རྟ་ནག་ཆོས་འབྱུང་།

ཐེག་པ་རིམ་དགུ།

上一章
下一章

(ཐེག་པ་རིམ་དགུ།)

སློབ་དཔོན་འདིས་རྗེས་སུ་འབྲང་བ་ལ་གསང་སྔགས་སྔ་འགྱུར་རམ། གསང་སྔགས་རྙིང་མ་ཞེས་གྲགས་ལ། དེའི་ལུགས་ལ་ཐེག་པ་རིམ་པ་དགུར་བཞེད་པ་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལ་ཕྱི་མཚན་ཉིད་ཀྱི་ཐེག་པའམ་རྒྱུའི་ཐེག་པ་ཡིན་ལ། དྲུག་ནི་འབྲས་བུའི་ཐེག་པ་སྟེ། ཀྲྀ་ཡ་ཨུ་པ་ཡོ་ག་གསུམ་ལ་གསང་སྔགས་ཕྱི་པའམ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཟེར། འདི་གསུམ་གསར་མའི་རྒྱུད་སྡེ་འོག་མ་གསུམ་དང་རིམ་པ་བཞིན་གནད་འདྲ་བར་སྣང་། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་གསུམ་ལ་གསང་སྔགས་ནང་པའམ་གསང་སྔགས་ཆེན་པོའི་ཐེག་པའམ་གསང་བ་མཐར་ཐུག་པའི་ཐེག་པ་ཞེས་ཟེར་རོ། །འདི་ལ་དགོངས་ནས་སྒྲ་ཐལ་འགྱུར་ལས།

47b

འདས་པ་རྒྱུ་དང་འབྲས་བུ་ལས། །གསུམ་ལ་རྒྱུ་དང་འབྲས་ལ་གཉིས། །གཉིས་པོ་ལས་བྱེད་དྲུག་ཏུ་འགྱུར། །འདི་ལྟར་དབང་པོའི་རིམ་པས་སོ། །དེ་ལྟར་དགུ་ལ་བརྟེན་ནས་ནི། །ཁམས་གསུམ་པོ་ཡང་ཡང་དག་གིས། །ལམ་དུ་འཛུད་པར་བྱེད་པའོ༑ །ཞེས་གསུངས་པའི་ཕྱིར། དེ་ལྟར་དགུ་ལས་ཀྲྀ་ཡ་ནི། ལུས་ངག་གི་བྱ་བ་གཙོ་བོར་སྟོན་པའི་དོན་ཡིན་ལ། ཏནྟྲ་ནི་རྒྱུད་སྡེ་འགྲེལ་པ་ཅན་དུ་འབྱུང་བའི་དོན་ནོ། །དེ་ཡང་ཀུན་རྫོབ་ཏུ་སྣང་བ་ཐམས་ཅད་ལྷ་དྲུག་གི་རང་བཞིན་དུ་ཤེས་པས། ཡི་དམ་གྱི་ལྷ་ཡེ་ཤེས་སེམས་དཔའ་རྗེ་དང་། བདག་དམ་ཚིག་སེམས་དཔའ་ཁོལ་གྱི་ཚུལ་དུ་སྒྲུབ་ཅིང་། དོན་དམ་པར་མ་སྐྱེས་པའི་ཆོས་ཉིད་འོད་གསལ་ལ་ཞུགས་པས་ལྟ་བ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཏེ་མཐར་ཐུག་ཚེ་བཅུ་དྲུག་ན་ལྷའི་སྐུར་འཚང་རྒྱ་བར་འདོད་དེ། རྡོ་རྗེ་ལྷུན་པོ་རི་རབ་ཟོམ་གྱི་རྒྱུད་ལས། གང་དག་སྔགས་པ་སྐལ་བཟང་ཆེ། །གཙང་སྦྲ་དག་པ་དག་བརྩོན་པ། །དེ་ཚེ་བཅུ་དྲུག་སྐྱེ་བ་ན། །རྣམ་གྲོལ་ཡེ་ཤེས་མཆོག་ལ་རེག །ཅེས་གསུངས་པའི་ཕྱིར། དེ་ལ་ཀྲྀ་ཡ་སྤྱིའི་རྒྱུད་དྲུག །བྱེ་བྲག་རྒྱུད་གསུམ་ལ་སོགས་པ་དཔག་ཏུ་མེད་པ་ཞིག་ཡོད་པར་བཤད་དོ། །འདི་བྱ་རྒྱུད་དང་ཆ་འདྲ་བར་སྣང་། ཨུ་པ་ཡ་ཏནྟྲ་ནི་སྤྱོད་པ་ཀྲྀ་ཡ་ལྟར། གཙང་སྦྲ་དག་པར་བྱེད་ཅིང་ལྟ་བ་ཡོ་ག་ལྟར་སྤྱོད་པས་གཉིས་རྒྱུད་ཀྱི་ཐེག་པ་ཟེར། སྒོམ་པ་ལྷའི་རྣལ་འབྱོར་ནི། རང་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་པ་སྤུན་ནམ་གྲོགས་ལྟར་བསྒོམས་ནས་སྐྱེས་བ་བདུན་ན་དངོས་གྲུབ་ཐོབ་པར་འདོད་དེ་སྤྱོད་རྒྱུད་དང་ཆ་འདྲ་བར་སྣང་། དེའི་མཚན་གཞི་ནི། མེ་ཀློང་འབར་བའི་རྒྱུ། དབང་

48a

༄༅།       །བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད་སོགས་ཡིན་པར་བཤད་དོ། །ཡོ་ག་ཏནྟྲ་ནི། སྒོམ་པ་ཏིང་ངེ་འཛིན་གྱི་ལས་གཙོ་བོར་སྟོན་ཅིང་། ལུས་ངག་གི་སྤྱོད་པ་གྲོགས་ཙམ་དུ་བརྟེན་པས་དངོས་གྲུབ་སྒྲུབ་པར་འདོད་པ་སྟེ། རང་ཉིད་དམ་ཚིག་སེམས་དཔའ་ལ་ལྷ་ཡེ་ཤེས་སེམས་དཔའ་འོག་མིན་ནམ་རང་བཞིན་གྱི་གནས་ནས་སྤྱན་དྲངས་ལ་བསྟིམ་སྟེ་འཕྲོ་འདུ་འོད་ཀྱི་དྲ་བ་ལ་སེམས་བཟུང་ནས་བཟླས་པ་བྱས་ཏེ་སླར་ཡེ་ཤེས་པ་གཤེགས་པར་བྱེད། བརྟུལ་ཞུགས་དེས་མི་ཚེ་གསུམ་ན་གྲོལ་བ་ཐོབ་པར་འདོད་པ་སྟེ། རྣལ་འབྱོར་རྒྱུད་དང་ཆ་འདྲ་བར་སྣང་། དེའི་མཚན་གཞི་ནི། རྡོ་རྗེ་དབྱིངས་རྩ་བའི་རྒྱུད་སྟོང་ཕྲག་ལྔ་པ། ཡོ་ག་མུཉྟ་ཛ་ཡ་སོགས་ཡིན་ནོ། །དེ་ལྟར་ཕྱིའི་རྒྱུད་གསུམ་གྱིས་དབང་པོ་འབྲིང་པོ་ཚེ་རབས་ཀྱི་གྲོལ་བ་བསྒྲུབ་པའི་ཐབས་སྟོན་པ་ཡིན་ཏེ། བཀོད་པ་ཆེན་པོ་ལས། འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བའི་རྒྱུད། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཅེས་གསུངས་པའི་ཕྱིར།