རྟ་ནག་ཆོས་འབྱུང་།
ཞེ་སྡང་ཅན་རྗེས་སུ་བཟུང་བ་གཤིན་རྗེའི་གཤེད།
(ཞེ་སྡང་ཅན་རྗེས་སུ་བཟུང་བ་གཤིན་རྗེའི་གཤེད།)
བོད་དུ་རྗེ་མར་པ་དང་། འགོས་ཁུག་པ་ལྷས་བཙས་དང་། མལ་ལོ་ཙཱ་བ་སོགས་ལས་འཕེལ་བ་ཡིན། གཤིན་རྗེའི་གཤེད་ལ། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལ་བརྟེན་ནས་ཌོམྦཱི་ཧེ་རུ་ཀ་དང་། གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་བཀྲལ་བའི་གཤིན་
༄༅། །རྗེ་གཤེད་དམར་པོ་ལྷ་ལྔ་དང་། ལྷ་བཅུ་གསུམ་མ་ལ་སོགས་པ་དང་། ལ་ལི་ཏ་བཛྲ་དང་། ཨ་མོ་གྷ་བཛྲ་སོགས་ཀྱིས་བཀྲལ་བའི་དགྲ་གདོང་འཇིགས་གསུམ་དུ་གྲགས་པ་རྣམས་ཡིན་ལ། ལུགས་དང་པོ་དེ་བོད་དུ་ནི་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་། དཔྱལ་ལོ་ཁུ་དབོན་སོགས་ཀྱིས་དར་བར་བྱས། ལུགས་གཉིས་པ་དེ་རྭ་ལོ་རྡོ་རྗེ་གྲགས། དེའི་སྲས། རྭ་ཆོས་རབ། སྐྱོ་འོད་འབྱུང་ལ་སོགས་པས་དར་བར་བྱས་སོ། །མ་རྒྱུད་ནི་འཁོར་ལོ་བདེ་མཆོག་དང་། མ་ཧཱ་མ་ཡ་ལ་སོགས་པ་ཡིན་ལ། དང་པོ་ལ། བདེ་མཆོག་རྩ་རྒྱུད་དང་། བཤད་པའི་རྒྱུད་མངོན་བརྗོད་བླ་མ་སོགས་མང་ངོ་། །དགོངས་འགྲེལ་ནི། གྲུབ་པའི་སློབ་དཔོན་ཆེན་པོ་ལཱུ་ཧི་པའམ་བོད་སྐད་དུ་ཉ་ལྟོ་པར་གྲགས་པ་དེས་བཀྲལ་བའི་ལུགས་ལ་བདེ་མཆོག་ལཱུ་ཧི་པའི་སྐོར་དང་། སློབ་དཔོན་ནག་པོ་སྤྱོད་པས་བཀྲལ་བའི་ལུགས་ལ་བདེ་མཆོག་ནག་པོ་པའི་སྐོར་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་བཀྲལ་བའི་ལུགས་ལ་བདེ་མཆོག་དྲིལ་བུ་པའི་སྐོར་ཏེ་ལཱུ་ནག་དྲིལ་གསུམ་དུ་གྲགས་པ་རྣམས་ནི་བདེ་མཆོག་གསང་མཐའ་ཞེས་ཤིན་ཏུ་ཟབ་པར་བྱེད་ལ། སྲོལ་དེ་བལ་པོ་ཕམ་མཐིང་པ་སྐུ་མཆེད་ཀྱིས་ཇོ་བོ་ནཱ་རོ་ཏ་པའི་ཞལ་ནས་བླངས་ཏེ་ཀློག་སྐྱ་ཤེས་རབ་བརྩེགས་དང་། མལ་ལོ་བློ་གྲོས་གྲགས་སོགས་ལ་གནང་སྟེ་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་ནས་བཤད་སྒྲུབ་ཀྱི་གཏན་ལ་ཕབས་ཏེ་དར་རྒྱས་ཆེའོ། །གསང་མཐའ་མ་ཡིན་པའི་བདེ་མཆོག་ཙམ་ལ་མཁའ་འགྲོ་རྒྱ་མཚོ་དང་། སྡོམ་བྱུང་། རྡོ་རྗེ་མཁའ་འགྲོ་སོགས་རབ་ཏུ་མང་ཡང་སྔ་མ་ལས་ཅུང་མི་ཟབ་པར་བྱེད་དོ། །མ་ཧཱ་མ་ཡའམ་སྒྱུ་མ་ཆེན་མོ་ནི་ཞི་བ་བཟང་པོ་ལས་མར་སྟོན་ཆོས་

ཀྱི་བློ་གྲོས་ཀྱིས་བླངས་ཏེ་རྔོག་ཆོས་སྐུ་རྡོ་རྗེ་སོགས་ལ་གནང་ནས་རྔོག་ལུགས་དཀྱིལ་འཁོར་བདུན་གྱི་ནང་ཚན་དུ་གྲགས་མོད། དེང་སང་ནི་ཀུན་དགའ་བཟང་པོའི་རྒྱུད་འཛིན་རྣམས་ལ་དར་ཆེའོ། །གཉིས་མེད་ཀྱི་རྒྱུད་ནི་ཀྱེ་རྡོ་རྗེ་དང་། དུས་ཀྱི་འཁོར་ལོ་ལ་སོགས་པ་ཡིན་ལ། དང་པོ་ལ་ཀྱེ་རྡོ་རྗེའི་རྩ་རྒྱུད་རྒྱས་བསྡུས་གཉིས། བཤད་རྒྱུད་ལ་ཐུན་མོང་དང་ཐུན་མོ་མ་ཡིན་པ་སོགས་མང་ངོ་། །དགོངས་འགྲེལ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིཪྺ་པས་བཀྲལ་བ་ལ་མན་ངག་ལུགས་དང་། ཌོམྦི་ཧེ་རུ་ཀས་བཀྲལ་བ་ལ་ཌོམྦི་ལུགས་དང་། གྲུབ་ཆེན་མཚོ་སྐྱེས་རྡོ་རྗེས་བཀྲལ་བ་ལ་མཚོ་སྐྱེས་ལུགས་དང་། ནག་པོ་ཤཱནྟ་བྷ་དྲས་བཀྲལ་བ་ལ་ནག་པོ་ལུགས་ཞེས་གཞུང་འགྲེལ་ལ་བརྟེན་པ་གསུམ་སྟེ་ཀྱེ་རྡོ་རྗེའི་བཀའ་བབས་བཞི་ཞེས་འཕགས་ཡུལ་ན་ཉི་ཟླ་ལྟར་གྲགས་པ་ཆེ་ལ། བོད་དུ་ནི་ཀྱེ་རྡོ་རྗེའི་སྨིན་གྲོལ་གྱི་གདམས་པ། རྒྱུད་དང་རྒྱ་གཞུང་གི་བཤད་བཀའ་སོགས་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པ་བཞུགས་པ་ནི་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་མ་དྲོས་པའི་རྒྱ་མཚོའི་གཟུགས་སུ་བཀོད་པ་དེ་ཁོ་ན་ཡིན་ལ། དེ་ལས་འཁོན་དཀོན་མཆོག་རྒྱལ་པོ། སེ་སྟོན་ཀུན་རིག །མངའ་རིས་པ་གསལ་བའི་སྙིང་པོ། མཆིམས་ལོ་ཙཱ་བ་འོད་ཀྱི་སྣང་བ་སྟེ་གངྒཱ་སོགས་ཆུ་ཀླུང་ཆེན་པོ་བཞིའི་གཟུགས་སུ་བཀོད་པ་བཞིས་བླངས་ཏེ། དེ་བཞིས་ནང་ནས་སེ་སྟོན་ཀུན་རིག་དང་། གསལ་བའི་སྙིང་པོ་ལས། ཆུ་ཕྲན་ལྟ་བུའི་འཁོན་སྒྱི་ཆུ་བ་དགྲ་ལྷ་འབར་རམ་ཤཱཀྱ་འབར་དང་། ཞང་སྟོན་ཆོས་འབར་གཉིས་ཀྱིས་དྲངས་ནས་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་ཤིང་ཕྱིས་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ་ཉིད་ས་དཀར་པོ་

༄༅། །རྒྱབ་ཡོལ་གྱི་ཚུལ་དུ་མཛད། འབལ་གྲོག་དང་མོན་གྲོག་ཏུ་ཞབས་རེ་བཞག་སྟེ་སྐུའི་གཟི་བྱིན་ཉི་མ་འབུམ་ལྟར་འབར་བ་ཞིག་ས་ཆེན་ལ་ཞལ་མངོན་སུམ་དུ་བསྟན་པས་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་འབྱམས། དེ་ལས་སང་ནས་བསྟོད་པ་མཛད་ཅིང་ས་སྐྱའི་བྲང་ཁང་རྙིང་པར་སྤྱན་དྲངས་ཏེ་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་བཤད་བཀའ་ཚུལ་བཞི་སྔོན་དུ་བཏང་ནས་བཤད་ཐབས་ཀྱི་མན་ངག་དྲུག་དང་ལྡན་པ་དང་། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཡོངས་སུ་རྫོགས་པ། ལྕགས་རིའི་ཁོང་ལས་མི་འདའ་བའི་ཟབ་ཆོས་བཞི་དང་བཅས་པ་གདམས་པ་དང་རྗེས་སུ་སྟོན་པར་མཛད་པས་ཆོས་འདིའི་བདག་པོར་གྱུར་ཏེ་ཁ་བའི་ལྗོངས་འདི་སྐལ་བ་བཟང་པོར་མཛད་པ་ཡིན་ཏེ། རྗེ་བཙུན་ཆེན་པོས། མ་དྲོས་ཡེ་ཤེས་ཞབས་ལས་རྒྱུན་བཞིས་བླ་མ་ནི། །རྒྱལ་པོ་རིག་དང་སྙིང་པོ་སྣང་བའི་མཐའ་ཅན་ལས། །རིག་དང་སྙིང་པོ་ཞབས་ལས་འབར་བ་འབར་བའི་མཐའ། །རྒྱུན་བཞིན་འཛིན་པའི་བླ་ཆེན་དེ་ལ་བདག་ཕྱག་འཚལ། །ཞེས་དང་། བླ་མེད་ཕྱོགས་ནི་རིས་བསྒྱུར་མིག་བཅས་པ། །རིག་བྱེད་ཀྱིས་གསལ་ལག་པས་མེ་ལ་བསྒོ། །དེ་འོག་ཀུན་གསལ་ཆུ་གཏེར་འབྱུང་བར་བབས། །བློ་ལྡན་དོན་འདི་ཤེས་ནས་སྨྲ་བར་གྱིས། །ཞེས་དང་། རྗེ་བཙུན་བརྩེ་མོས། ཡེ་ཤེས་ཟླ་བ་དྲི་མེད་མིག་ལ་ཤར༑ །སྡེ་སྣོད་གསུམ་གྱི་དེ་ཉིད་གསལ་བར་བྱས། །རྒྱ་མཚོའི་ནང་ན་ནོར་བུ་བཞིན་དུ་མཛེས། །བློ་ལྡན་རྣམས་ཀྱི་རྟོགས་འགྱུར་གཞན་གྱིས་མིན། །ཞེས་དང་། ཨ་ལ་ལ་སྟེ་ལྷན་སྐྱེས་སྤྲོས་བྲལ་ལས། །འདི་འདྲའི་རབ་བརྗིད་དཔལ་

འབར་བསམ་ལས་འདས། །གང་དེའི་རྗེ་བཙུན་བི་རུ་པ་ཞེས་པ། །བདག་གི་དཔལ་དུ་གྱུར་བ་ཨེ་མ་ཧོ། །ཁྱོད་ཀྱི་གཟི་ཡིས་རྟོག་པ་ཀུན་བྲལ་ཞིང་། །སྒོ་གསུམ་རླུང་རྣམས་དགའ་བ་བཞི་རྒྱས་ཏེ། །ཟ་ཟི་ལས་ཀྱང་བདེ་སྟོང་གྱུར་ནས་ནི། །སད་ནས་རྗེས་དྲན་ཅུང་ཟད་བསྟོད་པར་བགྱི། །ཞེས་དང་། གཞན་ཞིག་ལས། འབྲོག་མའི་གསང་གཏམ་གྱི་ཇོས་བསྒྲགས། །སེ་ཡིས་བརྐུས་ནས་ཞང་ལ་བྱིན། །ཞང་སྟོན་སྨྱོ་བརྫུན་བཏབ་པ་ལ། །ས་ཆེན་སྤྱང་པོས་བརྫུན་ཕུག་གཏིབས། །ཕྱིས་ནས་ས་སྐྱའི་དན་ལོགས་སུ། །བིཪྺས་ལམ་འབྲས་སྒོ་སྐྱེལ་བྱས། །ཞེས་བཤད་པའི་ཕྱིར་རོ། །དཔལ་དུས་ཀྱི་འཁོར་ལོ་ལ་རྩ་བའི་རྒྱུད་དང་པོའི་སངས་རྒྱས་དབང་མདོར་བསྟན། རང་གཞན་གྱི་ལྟ་བ་མདོར་བསྟན་པ། བསྡུས་པའི་རྒྱུད། ཕྱི་རྒྱུད་ཕྱི་མ། འགྲེལ་ཆེན་དྲི་མ་མེད་པའི་འོད། །རྣལ་འབྱོར་གསུམ་གྱི་སྙིང་པོ་སོགས་གསལ་བ། དོན་དམ་བསྙེན་པ། བདེ་མཆོག་སྟོད་འགྲེལ། རྡོ་རྗེ་སྙིང་འགྲེལ་ཏེ་རྒྱུད་དང་བྱང་ཆུབ་སེམས་དཔའི་འགྲེལ་པ་མང་པོ། བཤད་སྲོལ་ནི། སྟོན་པ་མྱ་ངན་ལས་འདའ་ཁར་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་དུ་རྒྱལ་པོ་ཟླ་བ་བཟང་པོ་ལ་དུས་འཁོར་རྩ་རྒྱུད་གསུངས། དེས་ཤམྦྷ་ལར་སྤེལ་ཏེ། དེ་ན་ཤིན་ཏུ་དར་ཆེ་ལ། དེ་ཡང་རྒྱལ་པོ་ཟླ་བ་བཟང་པོས་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་རྒྱུད་མཐའ་དག་བསྡུས་ཤིང་ཡུལ་དགུ་བཅུ་རྩ་དྲུག་ཏུ་སོ་སོའི་སྐད་ཀྱི་གླེགས་བམ་དུ་བྲིས། རྩ་བའི་རྒྱུད་ཀྱི་རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་མཛད་ནས་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སྐལ་བ་དང་ལྡན་པ་རྣམས་ལ་དབང་བསྐུར་ཏེ་ལེགས་པར་བསྟན་

༄༅། །ནས་སྨིན་གྲོལ་གྱི་ལམ་ལ་བཀོད། རྒྱུད་བསྟན་པའི་ལོ་གཉིས་པ་ལ་ཀཱ་ལ་པའི་གྲོང་གི་ལྷོ་ཕྱོགས་ཙནྡན་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དབུས་སུ་རིན་པོ་ཆེ་སྣ་ལྔ་ལས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞེངས། སྲས་སའི་སྙིང་པོའི་སྤྲུལ་པ་ལྷ་དབང་སེང་གེའི་ཁྲི་ལ་ཆོས་སྟོན་པ་པོར་དབང་བསྐུར་ཏེ་གཤེགས། ལྷ་དབང་གི་ལོ་བརྒྱའི་བར་དུ་རྩ་རྒྱུད་འགྲེལ་པ་དང་བཅས་པ་བསྟན། དེ་ནས་ལྷ་དབང་གི་སྲས་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་གཟི་བརྗིད་ཅན། དེའི་སྲས་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཟླ་བས་བྱིན། དེའི་སྲས་ཁྲོ་བོ་རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུག །དེའི་སྲས་རྟ་མགྲིན་གྱི་སྤྲུལ་པ་སྣ་ཚོགས་གཟུགས། དེའི་སྲས་ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷའི་དབང་ལྡན་རྣམས་ཀྱི་ཀྱང་སེང་གེའི་ཁྲི་ལ་བཞུགས་ཏེ་རྩ་རྒྱུད་འགྲེལ་པ་དང་བཅས་པ་ལོ་བརྒྱ་བརྒྱ་བསྟན་ནས་རང་རང་གི་སྲས་རྒྱལ་སར་བསྐོས་ཏེ་གཤེགས། ལྷའི་དབང་ལྡན་གྱི་སྲས་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཆེན་པོ་འཇམ་དཔལ་གྲགས་པ་སྟེ། དེས་རྒྱལ་ས་བཟུང་ནས་ལོ་དགུ་བཅུ་གོ་དགུ་ཚུན་ཆད་ནི་རྩ་བའི་རྒྱུད་བཤད་ལ། །བརྒྱ་པ་ལ་དེ་བཞིན་གཤེགས་པས་བསྡུས་པའི་རྒྱུད་བསྡུ་བར་ལུང་བསྟན་པའི་དུས་ལ་བབས་པར་མཁྱེན་ནས་དབོ་ཟླ་བའི་ཉ་ལ་ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་ཐམས་ཅད་བོས་ཏེ་བཀའ་སྩལ་པ། ཁོ་བོའི་ཚིག་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པ་ཉོན་ཅིག །ཟླ་བ་ཕྱི་མ་ནག་པའི་ཉ་ལ་ཁྱེད་རྣམས་ལ་རྡོ་རྗེ་ཐེག་པའི་བསྟན་པ་སྦྱིན་པར་བྱའོ། །དེ་བས་ན་ཁྱེད་ཀྱི་ཡུལ་སྣ་ཚོགས་པའི་དབང་གིས་བྲམ་ཟེའི་རིགས་ཀྱི་སྤྱོད་པ་ཐ་དད་པ་རྣམས་

བདག་ལ་སྟོན་ཅིག །ཅེས་གསུངས་པ་ན། རང་རང་གི་སྤྱོད་པ་འགའ་ཞིག་ཐོད་པར་ཟ་བ་དང་། གཞན་དག་བ་ལང་མ་ཧེའི་ཤ་ཟ་བ་དང་། ཁ་ཅིག་ཆང་འཐུང་བ་དང་། ལ་ལ་མ་དང་སྲིང་མོ་ཆུང་མར་འཛིན་པ་སོགས་རང་རང་གི་ཡུལ་ཆོས་ཀྱི་སྤྱོད་པ་དེ་དག་མིའི་དབང་པོ་ལ་ངོ་ཚ་སྟེ་བསྟན་མ་ནུས་པར་ས་ལ་འགྱེལ་བར་གྱུར་ཏོ། །དེ་གཟིགས་ནས་སླར་ཡང་བཀའ་སྩལ་པ། བདག་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་འདིར་ཁྱེད་རྣམས་བཞུགས་པར་བྱ་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྦྱིན་པར་བྱའོ། །ཅི་སྟེ་ངའི་བཀའ་བཞིན་མི་བྱེད་ན་བདག་གི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་བོར་ལ་གང་དང་གང་དུ་མོས་པ་དེར་སོང་ཞིག །ཅེས་བཀའ་སྩལ་པ་ན། དེ་དག་གིས་ཀཱ་ལ་པའི་གྲོང་སྤངས་ཏེ་འཕགས་པའི་ཡུལ་དུ་འགྲོ་བར་བརྩམས་ནས་ཉི་མ་བཅུ་དྲུག་ཕྱིན་ཏེ་ནགས་ཚལ་སྟུག་པོ་ཞིག་ཏུ་གནས་པའི་ཚེ་རྒྱལ་པོའི་དགོངས་པ་ལ་དྲང་སྲོང་འདི་དག་འཕགས་ཡུལ་དུ་སོང་ན་ཀཱ་ལ་པའི་གྲོང་ན་གནས་པའི་སེམས་ཅན་རྣམས་རྒྱལ་པོ་གྲགས་པའི་འཇིགས་པས་ཐར་པ་དོན་དུ་གཉེར་བའི་དྲང་སྲོང་རྣམས་རང་རང་གི་གཉེན་བཤེས་དང་བཅས་ཡུལ་གཞན་དུ་སྤྲུགས་སོ་སྙམ་པའི་བསམས་པ་ངན་པ་སྐྱེ་བར་འགྱུར་ལ། དེ་ལྟར་ན་རྡོ་རྗེ་ཐེག་པའི་ཆོས་དངོས་སུ་སྟོན་པའི་སྣོད་དུ་མི་རུང་བར་འགྱུར་རོ་སྙམ་ནས་ཁྱབ་འཇུག་དང་ཚངས་པ་དང་དྲག་པོའམ་དབང་ཕྱུག་གི་རིགས་ཐམས་ཅད་རྨོངས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན། ཏིང་ངེ་འཛིན་དེ་དང་། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་བྱིན་རླབས་ཀྱིས་དྲང་སྲོང་དེ་དག་ནགས་ཚལ་དུ་རྨོངས་ནས་དེར་གནས་པའི་རི་ཁྲོད་པ་དག་གི་བཅིངས་ནས་

༄༅། །རྒྱལ་པོ་གྲགས་པའི་མདུན་སར་དོར་བ་ན། དེ་དག་གི་དཀྱིལ་འཁོར་གྱི་ཁང་པར་སླེབ་པར་ཤེས་ནས། ཡི་མུག་སྟེ་ཅ་ཅོའི་སྒྲ་ཆེན་པོ་བསྒྲགས་པ་རྒྱལ་པོ་གྲགས་པའི་བློན་པོ་སྤྲུལ་པའི་སྐུ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ཏེ། སྨྲས་པ༑ ཀྱེ་ཉི་མ་ཤིང་རྟ་ལ་སོགས་པའི་དྲང་སྲོང་རྣམས་རྒྱལ་པོ་གྲགས་པ་འདི་ནི་རང་རྒྱུད་པ་མ་ཡིན། ཁྱེད་རྣམས་རྗེས་སུ་བཟུང་བའི་དོན་དུ་བསམ་བཞིན་སྐྱེ་བ་བཞེས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་སྟེ། དེའི་ཕྱིར་ན་འདིའི་ཞབས་ལ་གཏུགས་ཏེ་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་ལས་འབྱུང་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཐབས་བླ་ན་མེད་པ་དབང་བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་བསྒོས་སོ། །དེའི་ཚེ་རྒྱ་མཚོའི་བློ་གྲོས་ཀྱི་ཚིག་དེ་དང་། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་དྲང་སྲོང་རྣམས་རིགས་སད་ནས་རང་གི་གཙོ་བོ་ཉི་མའི་ཤིང་རྟ་སྦྲན་ཏེ་མིའི་དབང་ཕྱུག་ལ་གསོལ་བ་བཏབ་པས། ཞལ་གྱིས་བཞེས་ཏེ་ནག་པ་ཟླ་བའི་དཀར་པོའི་ཕྱོགས་ལ་དབང་བསྐུར་བས་རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས་དམངས་རིགས་ཏེ་བཞི་པོ་དེར་གཏོགས་པའི་ཤམྦྷལའི་ཡུལ་གྱི་མི་ཐམས་ཅད་དང་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་དང་བཅས་པ་རྡོ་རྗེའི་རིགས་སམ་རིགས་པ་འཛིན་པ་སྔགས་ཀྱི་སྡོམ་ལྡན་ཞེས་གཅིག་ཏུ་མཛད་པས། དེ་མིན་གྱི་རྒྱལ་པོ་རྣམས་ལ་རིགས་ལྡན་ཞེས་གྲགས་ལ། ལྷའི་དབང་ལྡན་ཡན་ལ་ཆོས་རྒྱལ་ཞེས་བྱའི་རིགས་ལྡན་གྱི་ཐ་སྙད་མི་ཐོབ་པར་བཤད་དོ། །དེའི་ཉིན་རྩ་བའི་རྒྱུད་ལས། ཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་ཤློ་ཀ་སྟོང་ཕྲག་གཅིག་དང་སུམ་ཅུ་ལྷག་ཙམ་ཡོད་པའི་དུས་འཁོར་བསྡུས་རྒྱུད་དུ་གྲགས་པ་བསྡུ་བར་

མཛད་པ་ཡིན་ནོ། །དེ་དག་གི་རྒྱུ་མཚན་ཡང་དུས་འཁོར་རྩ་རྒྱུད་ལས། འདི་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་ལྷ་ཡི་མཆོག་རྒྱུད་ལ་རྡོ་རྗེའི་རིགས་ཀྱི་རིགས་ལྡན་དེ། །རྡོ་རྗེའི་དབང་བསྐུར་བྱིན་ནས་མཐའ་དག་ཐུབ་པའི་རིགས་རྣམ་དག་ནི་རིགས་གཅིག་དག་ཏུ་བྱེད་པར་འགྱུར། ཞེས་པས་ཤེས་སོ། །ལོ་དེའི་རྒྱལ་གྱི་ཉ་ལ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་པདྨ་དཀར་པོ་རྒྱལ་སར་བསྐོས་ཏེ་སྤྲུལ་པ་བསྡུས་སོ། །པད་དཀར་དེས་བསྡུས་རྒྱུད་ལ་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཅེས་པ་ཤློ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཞིག་མཛད་དེ་ལོ་བརྒྱར་ཆོས་བསྟན། དེ་ནས་བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར། ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། སེང་གེ། རྣམ་གནོན། སྟོབས་པོ་ཆེ། མ་འགགས་པ། མིའི་སེང་གེ །དབང་ཕྱུག་ཆེན་པོ། མཐའ་ཡས། རྣལ་རྒྱལ་ཏེ་དྲི་མེད་འོད་ལས། དེ་བཞིན་རིམ་པ་ཇི་ལྟ་བར་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ཏེ། གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དེ་དག་གི་བར་དུ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་དེ་དག་ལུང་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། ལུང་ཡང་། རྩ་རྒྱུད་ལས། གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་གསུམ་དེ་དག་རིམ་པ་ཡིས། །རིགས་ལྡན་རིགས་ལ་འབྱུང་བར་འགྱུར། །ཞེས་པད་དཀར་ནས་དྲག་པོའི་བར་ཉེར་གསུམ། གཞན་ཞེས་པ་འཇམ་དབྱངས་དང་

༄༅། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་དེ་གཉིས་ལས་གཞན་བཅུ་གསུམ་འབྱུང་བར་ལུང་བསྟན་པའི་ཕྱིར་དང་། གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་རིགས་ལྡན་ཉི་ཤུ་རྩ་དྲུག་པ་ནི་འཇམ་དབྱངས་གྲགས་པ་ཉིད་རྣམ་རྒྱལ་ཕྱི་མའི་སྲས་སུ་འཁྲུངས་པ་དྲག་པོ་འཁོར་ལོ་ཅན་དེ། དེ་ལྟར་ན་ཟླ་བཟང་གི་ཡབ་རྒྱལ་པོ་ཉི་མའི་འོད་མི་ཐེ་བའི་ཆོས་ཀྱི་རྒྱལ་པོ་བདུན། རིགས་ལྡན་ཉི་ཤུ་རྩ་དྲུག་པོ་ཐམས་ཅད་རྒྱལ་སར་བསྐོས་ནས་ལོ་བརྒྱ་བརྒྱ་རྒྱལ་སྲིད་བསྐྱངས། བརྒྱ་པ་དེ་རང་ལ་རྒྱལ་ས་གཏད་སྤྲུལ་པ་བསྡུ་བར་བཤད་ཀྱང་དགུང་ལོ་འདི་ཙམ་ལ་རྒྱལ་སར་ཕེབས་ཞེས་པའི་ངེས་པ་ནི་གསལ་པོ་མི་འབྱུང་ངོ་། །རིགས་ལྡན་སྣ་ཚོགས་གཟུགས་དང་སློབ་དཔོན་ཀླུ་སྒྲུབ་དུས་མཉམ། ཀླུ་སྒྲུབ་ཀྱི་སྐུ་ཚེའི་རིང་ལ་རིགས་ལྡན་རྣམ་རྒྱལ་ཡན་རྫོགས། རྣམ་རྒྱལ་རྒྱལ་སར་བསྐོས་པ་དང་། འཕགས་པ་ཐོགས་མེད་བྱོན་པ་དུས་མཉམ། རིགས་ལྡན་ཁྱབ་འཇུག་སྦས་པས་ཁ་ཆེའི་ཡུལ་དུ་བྱོན་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་རྡོ་རིང་བཙུགས། སློབ་མ་འགའ་ལ་ཕག་མོའི་སྒྲུབ་ཐབས་གནང་། འདི་རྒྱལ་སར་བསྐོས་ནས་ལོ་ལྔ་བཅུ་རྩ་གཅིག་ན་ཀླ་ཀློ་སྟག་གཟིག་གི་རྒྱལ་པོའམ་སྟོན་པ་ཨ་རྡོ་བྱུང་ནས་དེས་རྭ་མ་ཎའི་འཇུག་པ་ཞེས་བྱ་བ་ལྷ་མ་ཡིན་གྱི་ཆོས་བརྩམས། དེ་ཀླ་ཀློའི་ལོ་སྟོང་ཕྲག་བརྒྱད་འབྱུང་བའི་ཐོག་མ་ཡིན་ལ། དེ་ནས་རིམ་གྱིས་ཀླ་ཀློའི་སྟོན་པ་ཨ་ནོ་གྷ། ཕག་ལྡན། བྱི་བ། དབང་པོ། གོས་དཀར་ཅན་རྣམས་བྱུང་། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་རྒྱལ་སར་

བསྐོས་པའི་ཚེ་འཕགས་པའི་ཡུལ་གྱི་ནུབ་ཕྱོགས་ཀྱི་ཆ་ཤས་མ་གའི་ཡུལ་ལམ་ཏུ་རུཥྐ་སྟེ་སོག་པོའི་ཡུལ། ཏྲི་ཊི་ཞེས་པ་གྲོང་བྱེ་བས་བརྒྱན་པ། བཱ་གད་ལ་སོགས་པའི་གྲོང་ཁྱེར་དུ་ཀླ་ཀློའི་སྟོན་པའམ་རྗེ་བོ་མདྷུ་མ་ཏི་ཞེས་པ་བོད་སྐད་དུ་མངར་ལྡན་ནམ་སྦྲང་རྩིའི་བློ་གྲོས་ཞེས་པ་བྱུང་སྟེ། དེ་ནི་བུད་མེད་དང་བཅས་པ་གོས་དཀར་པོ་འབའ་ཞིག་གྱོན་པ་རལ་པའི་དོ་ཀེར་ཅན་རྔ་མོ་དང་། རྟ་དང་བ་གླང་བསད་ནས་ཁྲག་དང་བཅས་པའི་ཤ་ཅུང་ཟད་བཙོས་པ་ཟས། གཞན་དང་མ་འདྲེས་པ་དང་། བ་ལང་གི་ཤ་དང་སྒོ་ང་དང་ཆུ་དང་ཚ་བ་གསུམ་མཉམ་དུ་བཙོས་པ་དང་། འབྲས་དང་ལོ་མ་བསྲེས་ནས་བཙོས་པ་ཤིང་ཏོག་དང་བཅས་པའི་ཟས་དང་། བྱ་གག་ལ་སོགས་པའི་སྒོ་ངའི་ཁུ་བ་ལས་བྱས་པའི་བཏུང་བ་ལ་ཉིན་ཕྱེད་ནས་མཚན་ཕྱེད་ཀྱི་བར་ལ་ལོངས་སྤྱོད་ཅིང་། ཀླ་ཀློའི་ལྷ་བི་ཥི་མི་ཝཱའི་སྔགས་ཀྱིས་བཏབ་པའི་སོག་པོའི་གྲི་སྒུར་གྱིས་ཕྱུགས་ཀྱི་མགྲིན་པ་བཅད་པའི་ཤ་ཟོས་པའི་མཆོག་ཐོབ་པར་འདོད་ལ། གཞན་ཡང་རཱ་མ་ཎ་འཇིག་རྟེན་གྱི་བྱེད་པོ་ཡིན་པས་དེ་མཉེས་ན་མཐོ་རིས་སུ་འགྲོ་ཞིང་མ་མཉེས་ན་དམྱལ་བར་འགྲོའོ་ཞེས་ལྷ་དང་ཕ་མེས་མཆོད་པའི་དོན་དུ་ཕྱུགས་ཀྱི་སྲོག་བཅད་ནས་ཤ་ཁྲག་འགྱེད་པར་བྱེད། བདུད་ཀྱི་ལྷ་དངོས་སུ་མཐོང་ཞིང་དེས་གྲོགས་བྱས་པས་གཟི་བརྗིད་དང་དཔུང་རྒྱས་ནས་སངས་རྒྱས་པའི་ལྷ་ཁང་དྲུག་ཅུ་རྩ་བརྒྱད་བཤིག་པ་སོགས་བསྟན་པ་ལ་གནོད་པ་ཆེན་པོ་བྱས་པ་དེ་གྲགས་པ་ཤིན་ཏུ་ཆེ་བས་ཀླ་ཀློའི་ཐོག་མ་འོ་སྙམ་དུ་སེམས་པ་མང་ངོ་། །དེས་ན་ལུགས་དེ་དག་ལ་ལྷ་མ་ཡིན་གྱི་ཆོས་ཟེར། རྟོག་གེ་སྡེ་ལྔ་ལ་སོགས་པ་ལ་ལྷ་ཆེན་གསུམ་གྱི་བསྟན་པར་འཛིན་པའི་ཕྱིར་ན་ལྷའི་ཆོས་ཟེར། ཐེག་པ་གསུམ་ལ་སངས་རྒྱས་ཀྱི་

༄༅། །ཆོས་ཟེར་རོ། །དེ་དག་ནི་འདས་པ་ཡིན་ལ། མ་འོངས་པ་ན་འཕགས་ཡུལ་དང་བོད་ལ་སོགས་པ་རྣམས་ཀླ་ཀློས་གང་སྟེ་བྱེད་པའི་བློ་གྲོས་ཞེས་པའི་ཀླ་ཀློའི་རྒྱལ་པོ་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་དང་། དམག་དཔོན་ཟླ་བ་ཆེན་པོའི་བུ་དང་། དམག་དཔོན་དབང་པོའི་མགོན་པོ་སོགས་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་འབྱུང་ངོ་། །དེའི་ཚེ་རིགས་ལྡན་དྲག་པོ་སེང་གེའི་ཁྲི་ལ་དབང་བསྐུར་ནས་ལོ་ལྔ་བཅུ་ལྷག་ཙམ་བཞེས་པ་དེས་རང་ཉིད་ཉི་མ་ལྟ་བུའི་གཟི་བརྗིད་འབར་ཞིང་ཁྲོ་འཁྲུག་འཇིགས་སུ་རུང་བའི་ཚུལ་གྱིས་རྡོའི་རྟ་ལ་ཆིབས། སྲ་བའི་གོ་བགོས། ཕྱག་ན་མདུང་ཐུང་བསྣམས་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་དམག་དཔོན་ཧ་ནུ་མ་ན་དང་། དམག་དཔོན་གཉིས་པ་དྲག་པོ་སོགས་རླུང་གི་ཤུགས་ཅན་གྱི་རྡོའི་རྟ་ཁ་དོག་སྣ་ཚོགས་ལ་ཞོན་པའི་རྟ་པ་བྱེ་བ་དགུ་ཆང་གིས་མྱོས་པའི་གླང་པོ་འབུམ་ཕྲག་བཞི། གསེར་གྱིས་བརྒྱན་པའི་ཤིང་རྟ་འབུམ་ཕྲག་ལྔ། དཔའ་བོ་དཔུང་བུ་ཆུང་གི་ཚོགས། མིག་གིས་མཐོང་ཚད་དྲུག །ཚངས་པ། དབང་ཕྱུག །ཁྱབ་འཇུག །ཚོགས་བདག །གཞོན་ནུ་གདོང་དྲུག་ལ་སོགས་པ་དཔུང་གི་ཚོགས་དང་བཅས་པས་གྲོགས་བྱས་ཏེ་ཀླ་ཀློའི་དཔུང་ཚོགས་ཐམས་ཅད་རྨེག་མེད་པར་བཅོམ་ནས་འཕགས་པའི་ཡུལ་གྱི་བར་ཐམས་ཅད་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་མཛད་པ་འབྱུང་སྟེ། རབ་དབྱེ་ལས། དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །ཆུ་བོ་སི་ཏའི་བྱང་ཕྱོགས་སུ། །རི་བོ་གྲངས་ཅན་ཡོད་པར་བཤད། །དེ་ཡི་འགྲམ་ན་ཤམྦྷ་ལ། །གྲོང་ཁྱེར་བྱེ་བ་དགུ་བཅུ་དྲུག །དེ་ན་རྒྱལ་པོའི་ཕོ་བྲང་མཆོག །ཀཱ་ལ་པ་ཞེས་བྱ་བ་ཡོད། །དེ་ན་སྤྲུལ་པའི་རྒྱལ་པོ་རྣམས། །ལོ་

གྲངས་བརྒྱ་བརྒྱར་ཆོས་གསུངས་སོ། །དེ་ན་ནགས་ཚལ་སྣ་ཚོགས་དང་། །བཟའ་ཤིང་ར་བ་དུ་མ་ཡོད། །སྙིགས་མའི་དུས་ན་འཕགས་པའི་ཡུལ། །ཀླ་ཀློའི་ཆོས་ཀྱིས་གང་བར་འགྱུར། །དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཤམྦྷ་ལ་རུ་དམག་འདྲེན་འགྱུར། །དེ་ཚེ་ཕྱག་ན་རྡོ་རྗེ་ཡིས། །སྤྲུལ་པ་དྲག་པོ་ཞེས་བྱ་བའི། །རྒྱལ་པོས་ཀླ་ཀློ་ཀུན་བཅོམ་ནས། །འཕགས་པའི་ཡུལ་གྱི་བར་དུ་ཡང་། །སངས་རྒྱས་བསྟན་པ་སྤེལ་བར་གསུངས། །ཞེས་དང་། རྗེ་བཙུན་ཆེན་པོས་མཛད་པའི་རྩིས་གཞི་ལས། དེ་ལྟར་རྒྱལ་རབས་རྣམ་པ་བཅུ། །དེ་ལས་ཀཱལ་ཀི་ཞེས་བྱའི་མིང་། །ཁྲོ་བོ་བཅུ་དང་དེ་བཞིན་དུ། །བྱང་ཆུབ་སེམས་དཔའ་བཅུ་གསུམ་ནི། །རིམ་པ་བཞིན་དུ་འབྱུང་བ་སྟེ། །གཤིན་རྗེ་རྩོད་པའི་རྣམ་རྒྱལ་ལོ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །དྲག་པོ་ཀཱལ་ཀི་ཞེས་བྱའི་བར། །ཁྲོ་བོ་བཅུ་དང་དེ་བཞིན་དུ། །བྱང་ཆུབ་སེམས་དཔའ་རེ་རེ་སྤེལ། །མཇུག་ཏུ་བྱང་ཆུབ་སེམས་དཔའ་གསུམ། །རིམ་པ་བཞིན་དུ་འབྱུང་བ་ཡིན། །སྤྲུལ་པའི་རྒྱལ་པོ་རེ་རེ་བཞིན། །ལོ་ནི་བརྒྱ་ཕྲག་ལྷག་པ་རུ། །སེང་གེའི་ཁྲི་ལ་བཞུགས་ནས་ནི། །ཆོས་ཀྱི་འཇིག་རྟེན་སྐྱོང་བར་མཛད། །དེ་ནས་རྒྱལ་བས་བསྔགས་པ་ཡིས། །ཤམྦྷ་ལ་ཡི་ཡུལ་དུ་ནི། །དཔལ་ལྡན་རྡོ་རྗེ་ཐེག་པའི་རྒྱུད། །ནམ་ཡང་ནུབ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འོ་ན་སེང་གེའི་ཁྲི་ལ་ལོ་བརྒྱ་ལས་མི་བཞུགས་པར་བཤད་པ་དང་། འདིར་བརྒྱ་ཕྲག་ལྷག་གི་བར་དུ་བཞུགས་པར་བཤད་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། རྒྱལ་སར་མ་ཕེབས་གོང་དང་བསྡོམས་པས་བརྒྱ་ཕྲག་ལྷག་པར་ཤམྦྷ་ལ་རུ་བཞུགས་ཞེས་པའི་དོན་དུ་མངོན་པའི་ཕྱིར་

༄༅། །རོ༑ །འོ་ན་རིགས་ལྡན་དྲག་པོ་འཇམ་དབྱངས་གྲགས་པའི་སྤྲུལ་པ་ཡིན་པས་ཕྱག་ན་རྡོ་རྗེའི་སྤྲུལ་པར་མི་འཐད་དོ་ཅེ་ན། སྐྱོན་མེད་དེ་རིགས་ལྡན་དྲག་པོ་འཇམ་དབྱངས་གྲགས་པའི་སྤྲུལ་པ་ཡིན། འཇམ་དབྱངས་གྲགས་པ་ཟླ་བཟང་པོའི་སྤྲུལ་པ་ཡིན། ཟླ་བ་བཟང་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་རྩ་རྒྱུད་ལས་བཤད་པའི་ཕྱིར། གཏན་ཚིགས་དང་པོ་ནི། དྲི་མེད་འོད་དུ་རྩ་རྒྱུད་ཀྱི་ལུང་དྲངས་པ་ལས། རིགས་ལྡན་ཉི་ཤུ་རྩ་བཞི་རྫོགས་པའི་རྗེས་སུ། གྲགས་པ་རིགས་ལྡན་དེ་ནས་སླར། །ཞེས་སོགས་ཀྱི་གྲུབ། གཉིས་པ་ནི་ཟླ་བཟང་། རྩ་རྒྱུད་ལས། ཁྱོད་ནི་སྡུད་པར་བྱེད་པ་སྟེ། །འགྲེལ་བཤད་བྱེད་པ་པད་འཛིན་རང་། །ཞེས་ཟླ་བ་བཟང་པོ་ཉིད་བསྡུས་རྒྱུད་མཛད་པ་པོ་དང་། འགྲེལ་བཤད་མཛད་པ་པོ་གཉིས་ཀ་ཡིན་པ་བཤད་པས་གྲུབ། གསུམ་པ་ནི། རྩ་རྒྱུད་ལས། ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ཅེས་བཤད་པས་གྲུབ་པའི་ཕྱིར། སྤྱིར་ཡང་འཇམ་དབྱངས་ཀྱི་སྤྲུལ་པ་དང་། ཕྱག་རྡོར་གྱི་སྤྲུལ་པ་མི་འགལ་ཏེ། འཇམ་དབྱངས་གཙོ་བོར་བྱས་ཕྱག་རྡོར་དེའི་འཁོར་དུ་ཡོད་པ་དང་། ཕྱག་རྡོར་གཙོ་བོར་བྱས། དེའི་འཁོར་དུ་འཇམ་དབྱངས་ཡོད་པའི་དཀྱིལ་འཁོར་མང་དུ་འབྱུང་ལ། དཀྱིལ་འཁོར་དེ་དང་དེའི་འཁོར་ཐམས་ཅད་དེ་དང་དེའི་གཙོ་བོའི་སྤྲུལ་པ་ཡིན་པར་ཀྱེ་རྡོར་རྩ་རྒྱུད་ལས་བཤད་པའི་ཕྱིར། ཞེས་ཀུན་མཁྱེན་ཆེན་པོ་གསུངས་ལ། མཁན་ཆེན་ལེགས་པའི་འབྱུང་གནས་ནི་དེར་མ་ཟད། ཕྱག་ན་རྡོ་རྗེ་དང་། ཐུགས་ཀྱི་རྡོ་རྗེ་དང་། དུས་ཀྱི་འཁོར་ལོ་ཞེས་པ་རྣམས་མིང་གི་རྣམ་གྲངས་ཡིན་པས། དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་སྐབས་འདིར་

ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་རྩ་དྲུག་སྟེ་སུམ་ཅུ་རྩ་གསུམ་པོ་ཐམས་ཅད་སྤྲུལ་བྱེད་ཕྱག་ན་རྡོ་རྗེའམ་དུས་ཀྱི་འཁོར་ལོ་འབའ་ཞིག་གིས་སྤྲུལ་པ་ཡིན་པས་སྤྲུལ་པ་སོ་སོ་ལ་བཀོད་པ་མི་འདྲ་བ་དང་། སྤྲུལ་བྱེད་ཀྱི་མཚན་སོ་སོར་ཡོད་ཀྱང་འགལ་བ་མེད་དོ། གསང་བ་གྲུབ་པ་ལས། ཡེ་ཤེས་སྒྱུ་མའི་རང་བཞིན་ཐུགས་རྡོ་རྗེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུར་གྱུར་ནས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་དོན་དམ་པའི་དེ་ཁོ་ན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་ཉིད་ཀྱིས་སྟོན་ཏོ། །ཞེས་དང་། འདི་དག་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །སྡུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་པ་དང་མཐུན་ཞིང་། དྲི་མེད་འོད་ལས་ཀྱང་། འདི་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་སྟོན་པ་པོ་དང་ཞུ་བ་པོའི་འགྲེལ་པ་སྤྲུལ་པའི་སྐུའམ་ལོངས་སྤྱོད་རྫོགས་པའི་སྐུས་ཀྱང་རུང་སྟེ་སྔ་མ་དང་ཕྱི་མར་འགལ་བ་མེད་དོ། །དེ་ནས་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་སེམས་ཅན་ཐམས་ཅད་གྱི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུས་སོ། །ཞེས་གསུངས་པའི་ཕྱིར། སྔ་མའི་རྣམ་གྲངས་གསུམ་དང་། འཁོར་ལོ་ཅན་ཞེས་པ་རྣམ་གྲངས་ཡིན་ཏེ། དབང་མདོར་བསྟན་གྱི་འགྲེལ་པ་ལས། རྡོ་རྗེ་ཅན་ནམ་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །ཞེས་པས་གྲུབ་པའི་ཕྱིར། སྐབས་འདིར་འཇམ་དབྱངས། སྤྱན་གཟིགས། གཤིན་རྗེའི་གཤེད་སོགས་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་ཀྱི་བསྡུས་

༄༅། །པའི་དོན་ཡིན་གྱིས། སྤྱིར་སངས་རྒྱས་ཐམས་ཅད་ཆོས་སྐུའི་ངོ་བོར་གཅིག་པ་ལ། ཐུགས་རྒྱུད་གཅིག་ཏུ་བྱས་པ་དང་གནད་མི་གཅིག་གསུངས་སོ། །ཀླ་ཀློའི་རྫུ་འཕྲུལ་གྱིས་ཤམྦྷ་ལ་རུ་དམག་འདྲེན་པ་ནི་རིགས་ལྡན་དྲག་པོའི་དཔུང་ཚོགས་དང་། ཀླ་ཀློའི་དཔུང་ཚོགས་འཁྲུག་པར་བཤད་པ་ཉིད་ཀྱིས་གྲུབ་སྟེ། ཀླ་ཀློའི་དཔུང་ཚོགས་ཚུར་འོང་བ་དང་། རིགས་ལྡན་གྱི་དཔུང་ཚོགས་ཕར་ཕྱིན་ཏེ་གདོང་བསུ་བྱས་ནས་བཅོམ་པ་ལས་འོས་མེད་པའི་ཕྱིར་རོ། །འོ་ན་དེ་འཕགས་པའི་ཡུལ་དུ་སུས་སྤྱན་དྲངས་ཏེ་དར་བར་བྱས་ཞེ་ན། དུས་ཀྱི་འཁོར་ལོ་ནི་འཕགས་པའི་ཡུལ་དུ་སྔ་མོ་ཞིག་ནས་བྱུང་བར་མངོན་ཏེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་སུ་དྲི་མེད་འོད་ཀྱི་མཆོད་བརྗོད་ཤློ་ཀ་གཉིས་པ་དེ་འབྱུང་ཞིང་བེཪྺ་པས་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གསལ་བྱེད་དུས་འཁོར་ལ་བརྟེན་ནས་མཛད་པ་གཞུང་དེ་ཉིད་ན་གསལ་བ་དང་། ཙི་ལུ་པས་རིན་ཆེན་རི་བོའི་གཙུག་ལག་ཁང་དུ་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་ཤམྦྷ་ལ་ན་ཡོད་པའི་ཁུངས་རྙེད་པའི་ཕྱིར་རོ། །ཡོངས་སུ་གྲགས་པ་ནི་རྒྱ་གར་ཤར་ཕྱོགས་པཉྩ་གོ་ཌ་ཞེས་གྲགས་པའི་ཨོ་རྣི་སར་རྣལ་འབྱོར་མ་ཆང་འཚོང་བ་ཞིག་ཟླ་མཚན་དང་ལྡན་པའི་དུས་སུ་རྣལ་འབྱོར་བ་མདོག་སྔོན་པོ་མིག་གསུམ་ཡོད་པ། ལག་ན་ཤིང་ཤྲཱིཥའི་རྡོ་རྗེ་ཐོགས་པ་ཞིག་བྱུང་ནས་ཆང་ཉོས། རྣལ་འབྱོར་མ་ལ་འདོད་པ་སྤྱད་པ་ལས་ཐོ་རངས་ཤིང་གི་རྡོ་རྗེ་དེ་ཀ་ན་འདུག །རྣལ་འབྱོར་པ་མི་སྣང་། འདི་ཉིད་ངེས་པར་མི་ཡིན་ནོ་སྙམ་ནས་རྡོ་རྗེ་དེ་བླངས་པས་འོད་སྔོན་པོར་སོང་ནས་ལག་པ་ལ་ཐིམ། དེ་ནས་ལོ་དུས་ན་བུ་ཞིག་བྱུང་། བྱིས་པའི་དུས་ནས་རབ་ཏུ་བྱུང་བས་ཙི་ལུ་

པ་ཞེས་བྱ་ལ། སྡེ་སྣོད་མཐའ་དག་ལ་སྦྱངས་ཤིང་རིག་པའི་གནས་ལྔ་ལ་མཁས་པས་ཙི་ལུ་པཎྜི་ཏར་གྲགས། གསང་སྔགས་ཀྱི་རྒྱུད་ཐམས་ཅད་གསན། ལུང་ལ་ཡིད་ཆེས་པའི་ཕྱིར་བི་ཀྲ་མ་ལ་ཤི་ལ་དང་། ན་ལེནྡྲའི་སྡེ་སྣོད་ཀྱི་པུ་སྟི་མཐའ་དག་གཟིགས། ཁྱད་པར་དུ་རུ་ཀའི་གནོད་པ་མི་འབྱུང་བའི་ཕྱིར་རིན་ཆེན་རི་བོར་སྔགས་ཀྱི་པུ་སྟི་མཐའ་དག་གཟིགས་པས། སྤྱིར་ཚེ་གཅིག་གི་སངས་རྒྱས་སྒྲུབ་པ་ལ་སྔགས་ཀྱི་ཐེག་པ་དགོས། དེའི་སྦས་དོན་གསལ་བར་བྱེད་པ་ལ་བྱང་ཆུབ་སེམས་དཔའི་འགྲེལ་པ་དགོས། དེ་ཤམྦྷ་ལ་ན་སྤྲུལ་པའི་རྒྱལ་པོས་སྟོན་པ་ཡོད་ཅེས་པ་འདུག་པ་དང་། ཡི་དམ་གྱི་ལྷས་ཀྱང་ལུང་བསྟན་པ་ལ་བརྟེན་ནས། ནོར་བུ་ལེན་པའི་ཚོང་པ་བ་དང་འགྲོགས་ཏེ་རྒྱ་མཚོ་ལ་གཟིངས་བཏང་སྟེ་ཕྱིན། རྒྱ་མཚོ་བརྒལ་ནས་ཚོང་པ་རྣམས་དང་ཟླ་བ་དྲུག་གི་དུས་འཛོམ་བྱས་ནས་རི་ཆེན་པོ་ཞིག་ལ་འཛེགས་ཕྱིན་པས་རི་དེའི་རྩེར་དགེ་སློང་ཤིན་ཏུ་མཛེས་པ་ཞིག་དང་འཕྲད། དེ་ན་རེ། ཁྱོད་གར་འགྲོ་ཟེར། ཤམྦྷ་ལར་བྱང་ཆུབ་སེམས་དཔའི་ཆོས་སྐོར་འཚོལ་དུ་འགྲོ་བྱས་པས། དེ་ཤིན་ཏུ་བགྲོད་དཀའ། ཤེས་པར་བྱུང་ན་འདིར་ཡང་ཉན་པས་ཆོག་མོད་ཅེས་ཟེར། དེ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་ཤེས་ནས་ཕྱག་བྱས། མཎྜལ་ཕུལ། གསོལ་བ་བཏབ་པས། དབང་རྒྱུད་འགྲེལ་པ་མན་ངག་དང་བཅས་པ་གནང་བས་ཞག་རེ་ལ་ཤློ་ཀ་སྟོང་ཕྲག་རེ་ཟིན་པ་བྱུང་བས་བཟུང་ཞིང་། སྤྲུལ་པ་དེས་མེ་ཏོག་གཅིག་སྤྱི་བོར་བཞག་ནས་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཐུགས་སུ་ཆུད་པར་གྱུར་ཅིག །ཅེས་བརྗོད་པས་ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་ཐུགས་སུ་ཆུད་ནས་སྤྲུལ་པ་དེ་མི་སྣང་བར་གྱུར། སླར་ཚོང་པ་རྣམས་དང་འགྲོགས་ཏེ་ན་ལེན་དྲར་བྱོན།

༄༅། །ཀ་ཏ་ཀའི་རྒྱལ་པོའི་སར་ཞུགས་པས་སློབ་མ་གསུམ་བྱུང་། དེ་རྣམས་ཀྱིས་རྒྱུད་འགྲེལ་གླེགས་བམ་ལ་བྲིས། སློབ་མ་གཅིག་ཐ་མལ་པ་ཞིག་བྱུང་། གཅིག་རྒྱལ་བའི་འབྱུང་གནས་སྦས་པ་ཞེས་པའི་གྲུབ་ཐོབ་དེ་ཡིན། གཅིག་པཎྜི་ཏ་ཨ་ཙཪྱ་སྟེ་བསོད་སྙོམས་མཛད་པས་སི་ཏོ་ཨ་ཙཪྱའམ་པཎྜི་ཨ་ཙཪྱ། བོད་སྐད་དུ། སློབ་དཔོན་བསོད་སྙོམ་པ་ཞེས་པ་མཁས་པ་ཆེན་པོ་ཞིག་བྱུང་སྟེ། དེས་སེམས་འགྲེལ་མ་ལུས་པ་ཐུགས་སུ་ཆུད་ཅིང་ཐུགས་ཉམས་སུ་བཞེས་པས་ཙི་ལུ་པ་ཆེ་ཆུང་ངམ། པཎྜི་པ་ཆེ་ཆུང་ཞེས་གྲགས་ཏེ་འཕགས་པའི་ཡུལ་ཀུན་ཏུ་བྱང་ཆུབ་སེམས་དཔའི་སྐོར་དར་བར་མཛད་ཅིང་། དེའི་རྗེས་སུ་སློབ་དཔོན་དུས་འཁོར་ཞབས་ཆེན་པོ་གཞོན་ནུ་ལ་རབ་ཏུ་བྱུང་སྟེ་རིག་པའི་གནས་མ་ལུས་པ་ཚེགས་མེད་པར་མཁྱེན་ནས་པཎྜི་ཏར་གྱུར་པས་འདི་ལ་ཡང་ཙི་ལུ་པ་ཟེར། དེས་ཙི་ལུ་པ་ཆུང་བ་སློབ་དཔོན་བསོད་སྙོམས་པ་ལ་དུས་འཁོར་གསན་ཡང་། དེས་མ་ཚིམས་པར་ཅི་ནས་ཀྱང་ཤམྦྷ་ལར་འགྲོ་སྙམ་པའི་ཐུགས་འདུན་དྲག་པོ་འཁྲུངས་ཏེ་ཐུགས་དམ་གྱི་ལྷ་སྒྲོལ་མ་ལ་ཅི་འདོད་དངོས་སུ་ཞུར་ཡོད་པས་ཞུས་པ་ན་སོང་ཞིག་པར་ལུང་བསྟན་ནས་ཚོང་པ་དང་ལྷན་ཅིག་རྒྱ་མཚོ་ལ་གཟིངས་བཏང་ནས་བྱོན། རྒྱ་མཚོ་བརྒལ་ཏེ་ཚོང་པ་རྣམས་ནོར་བུའི་གླིང་དུ་སོང་། སློབ་དཔོན་གྱི་བྱང་ཕྱོགས་སུ་ནོར་བུའི་གླིང་གི་རི་ཞིག་ལ་འཛེགས་ཏེ་བྱོན་པས། ཁ་ཅིག་རིགས་ལྡན་དཔལ་སྐྱོང་ཡིན་ཟེར། ཁ་ཅིག་པད་དཀར་ཡིན་ཟེར། གང་ལྟར་རིགས་ལྡན་གྱི་སྤྲུལ་པ་མི་དཀར་པོ་ཞིག་དང་ཕྲད། དེ་ན་རེ། ཁྱོད་གང་ནས་འོང་། གང་དུ་འགྲོ། ཅི་ལ་འོང་གསུངས་པ་ལ། ང་རྒྱ་གར་ཤར་ཕྱོགས་ནས་འོང་། བྱང་ཤམྦྷ་ལར་རིགས་ལྡན་གྱི་རྒྱལ་པོ་ལ་དུས་ཀྱི་འཁོར་ལོའི་

ཆོས་ཞུ་རུ་འགྲོ་བྱས་པས། དེར་འཕགས་པ་མིན་པས་བགྲོད་མི་ནུས། འདིར་ཤེས་པ་བྱུང་ན་ཉན་པར་བྱེད་དམ་གསུངས་པས། དེ་རིགས་ལྡན་གྱི་སྤྲུལ་པར་ཤེས་ནས་ཕྱག་བཙལ་མཎྜལ་ཕུལ། གསོལ་བ་བཏབ་པས། འཕགས་པའི་ཡུལ་གྱི་འགྲོ་བ་རྣམས་ཀྱི་ཆེད་དུ་ཁྱོད་ལ་དུས་ཀྱི་འཁོར་ལོ་བསྟན་པའི་ཕྱིར་ངས་འདིར་འོངས་ཀྱིས་ཉོན་ཅིག་གསུངས་ནས་དུས་ཀྱི་འཁོར་ལོའི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་བཏབ། རི་དེའི་རྒྱབ་རྒྱ་མཚོའི་འགྲམ་དུ་ཞག་བདུན་བསྒོམས་པས་གྲུབ་པ་བརྙེས་ཏེ་རྫུ་འཕྲུལ་གྱིས་ཤམྦྷ་ལར་བྱོན་ནས་རིགས་ལྡན་གྱི་རྒྱལ་པོ་དངོས་དང་མཇལ། དབང་བསྐུར། རྒྱུད་འགྲེལ་མན་ངག་མཐའ་དག་གནང་ནས། སླར་ཡུལ་དབུས་སུ་བྱོན། ནཱ་ལིནྡྲའི་གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་བྲིས། དེའི་གཤམ་དུ་གང་གི་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེ་ནི་དུས་ཀྱི་འཁོར་ལོ་མི་ཤེས་སོ། །གང་གི་དུས་ཀྱི་འཁོར་ལོ་མི་ཤེས་པ་དེས་ནི་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གི་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གི་རྡོ་རྗེ་འཛིན་པས་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི། བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་། ཐར་པ་དོན་དུ་གཉེར་བའི་སློབ་མ་རྣམས་ཀྱིས་ཉན་པར་བྱའོ། །ཞེས་བྲིས་པས་ན། པཎྜི་ཏ་ལྔ་བརྒྱས་བརྩད་པས་མ་ཐུབ་པར་ཞབས་ལ་གཏུགས་ཏེ། དང་པོའི་སངས་རྒྱས་

༄༅། །ཉན་པས་འཕགས་པའི་ཡུལ་དུ་ཆོས་དར་བར་གྱུར་པ་ཡིན་ནོ། །དེ་ལ་སློབ་མའི་མཆོག་དུས་འཁོར་ཞབས་ཆུང་བ་ཨ་ཝ་དྷཱུ་ཏཱི་པ། ནཱ་རོ་པ། པཱ་བྷུ་སུ་ཏྲ། དུས་འཁོར་ཞབས་ཆུང་བ་ཤྲཱི་བྷ་དྲ་བོ་དྷི། དུས་འཁོར་ཞབས་ཆུང་བ་ན་ལེནྡྲ་པ༑ རཏྣ་ཨ་ཀཱ་ར་གུཔྟ། ཐར་པའི་འབྱུང་གནས་སྦས་པ། འདུལ་བའི་འབྱུང་གནས་བློ་གྲོས། སེང་གེ་རྒྱལ་མཚན། མཐའ་ཡས་རྣམ་རྒྱལ་སོགས་མང་དུ་བྱུང་ངོ་། །དང་པོ་དེ་ལ་ཕྱིས་ཡུལ་དབུས་སུ་ངག་གི་དབང་ཕྱུག་གྲགས་པ་ཞེས་གྲགས་ཏེ་བསྟན་པ་ལ་ཕན་ཆེའོ། །དེ་དག་གི་ལོ་རྒྱུས་ཞིབ་པར་ནི་གཞན་དུ་ཤེས་པར་བྱའོ། །བླ་མེད་ཀྱི་ལྷ་སྒྲུབ་ཚུལ་ནི་རང་ཉིད་དམ་ཚིག་སེམས་དཔར་བསྐྱེད། དེ་ལ་ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ་བསྟིམ་ནས་དུས་ནམ་ཡང་ཡེ་ཤེས་པ་གཤེགས་པར་མི་མཛད་ལ། ཐ་མལ་གྱི་རྣམ་རྟོག་འཇུག་པའི་སྣང་གྲགས་གི་ཆོས་ཐམས་ཅད་ལྷར་བསྒོམ་ནས་དེ་བཞིན་ཉིད་ཀྱི་དག་པ། ལྷ་སོ་སོའི་དག་པ། རང་རིག་པའི་དག་པ་གསུམ་ལས་ནམ་ཡང་མི་གཡོ་བའི་སྒོ་ནས་དངོས་གྲུབ་ལེན་པ་ཡིན་ཏེ། སྡོམ་གསུམ་རབ་དབྱེ་ལས། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། དག་པ་གསུམ་གྱི་རང་བཞིན་བཤད། །འདི་ཡི་ལུང་རིག་མན་ངག་རྣམས། །བླ་མའི་ཞལ་ལས་ལེགས་པར་བྲིས། །ཞེས་གསུངས་པའི་ཕྱིར། ལུགས་དེ་ལ་སྨིན་བྱེད་ཀྱི་སྐབས་སུ་དབང་བཞི་དང་། གྲོལ་བྱེད་ཀྱི་སྐབས་སུ་ལམ་རིམ་པ་གཉིས་ལ་སོགས་པས་རྣལ་འབྱོར་རྒྱུད་མན་ཆད་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་བསྒྲུབས་ཀྱང་མི་འགྲུབ་པའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་ཚེ་གཅིག་ལུས་གཅིག་ལ་འགྲུབ་པའི་ཐབས་མཁས་ཀྱི་ཁྱད་པར་མཐའ་ཡས་པ་ཞིག་ཡོད་དེ། སྡོམ་གསུམ་རབ་དབྱེ་ལས། དབང་

བཞི་དང་ནི་རིམ་པ་གཉིས། །རྣལ་འབྱོར་ཆེན་པོའི་ཁྱད་ཆོས་ཡིན། །ཞེས་དང་། བསོད་ནམས་ཚུལ་བཞིན་བྱས་པ་ལས། །ལོ་ཏོག་རིམ་གྱིས་སྨིན་པ་ལྟར། །ཕ་རོལ་ཕྱིན་པའི་ལམ་ཞུགས་ན། །གྲངས་མེད་གསུམ་གྱི་རྫོགས་སངས་རྒྱས། །སྔགས་ཀྱི་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལ་ལོ་ཏོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་གསུངས་པའི་ཕྱིར།
