རྟ་ནག་ཆོས་འབྱུང་།
གསང་སྔགས་གསར་རྙིང་གི་ཁྱད་པར།
(གསང་སྔགས་གསར་རྙིང་གི་ཁྱད་པར།)
གསང་སྔགས་གསར་རྙིང་གི་ཁྱད་པར་ནི། རྒྱ་གར་ན་གསར་རྙིང་གི་ཐ་སྙད་མེད་ལ་བོད་དུ་འགྱུར་སྔ་ཕྱིའི་སྒོ་ནས་ཐ་སྙད་བྱས་པ་སྟེ་གཙོ་ཆེ་བའི་དབང་དུ་བྱས་ན་བསྟན་པ་སྔ་དར་གྱི་དུས་སུ་བྱུང་བའི་སྔགས་
རྣམས་ལ་གསང་སྔགས་རྙིང་མའམ་གསང་སྔགས་སྔ་འགྱུར་ཞེས་པའི་ཐ་སྙད་བྱས་ཤིང་། ལུགས་དེ་ཉིད་སློབ་དཔོན་པདྨས་རྗེས་འབངས་ཉེར་ལྔ་སོགས་ལ་རྒྱས་པར་སྤེལ། སོ་ཟུར་སྣུབ་གསུམ་ལ་སོགས་པས་གཅེས་པར་བསྐྱངས་ཏེ་ད་ལྟའི་བར་དུ་གནས་པ་འདིའོ། །འོན་ཀྱང་ལུགས་དེ་ལ་ལོ་ཆེན་རིན་ཆེན་བཟང་པོ། ལྷ་བླ་མ་ཡེ་ཤེས་འོད། ཕོ་བྲང་ཞི་བ་འོད། འགོས་ཁུག་པ་ལྷས་བཙས། རྔོག་ལྦ་བ་ཅན། ཆག་དགྲ་བཅོམ་རྣམས་ཀྱིས་དག་མ་དག་གི་དཔྱད་པ་མང་དུ་མཛད་ཅིང་། ཀུན་མཁྱེན་བུ་སྟོན་ཆེན་པོས་ཐེ་ཚོམ་ཟ་བའི་ཆོས་སུ་གསུངས། འབྲི་ཁུང་དཔལ་འཛིན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཐའ་གཅིག་ཏུ་མ་དག་པར་འདོད་ཅིང་། སློབ་དཔོན་པདྨ་ཡང་བོད་དུ་བྱོན་པ་འདི་སློབ་དཔོན་དངོས་མ་ཡིན། བལ་པོ་ཀ་རུ་འཛིན་ཞེས་ཟེར་རོ། །རྗེ་བཙུན་ས་སྐྱ་པ་ཡབ་སྲས་ནི་རྙིང་མ་ལྷད་མ་ཞུགས་པ་རྣམས་ཆོས་རྣམ་དག་དུ་བཞེད་ལ། སློབ་དཔོན་པདྨ་ཡང་བོད་དུ་བྱོན་པ་འདི་དངོས་ཡིན་ཏེ། རབ་དབྱེར། རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་ལ་གཏད་པས། །མུ་སྟེགས་འབྱུང་བར་མི་འགྱུར་མོད། །འོན་ཀྱང་རྟེན་འབྲེལ་འགའ་ཡི་རྒྱུས། །ཆོས་ལུགས་གཉིས་སུ་འགྲོ་བར་འགྱུར། །ཞེས་དང་། བསམ་ཡས་ཀྱི་ཁོར་བའི་ངོས་ལ་བྲིས་པའི་ཡི་གེ་ལས། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །མཁས་པའི་དབང་པོ་པདྨའི་ངང་ཚུལ་ཏེ། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །ཞེས་གསུངས་པའི་ཕྱིར། །གསར་མ་ལ་ནི་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བ་མན་གྱི་

གསང་སྔགས་ལ་ཟེར་རོ། །
