངས་པའི་ཕྱིར།
