རྟ་ནག་ཆོས་འབྱུང་།
གཉིས་པ། གཏེར་མ།
(གཉིས་པ། གཏེར་མ།)
གཉིས་པ་གཏེར་མའི་ལོ་རྒྱུས་ནི། སྟོན་པ་ཀུན་ཏུ་བཟང་པོས་དགོངས་པར་བཞུགས། རྒྱལ་བའི་བཞེད་པ་ཐམས་ཅད་གཅིག་ཏུ་དྲིལ་ནས་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་བསྟན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་དང་། མ་འོངས་པའི་གདུལ་བྱ་འདུལ་བའི་ཕྱིར་རིག་འཛིན་རྡོ་རྗེ་ཆོས་ཀྱི་བསྡུས་ཏེ་རྒྱུད་ལུང་མན་ངག་ཏུ་ཕྱེ་ནས་གླེགས་བམ་དུ་བྱས། མཁའ་འགྲོ་མ་རྣམས་དང་ལྷ་སྲིན་སྡེ་བརྒྱད་ལ་གཏད་དོ། །དེ་རྣམས་ཀྱི་ཆེ་མཆོག་གི་རྒྱུད་ལུང་མན་ངག་གསེར་གྱི་སྒྲོམ་བུར་བཅུག །ཡང་དག་དངུལ་གྱི་སྒྲོམ་བུར་བཅུག །གཤིན་རྗེ་ལྕགས་ཀྱི་
སྒྲོམ་བུར་བཅུག །པདྨ་ཟངས་ཀྱི་སྒྲོམ་བུར་བཅུག །ཕུར་པ་གཡུའི་སྒྲོམ་བུར་བཅུག །དམོད་པ་དྲག་སྔགས་གཟིའི་སྒྲོམ་བུར་བཅུག །མ་མོ་རྦོད་གཏོང་བསེའི་སྒྲོམ་བུར་བཅུག །འཇིག་རྟེན་མཆོད་བསྟོད་མཆོང་གི་སྒྲོམ་བུར་བཅུག །བཀའ་སྤྱི་རིན་ཆེན་སྣ་བརྒྱད་ལས་བྱས་པའི་སྒྲོམ་བུར་བཅུག །གར་སྦ་ནང་མ་འཆམས་པའི་ཚེ་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་བྱོན་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ནང་དུ་སྦོས་ཤིག་གསུངས་པ་བཞིན་སྦས་ནས་ཐམས་ཅད་ཀྱི་མཆོད་པར་བྱེད་དོ། །དེ་ནས་དུས་རིང་ཞིག་ན་རིག་འཛིན་གྱི་སློབ་དཔོན་བརྒྱད་གཟིགས་སྣང་མཐུན་པར་དུར་ཁྲོད་ཆེན་པོ་དེ་ན་ཉིན་པར་རླུང་དང་འཚུབས་མ་ལྡང་། ཐོག་དང་སེར་བ་འབབ། མཚན་མོ་མེ་འབར། གློག་འཁྱུག་པར་གཟིགས་པས། དེ་རྣམས་བཀའ་བགྲོས་ཏེ་འདི་ནས་འཇིག་རྟེན་གྱི་ཁམས་འཚེངས་པའི་ཆོས་དང་ནོར་འོང་ངམ། ཡང་ན་འཇིག་རྟེན་གྱི་ཁམས་ཕུང་བའི་ངན་སྔགས་འབྱུང་བས་བཏོན་ན་ལེགས་པར་མཐུན་ནས། མཐུན་པའི་རྫས་ཀྱི་མཁའ་འགྲོ་དང་སྡེ་བརྒྱད་མཆོད། བདེན་པའི་ཆོས་བཤད། དགོངས་པ་རྒྱ་བསྐྱེད་ནས་དབང་དུ་བསྡུས་ཏེ་དགུང་བདུན་སོང་པའི་ནུབ་མོ་གཏེར་སྐྱོང་རྣམས་ཀྱིས་གསེར་གྱི་སྒྲོམ་བུ་བི་མ་ལ་ལ་གཏད། དེ་བཞིན་དུ་དངུལ་ཧཱུཾ་ཀཱ་ར་ལ། ལྕགས་འཇམ་དཔལ་བཤེས་གཉེན། ཟངས་ཀླུ་སྒྲུབ་སྙིང་པོ། གཡུ་པདྨ་འབྱུང་གནས། བསེ་དྷ་ན་སཾསྐྲྀཏ། མཆོང་རོཾ་བུ་གུ་ཧྱ་དེ་ཝ་ཙནྡྲར། གཟི་ཤནྟིཾགརྦྷ་ལ་གཏད། རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་ཁ་མ་ཕྱེ་བར་གཏེར་དུ་བཞུགས་པ་སླར་པདྨ་འབྱུང་གནས་ཀྱིས་བཏོན་པ་ཡིན་ཞེས་གྲགས་སོ། །
