རྟ་ནག་ཆོས་འབྱུང་།

བདུན་པ། བསྡུས་པའི་བསྟན་པ་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་པཎ་གྲུབ་རྣམས་ཀྱིས་ཇི་ལྟར་བསྐྱང་བའི་ཚུལ།

上一章
下一章

(བདུན་པ། བསྡུས་པའི་བསྟན་པ་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་པཎ་གྲུབ་རྣམས་ཀྱིས་ཇི་ལྟར་བསྐྱང་བའི་ཚུལ།)

བདུན་པ་བསྡུས་པའི་བསྟན་པ་མཁས་གྲུབ་རྣམས་ཀྱིས་ཇི་ལྟར་བསྐྱངས་པའི་ཚུལ་ནི། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་སྒྲུབ་སྟེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་འཇམ་དཔལ་རྩ་རྒྱུད་ལས། །དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ༑ །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་དང་། གཞན་ཡང་དུས་ཀྱི་འཁོར་ལོ་དང་། རྔ་བོ་ཆེའི་མདོ་ལ་སོགས་པ་དུ་མ་ནས་ལུང་བསྟན་པ་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བར་གྲགས་པའི་སྤྲུལ་པ་དཔལ་འཕགས་པ་ཀླུ་སྒྲུབ་ཞབས་དང་། དེའི་སློབ་མ་དུས་ཀྱི་འཁོར་ལོ་ལས། དགེ་བཅུའི་ལམ་གྱི་གྲུབ་པར་གྱུར་པ་འཕགས་པའི་ལྷ་དང་ལྭ་བའི་ན་བཟའ་རྟ་དབྱངས་དང་། ཞེས་ལུང་བསྟན་པ་རྒྱ་གར་གྱི་སྐད་དུ་ཨཱཪྱ་དེ་ཝ། བོད་སྐད་དུ་འཕགས་པ་ལྷ་ཞེས་ཡོངས་སུ་གྲགས་པ་དེ་གཉིས་ཀྱིས་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་ནས་ཐེག་པ་ཆེན་པོ་

51b

དབུ་མའི་བསྟན་པ་དར་ཞིང་རྒྱས་པར་མཛད། ཀླུ་སྒྲུབ་ཀྱིས་དབུ་མ་རིགས་པའི་ཚོགས་ལྔ། བསྟོད་ཚོགས་རབ་ཏུ་མང་པོ། གཏམ་གྱི་ཚོགས་གཉིས་ལ་སོགས་པ་མཛད་ནས་ཐེག་པ་ཆེན་པོ་བཀའ་མ་ཡིན་པར་འདོད་པའི་ལོག་རྟོག་བསལ་ཏེ་ཐེག་ཆེན་བཀར་སྒྲུབ་པའི་སེང་གེའི་ང་རོ་ལན་གཅིག་མ་ཡིན་པར་བསྒྲགས། ཨཱཪྱ་དེ་ཝས་དེའི་སྲོལ་ཚུལ་བཞིན་དུ་བསྐྱངས་ཤིང་མུ་སྟེགས་ཀྱི་སྟོན་པ་མངལ་སྐྱེས་སུས་ཀྱང་མི་ཐུབ་པའི་དངོས་གྲུབ་དབང་ཕྱུག་ཆེན་པོས་བྱིན་པ་མ་ཁོལ་དང་ཕ་ཁོལ་དང་། མ་ཏི་ཙིཏྲ་སོགས་མིང་གི་རྣམ་གྲངས་དུ་མ་དང་ལྡན་པ་དེ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པའི་སྒོར་འཇུག་པར་མཛད་པས་ཕྱིས་སློབ་དཔོན་དཔའ་བོ་ཞེས་པ་ཐུབ་པའི་སྐྱེས་རབས་སོ་བཞི་པ་སོགས་མཛད་དེ་བསྟན་པ་ལ་ཕན་པ་ཆེན་པོ་མཛད་པ་དེ་བྱུང་། ཨཱཪྱ་དེ་ཝས་རབ་ཏུ་བྱེད་པ་ལེགས་པའི་ཚད་དང་། དབུ་མ་བཞི་བརྒྱ་པ་དང་། ཡེ་ཤེས་སྙིང་པོ་ཀུན་ལ་བཏུས་པ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད། ཡབ་སྲས་དེ་གཉིས་ཀྱི་དབུ་མའི་བསྟན་བཅོས་རྣམས་ལ་གཞུང་ཕྱི་མོའི་དབུ་མ་ཞེས་ཐལ་རང་གཉིས་ཀས་ཚད་མར་རྩི་བ་ཡིན། དེ་གཉིས་ཀྱི་རྗེས་འབྲང་ལ་ཐལ་རང་གཉིས་སུ་གྱེས་པ་ཡིན་ཏེ། ཐལ་འགྱུར་བ་ནི་ཨཱཪྱ་དེ་ཝའི་སློབ་མ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་བའི་སྲོལ་དབྱེ། གཞན་ཡང་ཨཱཪྱ་དེ་ཝའི་སློབ་མ་སློབ་དཔོན་ཟླ་བ་གྲགས་པ་དང་། ཟླ་གྲགས་ཀྱི་སློབ་མ་རིག་པའི་ཁུ་བྱུག་ཆེ་བ། དེའི་སློབ་མ་རིག་པའི་ཁུ་བྱུག་ཆུང་བ། དེ་གཉིས་ཀའི་སློབ་མ་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ལ་སོགས་པ་འཕགས་ཡུལ་ན་བཟང་ལ་མང་བ་བྱུང་། རང་རྒྱུད་པ་ནི། ཐོག་མར་སློབ་དཔོན་

52a

༄༅།       །ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་སྲོལ་ཕྱེ། དེའི་སློབ་མ་དཔལ་སྦས་དང་། དེ་ནས་སློབ་དཔོན་ཡེ་ཤེས་སྙིང་པོ། ཞི་བ་འཚོ། ཀཱ་མ་ལ་ཤཱི་ལའམ། བོད་སྐད་དུ་པདྨའི་ངང་ཚུལ་དུ་གྲགས་པ་གསུམ་གྱིས་རྒྱ་གར་ཤར་ཕྱོགས་སུ་རང་རྒྱུད་ཀྱི་སྲོལ་བསྐྱངས་པས་རང་རྒྱུད་ཤར་གསུམ་དུ་གྲགས། ཡང་འཇམ་དཔལ་རྩ་རྒྱུད་དུ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་ཀྱི་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །ཞེས་ལུང་བསྟན་པ་འཕགས་པ་ཐོགས་མེད་ཞབས་དང་། ཡང་འཇམ་དཔལ་རྩ་རྒྱུད་ལས། དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །མཆོད་རྟེན་ཀུན་དགའ་ར་བར་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་གི། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱིས་ནི་རྒྱན་དུ་བྱས། །ཞེས་ལུང་བསྟན་པ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞབས་ཏེ་སྐུ་མཆེད་གཉིས་ཀྱིས་མངོན་པའི་བསྟན་པ་ཤིན་ཏུ་རྒྱས་པར་མཛད་པ་ཡིན་ཏེ། དེ་ཡང་འཕགས་པ་ཐོགས་མེད་ཀྱིས་མགོན་པོ་བྱམས་པ་བསྒྲུབས་པས་འགྲུབ་སྟེ༑ དགའ་ལྡན་དུ་བྱོན་ནས་བྱམས་པ་ལ་ཆོས་མངོན་པའི་མདོ་སྟོང་ཕྲག་བརྒྱ་པ་དང་། བྱམས་པའི་ཆོས་ལྔ་ལ་སོགས་པ་གསན་ནས་སླར་ཛམྦཱུའི་གླིང་དུ་བྱོན་ཏེ། ས་སྡེ་ལྔ། སྡོམ་རྣམ་པ་གཉིས་ལ་སོགས་པ་མཛད་ནས་ཐེག་པ་ཆེན་པོའི་མངོན་པ་

52b

ཤིན་ཏུ་དར་བར་མཛད་པ་ལ་མངོན་པ་གོང་མ་ཞེས་ཡོངས་སུ་གྲགས། སློབ་དཔོན་དབྱིག་གཉེན་གྱིས་ཁ་ཆེར་འདུས་པ་བཟང་པོའམ། དགེ་འདུན་བཟང་པོའི་དྲུང་དུ་བྱོན་ནས་རིག་པའི་གནས་ལྔ་ལ་བསླབས་པས་ཤིན་ཏུ་མཁས་པར་གྱུར་ནས་སླར་ཡུལ་དབུས་སུ་བྱོན་ཏེ་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་རང་འགྲེལ་དང་བཅས་པ་མཛད། དེ་ལ་ཀ་བཞི་རང་ལས་མཁས་པའི་སློབ་མ་བཞི་བྱུང་བ་ལས། མངོན་པ་རང་ལས་མཁས་པ་ཁ་ཆེ་བློ་གྲོས་བརྟན་པ་དང་། སློབ་དཔོན་གང་བ་འཕེལ་དང་། རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན་ལ་སོགས་པས་མཛོད། རང་འགྲེལ་ལ་འགྲེལ་བཤད་མཛད་དེ། ཐེག་པ་ཆུང་ངུའི་ལུགས་ཀྱི་མངོན་པ་ཤིན་ཏུ་དར་བར་མཛད་པ་ལ་མངོན་པ་འོག་མ་ཞེས་ཡོངས་སུ་གྲགས་པ་ཡིན། དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བ་དང་། ཀརྨྨ་ཤ་ཏཾ་ལ་སོགས་པའི་བསྟན་བཅོས་མཛད། དེའི་སློབ་མ་ཤཱཀྱ་འོད་ཀྱི་འདུལ་བ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་ལ་སོགས་པ་མཛད། ཡོན་ཏན་འོད་ཀྱི་སློབ་མ་བཤེས་གཉེན་རྣམ་པ་བཞིའི་ནང་ཚན་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མདོ་རྩའི་འགྲེལ་པ་ཤིན་ཏུ་རྒྱས་པ་རྒྱ་ཆེར་འགྲེལ་མཛད། བཤེས་གཉེན་གཞན་གསུམ་གྱིས་ཀྱང་འགྲེལ་པ་རེ་མཛད་དེ་འཕགས་ཡུལ་ན་འདུལ་བའི་སྲོལ་ཤིན་ཏུ་དར་བར་བྱུང་། དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་ནི་སློབ་དཔོན་ཆེན་པོ་དཀོན་མཆོག་འབངས་ཀྱི་དབོན་པོ་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་ལ། དེས་ཤེར་ཕྱིན་གྱི་མདོའི་སྦས་དོན་མགོན་

53a

༄༅།       །པོ་བྱམས་པས་མཛད་པའི་མངོན་པར་རྟོགས་པའི་རྒྱན་དང་། ཤེར་ཕྱིན་མདོ་གཉིས་ཀའི་འགྲེལ་པ་ཉི་ཁྲི་སྣང་བ་ཞེས་བྱ་བ་མཛད། དེའི་སློབ་མ་བཙུན་པ་རྣམ་གྲོལ་སྡེས་ཉི་ཁྲི་རྣམ་འགྲེལ་ཞེས་བྱ་བ་མཛད་ཅིང་། དེའི་རྗེས་སུ་སློབ་དཔོན་སེང་གེ་བཟང་པོས་མངོན་པར་རྟོགས་པའི་རྒྱན། ཉི་ཁྲི་དང་སྦྱར་བས་ཉི་ཁྲི་ལེ་བརྒྱད་མ། བརྒྱད་སྟོང་པ་དང་སྦྱར་བས་བརྒྱད་སྟོང་འགྲེལ་ཆེན། ཡུམ་རྒྱས་འབྲིང་བསྡུས་གསུམ་ཀ་དང་སྦྱར་བ་འགྲེལ་ཆུང་དོན་གསལ་ལ་སོགས་པ་མཛད་ནས་ཕར་ཕྱིན་ཐེག་པའི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པར་མཛད། དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། དུས་འཁོར་རྩ་རྒྱུད་ལས། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཅན་ནི་ཟླ་བ་པདྨའི་མྱུ་གུ་ཞེས། ཞེས་ལུང་བསྟན་ཞིང་། དེས་ཚད་མའི་བསྟན་བཅོས་ཐོར་བུ་བ་མང་དུ་མཛད་པ་ལས། ཕྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྐུལ་ནས་ཚད་མའི་མདོ་ཀུན་ལས་བཏུས་པ་རང་འགྲེལ་དང་བཅས་པ་མཛད། དེའི་སློབ་མ་དབང་ཕྱུག་སྡེ་ཡིན་ལ། དེའི་སློབ་མ་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ༑ །ཅེས་དང་། མགོན་པོ་མངོན་བྱུང་གི་རྒྱུད་ལས། པཎྜིཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཞེས་པར་གྱུར་པ་འདི་དང་། སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ། ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་པོ་ཞེས་ལུང་བསྟན་པ་དེས་

53b

ཚད་མའི་བསྟན་བཅོས་སྡེ་བདུན་ལེའུ་དང་པོའི་རང་འགྲེལ་དང་བཅས་པ་མཛད། དེའི་སློབ་མ་ལྷ་དབང་བློས་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་མཛད་ཅིང་། དེའི་སློབ་མ་ཤཱཀ་བློ་དང་རྒྱན་མཁན་པོའམ་མཚན་དངོས་ཤེས་རབ་འབྱུང་གནས་སྦས་པ་ཞེས་གྲགས་པ་དང་༑ སློབ་དཔོན་ཆོས་མཆོག་དང་། སློབ་དཔོན་རྒྱལ་བ་ཅན་དང་། བྲམ་ཟེ་བདེ་བྱེད་དགའ་བ་ལ་སོགས་པ་རབ་ཏུ་མང་པོས་འགྲེལ་པ་འགྲེལ་བཤད་ལ་སོགས་པ་མཛད་ནས་ཚད་མ་རིག་པའི་བསྟན་པ་ཤིན་ཏུ་དར་བར་མཛད། འཕགས་ཡུལ་དུ་གསང་སྔགས་ཀྱི་བཤད་སྲོལ་ཇི་ལྟར་དར་བའི་ཚུལ་ནི། རྒྱ་གར་ལྷོ་ཕྱོགས་སུ་རྒྱལ་བ་བི་སུ་ཀ་ཝ་ཞེས་པ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ཞིག་གིས་རྨི་ལམ་དུ་ཁྱོད་ཨུ་རྒྱན་དུ་སོང་ཞིག །ཚེ་འདིར་རྡོ་རྗེ་འཛིན་པ་ཐོབ་པར་འགྱུར་རོ། །ཞེས་ཟེར་བ་ཐོས་ཏེ་ཐེ་ཚོམ་མེད་པར་ཕྱིན་པས། ཨུ་རྒྱན་དུ་བུད་མེད་གཅིག་དང་ཕྲད། དེ་ལ་རྙེད་བཀུར་བྱས་པས་དེས་དབང་བསྐུར་བྱིན་གྱིས་བརླབས་ཏེ། གསང་བ་འདུས་པ་དང་། དེ་ཉིད་འདུས་པའི་རྒྱུད་གཉིས་བྱིན་པ་ཁྱེར་འོངས་ཏེ་ཡུལ་དབུས་སུ་དར་བར་མཛད་པ་དང་། ཀུ་ཀུ་རི་པས་མ་ཧཱ་མ་ཡའི་རྒྱུད་དང་། ལ་ལི་ཏ་བཛྲ་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཨུ་རྒྱན་ནས་བླངས་ཏེ་ཡུལ་དབུས་སུ་དར་བར་བྱས་པ་དང་། ཀྱེ་རྡོ་རྗེའི་རྒྱུད་ནི་རྡོག་གཞུང་པའི་རྗེས་འབྲང་ཁ་ཅིག །ཀླུ་སྒྲུབ་གླན་པར་བརྫུས་ནས་ཨུ་རྒྱན་དུ་མཁའ་འགྲོ་མའི་ཕྱག་ནས་བརྐུས་པ་ཡིན་ནོ་ཞེས་ཟེར་བ་ནི་གཏམ་རྒྱུད་མ་དག་པ་ཡིན་ལ། དེས་ན་བིཪྺ་པ་དང་། ཌོམྦཱིཧེ་རུ་ཀས་སྤྱན་དྲངས་པའི་ལོ་རྒྱུས་གཉིས་འབྱུང་ཞིང་། གཉིས་ཀ་ལྟར་ཡང་འགལ་བ་མེད་པས་ཡུལ་དབུས་སུ་དར་བར་བྱས་པ་དང་། དུས་ཀྱི་འཁོར་ལོའི་

54a

༄༅།       །རྒྱུད་ནི། སློབ་དཔོན་ཙི་ལུ་པ་ཤམྦྷ་ལར་བྱོན་པས་རིགས་ལྡན་གྱི་སྤྲུལ་པ་དང་མཇལ་ནས་དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་ལ་སོགས་པ་གསན་ཏེ་ཡུལ་དབུས་སུ་དར་བར་མཛད་པ་སོགས་ཡིན་ཏེ། དེ་རྗེས་ཀླུ་ལས་གྱུར་པའི་དཔའ་བོ་དང་། །མཁའ་འགྲོ་རྣམས་ལས་བི་སུ་ཀལྤ་སོགས། །གྲུབ་པའི་སློབ་དཔོན་རྣམས་ཀྱིས་ལེགས་བླངས་ཏེ། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཡང་། །སྐྱེས་མཆོག་རྣམས་ཀྱི་ཡོངས་སུ་དར་བར་མཛད། །ཅེས་གསུངས་པའི་ཕྱིར། སྒྲ་རིག་པ་ནི། སྔོན་སུམ་ཅུ་རྩ་གསུམ་གྱི་གནས་སུ་སརྦྦཛྙཱ་ན་དེ་ཝ་ཞེས་པ་ལྷ་ཐམས་ཅད་མཁྱེན་པ་ཞེས་གྲགས་པ་བྱུང་། དེས་སརྦ་ཛྙཱ་བྱ་ཀ་ར་ཎ་ཞེས་པའི་སྒྲའི་བསྟན་བཅོས་བྱས། དེའི་སློབ་མ་བརྒྱ་བྱིན་གྱིས་ཨིཎྜ་བྱ་ཀ་ར་ཎ་ཞེས་པའི་སྒྲའི་བསྟན་བཅོས་བྱས༑ དེའི་སློབ་མ་ཕུར་བུ་ལྷའི་བླ་མར་གྲགས་པ་དེ་སྒྲ་ལ་མཁས་པའི་ང་རྒྱལ་གྱིས་ཤིན་ཏུ་དྲེགས་པ་ན་བརྒྱ་བྱིན་གྱིས་ཕྱིས་རྒྱ་མཚོ་ལས་ཆུ་བུམ་པ་གང་བླངས། དེ་ལས་ཀུ་ཤའི་རྩེས་ཐིགས་པ་གཅིག་བླང་སྟེ། སྒྲ་ཡི་རིག་པ་མཐའ་ཡས་པ། །ཡོངས་སུ་རྫོགས་པ་རྒྱ་མཚོ་ཙམ། །དབང་པོས་ཤེས་པ་བུམ་ཆུ་ཙམ། །ཕུར་བུས་ཤེས་པ་ཐིགས་པ་ཙམ། །ཞེས་བརྗོད་པས། ཕུར་བུ་སྒྱིད་ལུག་པར་གྱུར་པ་ན། རང་གི་ཇི་ལྟར་ཤེས་པ་བཞིན་ལྷ་རྣམས་ལ་སྟོན་ཅིག་ཅེས་བསྒོས་པས། ཕུར་བུ་ན་རེ། ཚེས་བརྒྱད་སློབ་དཔོན་ངེས་པར་འཛོམས། །བཅུ་བཞི་ལ་ནི་སློབ་མ་འཛོམས། །གནམ་སྟོང་ལ་ནི་རིག་པ་འཛོམས། །ཚེས་གཅིག་ལ་ནི་ཐམས་ཅད་འཛོམས། །ཞེས་རང་བསྙེན་གནས་བསྲུང་བའི་དུས་བཞི་མ་གཏོགས་པ་དུས་ཐམས་ཅད་དུ་བཤད་

54b

པས་ལྷའི་ཡུལ་དུ་དར་ཞིང་རྒྱས་ཏེ། ཕུར་བུ་ལ་ལྷའི་བླ་མ་ཞེས་འབོད་པར་བྱུང་། དེ་ནས་མི་ཡུལ་དུ་དར་ཚུལ་ནི། ལང་ཀར་གཤེགས་པ་ལས། སྒྲ་བྱེད་པ་ནི་པ་ཎིའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། བྲམ་ཟེའི་ཁྱེའུ་པ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཉིད་དེ་ཡིས་སྔགས་འགྲུབ་པོ། །ཞེས་ལུང་བསྟན་པ་བྲམ་ཟེའི་ཁྱིའུ་པ་ཎི་ཞེས་པ་དེས་སྒྲ་ཤེས་པར་འདོད་ནས་ལག་རིས་མཁན་ལ་ལག་པ་བསྟན་པས༑ སྒྲ་ཤེས་པའི་མཚན་མ་འདི་ལྟ་བུ་ཡིན་ཏེ་མི་འདུག་ཟེར་བས་ཚོན་གྱིས་མཚན་མ་བཅོས་པ་ན། བརྩོན་འགྲུས་འདི་ལྟ་བུ་ཡོད་ན་གང་ཡང་འགྲུབ་བོ་ཞེས་ཟེར། དེ་ནས་སྤྱན་རས་གཟིགས་དབང་ཕྱུག་བསྒྲུབས་པས་ཟླ་དྲུག་ན་ཞལ་མཐོང་སྟེ། ཅི་འདོད་གསུངས་པ་ན་སྒྲ་ཤེས་པར་འཚལ་ལོ་ཞེས་ཞུས་པས། ཡི་གེའི་བསྡུ་བ་ཅུང་ཟད་བསྟན་པ་ཙམ་གྱིས་སྒྲ་ལ་ཤིན་ཏུ་མཁས་པར་གྱུར་ཏེ་པ་ཎི་བྱ་ཀ་ར་ཎ་ཞེས་པ་སྒྲའི་བསྟན་བཅོས་ཤློ་ཀ་ཉིས་སྟོང་ཡོད་པ་ཞིག་མཛད། དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས་མ་ཧཱ་བྷེ་ཤ་ཞེས་འགྲེལ་པ་ཤློ་ཀ་འབུམ་ཡོད་པ་ཞིག་མཛད། དེ་གཉིས་ཡུལ་དབུས་སུ་དར་བར་འགྱུར། ཀ་ཙན་གཉིས་ཞེས་གྲགས་པ་ནི། རྒྱལ་པོ་བདེ་སྤྱོད་བཟང་པོའི་ཞང་པོ་ཤྭ་ར་ཝརྨྨ་ཞེས་པས་གཞོན་ནུ་ཀིརྟི་ཀ་བསྒྲུབས་པས་ཞག་བདུན་ནས་གཞོན་ནུ་སྨིན་དྲུག་རྨ་བྱ་ལ་ཞོན་པ་མཐོང་ནས་ཅི་འདོད་ཟེར་བ་ན་སྒྲ་ཤེས་པར་འཚལ་ལོ་ཞེས་ཞུས་པས། ཀུན་བཤད་རྐང་པ་བཞིའི་བར་བསྟན་པ་ན་སྒྲ་ལ་ཤིན་ཏུ་མཁས་པར་གྱུར་ཏེ་འཚལ་ལོ་ཞེས་སྨྲས་པས། རྨ་བྱའི་བཞོན་པ་གྱེན་དུ་བསྐྱོད་ནས་མཇུག་སྒྲོ་ཁྲ་བུན་གྱིས་

55a

༄༅།       །མཐོང་བ་ན་ཀ་ལཱ་པ་བཟོད་པར་གསོལ་ལོ་ཞེས་སྨྲས་ཏེ་ཡི་གེར་བཀོད་པ་ནི་ཀ་ལཱ་པ་ཡིན་ལ། དེ་ལ་དུརྒ་སེང་ཧས་འགྲེལ་པ་དུར་སེང་མཛད། བྲམ་ཟེ་གྲགས་འབྱོར་གྱིས་འགྲེལ་པ་སློབ་མ་ལ་ཕན་པ་མཛད། དེ་སོགས་འགྲེལ་པ་མང་དུ་བྱུང་སྟེ་ཡུལ་དབུས་སུ་ཤིན་ཏུ་དར་བར་གྱུར། ཙནྡྲ་པ་ནི་སློབ་མ་ཞིག་འདུལ་བའི་དོན་དུ་སློབ་དཔོན་ཙནྡྲ་གོ་མའི་མཛད་པ་ཡིན་ལ། དེ་ལ་རང་གི་ཞང་པོ་དྷརྨྨ་དཱཥས་འགྲེལ་པ་སྟོང་ཕྲག་དྲུག་པ་དང་། སེང་གེ་བཟང་པོས་འགྲེལ་པ་སུ་བནྡུ་དང་། ཉི་མའི་སྙིང་པོའི་འགྲེལ་པ་གྲུབ་པ་སོགས་མང་དུ་འབྱུང་ཞིང་ཡུལ་དབུས་སུ་ཤིན་ཏུ་དར་བར་གྱུར་པ་ཡིན། སྒྲ་རིག་པའི་བྱེ་བྲག་རིག་པའི་གནས་ཆུང་བཞི་ནི། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡིབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་པ་བཞི་ཡིན་ལ། དེ་ཡང་མངོན་བརྗོད་ནི་ཆོས་རེ་རེ་ལ་མིང་གི་རྣམ་གྲངས་དུ་མ་ཡོད་པར་སྟོན་པ་སྟེ། སློབ་དཔོན་ཨ་མ་ར་ཀོ་ཥས་འཆི་མེད་མཛོད་ཅེས་པའི་བསྟན་བཅོས་མཛད་ཅིང་། དེ་ལ་སུ་བྷུ་ཏི་ཙནྡྲས་འགྲེལ་པ་འདོད་འཇོ་ཞེས་པ་མཛད་པ་སོགས་དང་། སྡེབ་སྦྱོར་ནི་དྲང་སྲོང་སེར་སྐྱས་བྱས་པའི་རྩ་བའི་མདོ་དང་། དེའི་དཔེར་བརྗོད་རྒྱལ་བའི་ལྷས་མཛད་པ་དང་། ཁྱད་པར་དུ་འཕགས་པ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་རང་འགྲེལ་དང་བཅས་པ་སློབ་དཔོན་ཤཱནྟི་པས་མཛད་པ་སོགས་ཀྱིས་སྟོན་པ་ཡིན་ལ། སྙན་ངག་ནི་སློབ་དཔོན་དཎྡིའམ་དབྱུག་པ་ཅན་གྱིས་མཛད་པ་མེ་ལོང་གི་བསྟན་བཅོས་ཉིད་དང་། དཔེར་བརྗོད་ནི་ཤར་པའི་ལམ་ལ་དཔག་བསམ་འཁྲི་ཤིང་དང་། ལྷོ་པའི་ལམ་ལ་དཔའ་

55b

བོའི་སྐྱེས་རབས་སོ་བཞི་པ་སོགས་ཀྱིས་སྟོན་པ་ཡིན་ཞིང་། ཟློས་གར་ནི། སློབ་དཔོན་དགའ་བའི་ལྷས་མཛད་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། སློབ་དཔོན་ཙནྡྲ་གོ་མིའི་མཛད་པའི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་སོགས་ཀྱིས་སྟོན་པ་ཡིན་ནོ། །འོ་ན་རིག་པའི་གནས་ཆུང་ངུ་འདི་དག་ཕྱི་ནང་ཐུན་མོང་བ་ཡིན་པས་བསླབས་ཀྱང་སངས་རྒྱས་ཐོབ་པའི་རྒྱུར་མི་འགྱུར་རམ་སྙམ་ན་ཤིན་ཏུའང་འགྱུར་ཏེ། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། ཞེས་སོགས་དང་། མདོ་དྲིན་ལན་བསབས་པ་ལས། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ། །ཞེས་དང་། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། ཞེས་སོགས་མཐའ་ཡས་པ་གསུངས་པའི་ཕྱིར། འོ་ན་མདོ་དྲན་པ་ཉེར་གཞག་ལས། དེ་བས་ན་དགེ་སློང་གི་ཐོས་པ་ངན་པ་སྙན་ངག་སྡེབ་པར་མི་བྱའོ། །ཞེས་དང་། སྙན་ངག་གཙོ་བོར་བྱེད་པ་རྣམས་ལྷ་ཡུལ་གྱི་བྱ་གཞན་ལ་ཚིགས་བཅད་ཀྱི་བསྐུལ་ཞིང་རང་བག་མེད་དུ་སྡོད་པར་སྐྱེ་བར་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ནི་འདོད་པའི་གཏམ་གྱི་སྙན་ངག་མི་བྱ་བ་ལ་དགོངས་པའི་ཕྱིར་ཏེ། མདོ་དེ་ཉིད་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ་བསྟོད་པ་དང་བསྟན་པ་གསལ་བར་འགྱུར་བའི་ཕྱིར་སྙན་ངག་བྱའོ༑ །དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་དང་། མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་དེ་བདེ་གཤེགས་རྩྭ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་

56a

༄༅།       །བསྟོད་ནས་ཀྱང་། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་པ་དང་། འདུལ་བ་ལུང་ལས། སངས་རྒྱས་སྐར་རྒྱལ་ལ་ནི་ངས། །དེ་ཚེ་ཚིགས་བཅད་གཅིག་བསྟོད་པས། །བསྐལ་པ་དགུ་ནི་ཕྱིར་བསྙིལ་ཏོ། །ཞེས་དང་། མེ་ལོང་ལས། དེ་ལྟར་སྐྱོན་བྲལ་བསྐལ་བཟང་ལྡན་པ་ཡི། །སྙན་ངག་བཟང་པོ་དཀོན་མཆོག་རྣམ་གསུམ་གྱིས། །ཡོན་ཏན་ཚུལ་བཞིན་རབ་ཏུ་བསྔགས་བྱས་ན། །གྲགས་དང་འབྱོར་དང་རྒྱལ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་སྙན་ངག་གི་རྩོམ་པ་ཁོ་ནས་ཡི་དམ་གྱི་ལྷ་འགྲུབ་ཅིང་ཞལ་མཐོང་བ་ཡང་ཡོད་དེ། མེ་ལོང་ལས། ཐོས་དང་འབད་པ་དག་གི་ངག་བསྟན་ནས། །ཅི་ཞིག་ལྟར་ན་ངེས་པར་རྗེས་འཛིན་བྱེད། །ཅེས་དང་། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས། སྡེབ་སྦྱོར་གྱི་གཙུག་ལག་དང་མཐུན་པར་རྩོམ་ཤེས་ན། རྩོམ་པ་ཁོ་ནས་ལྷག་པའི་ལྷའི་ཞལ་མཐོང་བར་འགྱུར་བ་ཡང་ཡོད་དོ། །ཅེས་གསུངས་པའི་ཕྱིར་དང་། སློབ་དཔོན་ཟླ་བ་གྲགས་པས། སློབ་དཔོན་ཙནྡྲ་གོ་མི་སེར་འཕྲེང་གིས་བསུས་པ་ན། ཙནྡྲ་གོ་མི་རང་གི་མདུན་དུ་འཇམ་པའི་དབྱངས་ཀྱི་སྐུ་ཞིག་ཤིང་རྟའི་འཁོར་ལོས་འདྲེན་དུ་བཅུག །དེ་ལ་སྙན་ངག་གི་བསྟོད་པ་མཛད་ཅིང་ཕེབས་པ་ན་སྐུ་གཟུགས་དེས་མཇིང་པ་ཡོན་མཛད་ནས་གསན་ཏེ། ང་ལ་དེ་འདྲའི་ཡོན་ཏན་རང་འདུག་གམ་ཞེས་གསུང་བྱོན་ཞིང་། དེ་ལ་འཇམ་དབྱངས་མཇིང་ཡོན་དུ་གྲགས་པའི་གཏམ་རྒྱུད་ཚད་མ་རླུང་ལྟར་གྲགས། སློབ་དཔོན་ཙནྡྲ་གོ་མི་རྒྱལ་པོའི་ཆད་པས་ཡན་ལག་ལྕགས་སྒྲོག་གིས་བཅིངས་ཏེ་ཆུ་བོ་གངྒཱ་ལ་བསྐྱུར་བའི་ཚེ་སློབ་དཔོན་

56b

གྱི་སྒྲོལ་མ་ལ་སྙན་ངག་གི་སྒོ་ནས་བསྟོད་པས། སྒྲོལ་མས་གསན་ཅིང་ཆུ་བོའི་དབུས་སུ་གླིང་སྤྲུལ་པ་ལ་ཙནྡྲིའི་གླིང་དུ་གྲགས་པའི་གཏམ་རྒྱུད་ཚད་མ་ཡང་ཡོད་པའི་ཕྱིར། དོན་འདི་ལ་དགོངས་ནས་སློབ་དཔོན་ཉི་མ་སྦས་པས་འཇིགས་པ་བརྒྱད་སྐྱོབས་ཀྱི་བསྟོད་པར༑ ཙནྡྲ་གོ་མི་འཕགས་པའི་དགེ་བསྙེན་མཆོག །རྒྱལ་པོའི་ཆད་པས་གངྒཱའི་ཆུ་ལ་བསྐྱུར། །གུས་ལྡན་ཞེ་སར་བཅས་པའི་སྡེབ་སྦྱོར་གྱིས། །འཛུམ་ཞལ་དགའ་མས་སིང་གའི་གླིང་ལ་བཞག །ཅེས་གསུངས་པའི་ཕྱིར། བཟོ་རིག་པ་ལ་རྣམ་པར་མ་གྱུར་པ་སེམས་ཀྱི་བཟོ་ནི་སེམས་བཟང་ངན་གྱི་དབང་ལས་འཁོར་འདས་ཀྱི་བདེ་སྡུག་འགྲུབ་པ་ལྟ་བུ་དང་། བརྗོད་པ་སྒྲའི་བཟོ་ནི་སྒྲ་དང་སྙན་ངག་དང་དབྱངས་ལ་སོགས་ངག་གི་འགྱུར་བ་ལ་བྱ་དགོས་ཤིང་། རྣམ་པར་གྱུར་པ་དབྱིབས་ཀྱི་བཟོ་ནི་བྱེད་པ་པོ་དང་མ་འབྲེལ་བ་ནི་འཇིག་རྟེན་ཆགས་པ་སོགས་ཡིན་ལ། བྱེད་པ་པོ་དང་འབྲེལ་བ་ནི་རིག་པའི་གནས་ལྔའི་ནང་ཚན་གྱི་བཟོ་ལྟ་བུ་ལ་འཇོག་པ་ཡིན། དེའི་གཙོ་བོ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ཉིད་ཡིན་ལ། དེའི་ཡང་ཐོག་མར་བྱུང་བ་ནི་རི་མོའི་གཟུགས་དག་ཡིན་ཏེ། སྔོན་རྒྱལ་པོ་འཇིགས་ཐུལ་གྱིས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་མི་རྣམས་ཚེ་ལོ་འབུམ་དུ་འཕེལ་ཞིང་ཤིན་ཏུ་བདེ་ཞིང་སྐྱིད་པར་གྱུར་པའི་ཚེ། བྲམ་ཟེ་ཞིག་གི་བུ་གཞོན་ནུ་གཅེས་པ་ཞིག་གློ་བུར་དུ་ཤི་བས། བྲམ་ཟེས་རྒྱལ་པོ་ལ་ཁྱོད་ཀྱི་རྒྱལ་སྲིད་ཆོས་བཞིན་དུ་མ་བསྐྱངས་པ་འདྲ་སྟེ། ཁྱོད་ཀྱི་འབངས་ལ་དུས་མིན་གྱི་འཆི་བ་བྱུང་ནས་བདག་གི་བུ་འཕྲོགས་སོ། །བུ་སླར་མ་བཙལ་ན་བདག་འདི་ཁར་ལྕེབ་བོ་ཞེས་སྨྲས་པས། རྒྱལ་པོས་བྲམ་

57a

༄༅།       །ཟེ་ཁྲིད་དེ་གཤིན་རྗེའི་རྒྱལ་པོ་ཉི་མ་ལྟར་འབར་བའི་དྲུང་དུ་ཕྱིན་ཏེ། བྲམ་ཟེའི་བུ་བཙལ་དུ་གསོལ་ཞེས་ཞུས་པས། གཤིན་རྗེའི་རྒྱལ་པོས་ངས་མ་ལན། རང་རང་གི་ལས་སུ་ཟད་དོ་ཞེས་སྨྲས་པ་ན། རྒྱལ་པོ་ཁྲོས་ཏེ། གཤིན་རྗེའི་རྒྱལ་པོ་དང་གཡུལ་ཐུག་པ་ན་འཇིག་རྟེན་ཐམས་ཅད་བསྔངས་པར་གྱུར་པའི་ཚེ། ཚངས་པ་བྱོན་ནས་གཤིན་རྗེས་མ་ཉེས། སོ་སོའི་ལས་སུ་ཟད་དོ། །འོན་ཀྱང་བྲམ་ཟེའི་བུ་རི་མོར་བྲིས་ཤིག་ཅེས་བསྒོ་བ་ལྟར་བྲིས་པས་ཚངས་པས་གསོལ་ཏེ་བྲམ་ཟེ་ལ་གཏད། སླར་རྒྱལ་པོས་ཚངས་པའི་འཇིག་རྟེན་དུ་བྱོན་ཏེ་རི་མོ་འབྲི་ཚུལ་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །ཞེས་དང་། རྒྱལ་པོ་དེ་བཞིན་སྒྱུ་རྩལ་ཀུན། །རི་མོའི་ལས་ལ་ཡང་དག་བསྟན། །ཞེས་བཟོའི་བསྔགས་པ་བརྗོད་ནས་བི་ཤྭ་ཀརྨས་སྟོན་པར་ལུང་བསྟན་ཅིང་། དེས་འཁོར་ལོས་བསྒྱུར་བའི་ཚད་གཙོ་བོར་བྱས་ཏེ་ཚད་དང་མི་ལྡན་པའི་ཉེས་པ། །ལྡན་པའི་ཕན་ཡོན་སོགས་བསྟན་ཅིང་། །ལུས་ལ་མཛེས་པ་མ་ཚང་ན། །ཚད་དག་གི་ནི་ཅི་ཞིག་བྱ། །ཞེས་མཛེས་དགོས་པར་ཡང་བསྟན་པ་སོགས་རི་མོའི་མཚན་ཉིད་ཚང་བའི་ཚད་ཡིག་ཅེས་བྱ་བ་དྲང་སྲོང་ཨེ་ཏྲེའི་བུས་སྦྱར་བ་ལས་འབྱུང་ཞིང་། གཞན་ཡང་དུས་ཀྱི་འཁོར་ལོ་དང་། བདེ་མཆོག་སྡོམ་འབྱུང་སོགས་དུ་མ་ལས་འབྱུང་བ་ཡིན། ཐུབ་པའི་བསྟན་པ་འདི་ལ་ཡང་སྐུའི་རྟེན་རི་མོར་བྲིས་པ་ཐོག་མར་བྱུང་བ་ཡིན་སྟེ། འདུལ་བ་ལུང་ལས། དེ་

57b

བཞིན་གཤེགས་པ་བཞུགས་པའི་དུས་སུ་ཡུལ་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ན་དང་། ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་གཉིས་མ་མཐོང་མ་འཕྲད་པའི་གྲོགས་པོ་བྱས་ནས་སྐྱེས་བསྐུར་རེས་བྱས་པ་ན། རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་པོ་ཆེའི་ཁྲབ་རིན་གྱི་གཞལ་དུ་མེད་པ་ཞིག་བསྐུར་བ་ན་མ་གདྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོས་དེའི་སྐྱེས་ལན་དུ་འོས་པ་མ་རྙེད་པར་སེམས་ཤིན་ཏུ་ཞུམ་པར་གྱུར་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པའི་སྐུ་རི་མོར་བྲིས་པ་དང་། བཀའི་ཚིགས་སུ་བཅད་པ་དང་བཅས་པ་བྲིས་ལ་སྐུར་ཞིག །ཅེས་གསུངས་པ་ལྟར་བཟོ་བོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་བལྟ་ཞིང་འདྲི་བར་བརྩམས་པ་ན། སྐུ་ཉི་མའི་འོད་ལྟར་འབར་བས་འདྲི་མ་ནུས་པར་བཅོམ་ལྡན་འདས་ཁྲུས་ཀྱི་རྫིང་བུའི་སྟེང་དུ་བཞུགས། དེའི་གཟུགས་བརྙན་རྫིང་བུར་ཤར་བ་ལྟར་བྲིས་པ་ལ་ཐུབ་པ་ཆུ་ལོན་མར་གྲགས་པ་དེ་དང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་བཟློག་གི་ཚིགས་བཅད། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་དང་། བསླབ་པའི་བཞི་ལྔའི་ཚིགས་བཅད་དང་། དེ་དག་གི་ཕན་ཡོན་དང་བཅས་པ་བྲིས་ཏེ་གསེར་གྱི་ཟ་མ་ཏོག་ཏུ་བཅུག་ནས་གླང་པོ་ཆེ་ལ་བཀལ་ཏེ་བསྐུར། འདི་འཇིག་རྟེན་གསུམ་ལས་འདས་པའི་སྐྱེས་ཡིན་པས་རྒྱལ་པོ་ཁྱོད་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པས་གདུགས་དང་རྒྱལ་མཚན་དང་མེ་ཏོག་དང་བདུག་སྤོས་ལ་སོགས་པའི་མཆོད་པ་དང་བཅས་ཏེ་བསུས། གོ་སྐབས་ཡངས་པར་སེང་གེའི་ཁྲིའི་སྟེང་དུ་བཞུགས་སུ་གསོལ་

58a

༄༅།       །ཏེ་དད་ཅིང་གུས་པའི་སྒོ་ནས་ཞལ་ཕྱེ་ཞིག་ཅེས་པའི་སྤྲིང་ཡིག་དང་བཅས་པ་བརྫངས། སྒྲ་སྒྲོགས་ཀྱི་རྒྱལ་པོས་ཀྱང་དེ་བཞིན་དུ་བྱས་ཏེ་ཞལ་ཕྱེ་བ་ན། ཚོང་པ་རྣམས་ཀྱི་མགྲིན་གཅིག་ཏུ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་ཐོས་པས་བ་སྤུ་ཐམས་ཅད་གྱེན་དུ་ལངས་ཤིང་མཆི་མ་རང་དབང་མེད་པར་གཡོས། ཚིགས་བཅད་རྣམས་བཀླགས་པས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་གྱུར་ཏེ་བདེན་པ་མཐོང་བར་བཤད་པ་དང་། ཡང་སྟོན་པས་ཆོས་གསུངས་པའི་ཚེ་ཤཱཀྱའི་མིང་ཅན་གྱི་ཆུང་མས་མུ་ཏིག་གི་དོ་ཤལ་ཁྱིམ་དུ་ལུས་པ་བྲན་མོ་ལེན་དུ་གཏང་བ་ན་བྲན་མོའི་བསམས་པ་ལ་འདི་ལྟ་བུའི་ཆོས་ཟབ་མོ་ཉན་པའི་དབང་མེད་པར་འགྲོ་དགོས་པ་ཤིན་ཏུ་སྐལ་པ་དམན་སྙམ་པའི་ཚེ། སྟོན་པས་དེའི་བསམས་པ་མཁྱེན་ནས་ཆོས་ཚིགས་སུ་བཅད་པ་ཅིག་བྲིས་ཏེ་གནང་བ་འདོན་ཞིང་ཕྱིན་པ་ན་ལམ་དུ་བ་དྲུས་མ་ཞིག་གིས་བརྡུངས་ཏེ་ཤི། དེ་མ་ཐག་སིང་ག་གླིང་གི་རྒྱལ་པོའི་བུ་མོར་སྐྱེས། སྐྱེས་མ་ཐག་ཏུ་ཡུལ་དེར་མུ་ཏིག་གི་ཆར་བབས་པས་མུ་ཏིག་ཅན་ནམ་མུ་ཏིག་གི་འཁྲི་ཤིང་ཅན་དུ་བཏགས། དེ་ནས་རེ་ཞིག་ན་ཡུལ་དབུས་ཀྱི་ཚོང་པ་མང་པོས་སིང་གའི་གླིང་དུ་ཕྱིན། སངས་རྒྱས་ཀྱི་བཀའ་ཚིགས་སུ་བཅད་པ་འགའ་ཞིག་སྟོན་པ་དང་བུ་མོའི་ཡིད་འཕྲོགས་ཏེ། བཟང་པོའི་གླུ་དེ་ད་དུང་ལོངས་ཤིག་ཟེར་བ་ན་ཚོང་པ་རྣམས་ཀྱི་འདི་གླུ་མིན་སངས་རྒྱས་ཀྱི་བཀའ་ཡིན་ཞེས་བཤད་པ་ན་བུ་མོ་མུ་ཏིག་ཅན་སངས་རྒྱས་ཀྱི་མཚན་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་ལྡངས། མིག་མཆི་མས་གང་བཞིན་དུ་སངས་རྒྱས་ཞེས་བྱ་བ་ཅི་འདྲ་ཞིག་ཡོད་ཅེས་དྲིས་པ་ན། ཚོང་པ་རྣམས་ཀྱི་ཅི་ནུས་ཀྱི་ཡོན་ཏན་བརྗོད་པས་བུ་མོ་ཤིན་

58b

ཏུ་དད་པར་གྱུར་ཏེ། དེ་བཞིན་གཤེགས་པ་ལ། བདག་འཁོར་བའི་གནས་ལས་དྲང་དུ་གསོལ་ཞེས་པའི་ཕྲིན་ཡིག་ཕུལ་བ་སྟོན་པས་བཞེས་ཏེ། དེའི་ལན་དུ་རས་ཀྱི་ངོས་ལ་འོད་ཟེར་བཏང་བ་ལྟར་རིག་བྱེད་པ་དག་གི་བྲིས་ཏེ་བཀའི་ཚིགས་བཅད་འགའ་དང་བཅས་པ་བཀུར་བ་མཐོང་བའི་མོད་ལ་བུ་མོས་བདེན་པ་མཐོང་སྟེ་ཡུལ་དེའི་མི་ཀུན་བསྟན་པའི་སྒོར་བཙུད། དྲིན་ལན་དུ་དཀོན་མཆོག་གསུམ་ལ་མུ་ཏིག་མཆོག་མ་གདྷཱའི་བྲེ་རེ་རེ་ཕུལ། སྐུ་དེ་ལ་ཐུབ་པ་འོད་ཟེར་མར་གྲགས་ཏེ་སྐུ་གཟུགས་ཀྱི་ཐོག་མ་ཡིན། འབུར་སྐུའི་ཐོག་མ་ནི་བཅོམ་ལྡན་འདས་མ་གཤེགས་པར་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ་གྲལ་གྱི་དབུས་མི་བརྗིད་པར་མཐོང་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟོན་པ་ལ་བདག་གི་སྟོན་པའི་སྐུ་རིན་པོ་ཆེ་ལས་གྲུབ་པ་ཞིག་བཞེངས་ནས་དགེ་འདུན་གྱི་གྲལ་གྱི་ཐོག་མར་བཞུགས་སུ་གསོལ་ན་རུང་ངམ་ཞེས་ཞུས་པ་ན། སྟོན་པས་སྣང་སྟེ་མགོན་མེད་ཟས་སྦྱིན་གྱི་གླང་པོ་ཆེ་མཆོག་ལ་ཞོན་གདུགས་དང་རྒྱལ་མཚན་དང་རོལ་མོའི་སྒྲ་དང་བཅས་ཏེ་དབུལ་པོའི་སྲང་ལ་སོགས་པ་གྲོང་ཁྱེར་ཀུན་ཏུ་ཞུགས་ནས་འགྲོ་བ་ཀུན་ལ་དམིགས་པའི་ལྷག་པའི་བསམ་པ་བཟང་པོས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་རྒྱུ་བླངས་ཏེ་རྒྱལ་བའི་སྐུ་གཟུགས་མང་དུ་བཞེངས་པ་རྣམས་ཡིན། གསུང་རྟེན་གྱི་ཐོག་མར་ནི། འཁོར་ལོ་བར་པའི་ཚེ་བརྒྱ་བྱིན་གྱི་གསེར་གྱི་གླེགས་བུ་ལ་བཻ་ཌཱུཪྱའི་ཞུན་མས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བྲིས་ཏེ་ལྷའི་གནས་སུ་མཆོད་ཅིང་བཀུར་སྟི་བྱས་པར་གསུངས་པ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས་གཟུངས་མང་པོ་གླེགས་བམ་དུ་བྱས་ཏེ་རྒྱལ་

59a

༄༅།       །མཚན་གྱི་རྩེར་བཏགས་པས་ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ་བར་གསུངས་པ་དང་། ཁྱིམ་བདག་གོང་ཏ་ཤི་བའི་ཡོ་བྱད་རྣམས་དགེ་འདུན་ལ་ཕུལ་བ་བཞེས་པའི་ཚེ་སྟོན་པས་རྒྱལ་བའི་བཀའི་གླེགས་བམ་འཚོང་དུ་མི་སྣང་། མུ་སྟེགས་བྱེད་ཀྱི་གཞུང་འཚོང་དུ་གནང་བར་གསུངས་པས་བཀའ་བསྡུ་གསུམ་པའི་སྔོན་དུ་ཡང་རྒྱལ་བའི་བཀའ་ཡི་གེར་བྲིས་པ་ཡོད་པར་བཤད་པ་རྣམས་ཡིན་ལ། དེ་ནས་སྟོན་པས་ཐབས་ལ་མཁས་པ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་གང་ལ་གང་འདུལ་གྱི་གཟུགས་ཀྱིས་འཇིག་རྟེན་ལ་ཕན་པ་བསམ་གྱིས་མི་ཁྱབ་པ་ཞིག་མཛད་པ་ཡིན་པར་ཡང་ངེས་དགོས་ཏེ། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས། ཐབས་མཆོག་དག་གིས་ལེགས་སྒྲུབ་པའི། །ཆོས་ཕྱིར་གཟིགས་པའི་ཡེ་ཤེས་སྤྱན༑ །ཁྱོད་ཀྱི་ཕྲིན་ལས་མངོན་བསམ་ན། །བསམ་མི་ཁྱབ་པ་འདི་ལྟར་སྣང་། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །སངས་རྒྱས་རྣམས་ལ་ཆོས་སྐུར་སྣང་། །སྟུག་པོ་བཀོད་པའི་ཞིང་ཁམས་སུ། །རྒྱལ་སྲས་མཆོག་ལ་ལོངས་སྐུར་བསྟན། །འཇིག་རྟེན་ཁམས་ནི་མཐའ་ཡས་སུ། །འགྲོ་ལ་སྤྲུལ་པ་སྣ་ཚོགས་འགྱེད། །སྐྱེ་བའི་སྤྲུལ་པ་དགའ་ལྡན་དུ། །ལྷ་རྣམས་གདུལ་བ་བྱ་ཕྱིར་བཞུགས། །མཆོག་གི་སྤྲུལ་པ་སྣ་ཚོགས་པ། །གདུལ་དཀའ་འགའ་ཞིག་འདུལ་བའི་ཕྱིར། །རི་རབ་རི་ཡི་རྩེ་མོ་རུ། །སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་དེར། །དབང་བསྐུར་མཛད་ནས་རྣམ་པར་བཏུལ། །བདུད་ཀྱི་དཀྱིལ་འཁོར་འདུལ་བའི་ཕྱིར། །རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་བསྐོར། །ཞེས་དང་། མི་ཡི་འགྲོ་བ་འདུལ་བའི་ཕྱིར། །གཞོན་ནུ་རོལ་རྩེད་སྣ་

59b

ཚོགས་མཛད། །དཀའ་ཐུབ་དགའ་བ་སུན་དབྱུང་ཕྱིར། ཁྱོད་ཀྱི་ལོ་དྲུག་དཀའ་བ་སྤྱད། །རྒྱལ་པོ་ཟས་གཙང་སྔོན་རབས་ཀྱི། །མགུ་མཛད་ཁམས་དྲུག་བཤིག་ནས་བཏུལ། །རྒྱལ་པོ་ཆེན་པོ་པི་ལིནྡ། །འཁོར་ལོས་བསྒྱུར་བའི་གཟུགས་ཀྱིས་བཏུལ། །རྒྱལ་པོ་ཨུ་ཏྲ་ཡ་ན་ནི། །ཁྱོད་སྐུ་རི་མོས་བྲིས་པས་བཏུལ། །འཇམ་པའི་དབྱངས་ཀྱི་ཆོ་འཕྲུལ་གྱིས། །ལྷ་དང་བཅས་པའི་བདུད་ཀྱི་སྡེ། །བཏུལ་ནས་ཆོས་དབྱིངས་སྒྲོལ་བར་མཛད། །རྒྱལ་པོ་མ་སྐྱེས་དགྲ་ཡི་སྡིག །རས་ཡུག་ཆེན་པོས་བསྡམས་པས་སྦྱངས། །ཞེས་དང་། ཕྱག་ན་རྡོ་རྗེ་སྟོབས་ཆེན་གྱིས། །དབང་ཕྱུག་ཆེན་པོ་བསད་ནས་བཏུལ། །བདུད་ཀྱི་དཔུང་རྣམས་བསྡིགས་ནས་བཏུལ། །ལྷ་མོ་ནམ་གྲུ་བསྟོད་པས་བཏུལ། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །རིགས་སྔགས་སྦྱོར་བའི་ཆོ་ག་དང་། །རིལ་བུ་སྨན་གྱི་སྦྱོར་བ་ཡིས། །སྡུག་བསྔལ་ཅན་རྣམས་ལེགས་པར་གསོས། །ཞེས་དང་། མཉན་ཡོད་ལ་སོགས་གདུལ་དཀའ་བ། །འདུལ་ཕྱིར་ཤཱ་རིའི་བུ་ལ་སོགས། །ཉན་ཐོས་ཆེན་པོ་བསྔགས་པ་མཛད། །རིགས་དང་བྱ་ཕྱིར་འཆར་ཀ་དང་། །ཡུལ་གཞན་རྒྱལ་པོ་འདུལ་བའི་ཕྱིར། །འཕགས་པ་ཀ་ཏ་ཡ་ན་སོགས། །གང་ལ་གང་གིས་འདུལ་གྱུར་པ། །དེ་འདྲའི་ཚུལ་གྱིས་ཐམས་ཅད་བཏུལ། །དེ་ལྟའི་ཕྲིན་ལས་བསམ་ཡས་པ། །མཐོང་ངམ་ཐོས་པར་གྱུར་ན་ཡང་། །སུ་ཞིག་ངོ་མཚར་སྐྱེ་མི་འགྱུར། །ཞེས་གསུངས་པའི་ཕྱིར།

གསོ་བ་རིག་པའི་བྱུང་ཚུལ་ལ་ཕྱི་རོལ་མུ་སྟེགས་བྱེད་ཀྱི་ལུགས་ནི། སྙན་ཚིག །མཆོད་སྦྱིན། སྲིད་སྲུང་། ངེས་བརྗོད་དེ་རིག་བྱེད་བཞི་བསླབ་པ་བརྡའ་སྤྲད་དོ།

60a

༄༅།       །སྡེབ་སྦྱོར་སྐར་རྩིས། ཐོས་པ་རྟོག་པ་སྟེ་ཡན་ལག་དྲུག །དྲན་པ་དང་ཆོས་ཏེ་ཉེ་བའི་ཡན་ལག་གཉིས་རྣམས་ཚང་པའི་ཞལ་བཞི་ལས་བྱུང་བར་འཆད་དོ། །རིག་བྱེད་ཀྱི་བསྟན་བཅོས་ལས། གང་ཕྱིར་ཚངས་པ་ཡི་ནི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །ཅེས་སོགས་བཤད་པའི་ཕྱིར། ནང་པ་སངས་རྒྱས་པའི་ལུགས་ནི་སྔོན་ལྷ་ཆེན་པོ་རྣམས་ཀྱིས་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་བུམ་པ་གང་བྱུང་བ་དེ་བགོ་བར་བརྩམས་ནས་སྒྲ་གཅན་ན་གཞོན་པས་ལག་བདེ་བར་བསྐོས་ཏེ་བུམ་པ་གཏད་པས། སྒྲ་གཅན་གྱིས་བསམས་པ་ལ་འདི་ནི་རྙེད་པར་དཀའ་བས་རང་གིས་འཐུང་ནས་བྲོས་པ་ལེགས་སྙམ་སྟེ་དེ་བཞིན་བྱས་པས། ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་ཕྱི་བཞིན་བསྙེགས་ཏེ་ཁྱབ་འཇུག་གི་འཁོར་ལོ་འཕངས་པས་སྒྲ་གཅན་གྱི་མགྲིན་པ་ལ་ཕོག་སྟེ་མགྲིན་པ་བཅད་པ་ན་ཁོ་ཁྲོས་ཏེ་འཁོར་ལོ་དམ་བཅའ་བཞི་ལྡན་ཕྱིར་འཕངས་པ་ཚངས་པའི་མཁུར་ཚོས་ལ་ཕོག་པའི་ཚེ་ཚངས་པ་ཚེ་ལ་དབང་བས་འཆི་བར་ཡང་མ་ནུས། འཁོར་ལོ་དམ་བཅའ་དང་ལྡན་པས་འཚོ་བ་ཡང་མ་ནུས་པའི་སྐབས་སུ། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་རང་གི་མཁུར་ཚོས་ལས་ཨོཾ་ཨ་ཐ་ཞེས་པའི་སྒྲ་བྱུང་བ་ན་སྔོན་སངས་རྒྱས་ལས་གསོ་དཔྱད་འབུམ་པ་ཐོས་པ་དྲན་ཏེ་གསོ་བའི་ལས་ལ་སྦྱར་བས་བདེ་བར་གྱུར་པས་ན། སངས་རྒྱས་ཀྱི་ཐུགས་རྗེ་ལས་བྱུང་བ་ཡིན་ཞེས་འཆད་པ་ཡིན་ཏེ། ཡན་ལག་བརྒྱད་པ་ལས། སྒྲ་གཅན་བདུད་རྩི་བརྐུས་པ་ལ། །ཁྱབ་འཇུག་གིས་ནི་རྐེ་བཅད་པས། །ཞེས་དང་། ཚངས་པས་ཚེ་ཡི་རིག་བྱེད་དྲན། །ཞེས་དང་། ཡི་གེ་ཨོཾ་དང་ཨ་ཐའི་སྒྲ། །གཉིས་པོ་

60b

འདི་དག་སྔོན་ཚངས་པའི། །མཁུར་ཚོས་རྡོལ་ཏེ་མངོན་པར་བྱུང་། །དེས་ན་འདི་གཉིས་བཀྲ་ཤིས་ཡིན། །ཞེས་གསུངས་པའི་ཕྱིར། ཚངས་པས་སྐྱེ་དགུའི་བདག་པོ་ལ་བཤད། དེས་ཐ་སྐར་གྱི་བུ་གཉིས་ལ་བཤད། དེས་བརྒྱ་བྱིན་ལ་བཤད། དེས་ལྷའི་དྲང་སྲོང་རྒྱུན་ཤེས་སོགས་གཙུག་ཕུད་ཅན་བདུན་ལ་བཤད། དྲང་སྲོང་རྒྱུན་ཤེས་ཀྱི་རང་གི་བུ་དྲུག་ལ་བཤད། དེ་ནས་དྲང་སྲོང་ལུག་ནག་འབར། །རྒྱ་སྐྱེགས་སྣ་ལ་སོགས་པས་གཞུང་མང་དུ་བྱས་ཏེ་ལྷ་ཡུལ་དུ་དར་བར་གྱུར། མི་ཡུལ་དུ་དར་ཚུལ་ནི་སྔོན་བཅུད་ཆགས་ནས་རིང་པོ་མ་ལོན་པ་ན་གཤེད་བུ་ཞིག་ས་ཞག་མ་ཞུ་བར་ན་སྟེ། སྨྲེ་སྔགས་འདོན་པ་ན་ཚངས་པ་འོངས་ཏེ་ཆུ་བསྐོལ་བཏང་བས་ཞི་སྟེ། ནད་པ་ལ་སྔ་བ་གཤེད་བུ། སྨན་པ་ལ་སྔ་བ་ཚངས་པ། སྨན་ལ་སྔ་བ་ཆུ་སྐོལ་ཞེས་གྲགས། འོ་ན་གསོ་བ་རིག་པ་ལ་བཤད་བྱའི་བཀའ་མེད་དམ་ཞེ་ན། སྨན་དཔྱད་ཁོ་ན་སྟོན་པའི་མདོ་རྒྱུད་མེད་ཀྱང་འདུལ་བ་ལུང་སྨན་གྱི་གཞི་ལས། དགེ་སློང་ནད་པས་སྨན་པ་ལ་དྲིས་ཏེ་བྱའོ། །ཞེས་དང་། སྨན་རྣམ་པ་བཞི་བསྟེན་ཚུལ་གསུངས་པ་རྣམས་དང་། གསེར་འོད་དམ་པའི་ནད་རབ་ཏུ་ཞི་བར་བྱ་བའི་ལེའུ་དང་། གསོ་དཔྱད་འབུམ་པ་དང་། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལས་དུས་མ་ཡིན་པར་འཆི་བ་དགུ་ཡོད་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལས་མ་ཐོས་སམ། དེའི་ཕྱིར་སྨན་དང་སྔགས་ཀྱི་སྦྱོར་བ་རྣམས་བསྟན་ཏོ། །ཞེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་ནས་སེམས་ཅན་ཀུན་ཕན་ཕྱིར། །ཐམས་ཅད་སྙིང་པོར་བསྡུས་པ་ཡིན། །སྒྲུབ་པའི་སྦྱོར་བ་བདུད་རྩི་མཆོག །ཡང་དག་རབ་ཏུ་བཤད་པར་བྱ། །ག་བུར་དང་

61a

༄༅།       །ནི་གུར་གུམ་དང་། ཞེས་སོགས་དང་། དུས་ཀྱི་འཁོར་ལོ་ལས། རླུང་འཇོམས་ལན་ཚྭ་སྐྱུར་བ་དག་ཏུ་རབ་ཏུ་འགྱུར་ཏེ། མངར་དང་བསྐ་བ་དག་ནི་མཁྲིས་པའི་དགྲ། ཞེས་སོགས་གསུངས་པ་རྣམས་ཡིན་ཏེ། སློབ་དཔོན་ཟླ་དགས། སྨན་གྱི་ལུང་དང་གསེར་འོད་དམ་པ་དང་། གསོ་དཔྱད་འབུམ་པ་ལ་སོགས་བཀའ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང་། རིན་ཆེན་སྤུངས་པར། རིག་གསུམ་མགོན་པོས་གསུངས་པའི་རྒྱུད་ལ་སོགས་པ་ཡོད་པར་བཤད། བསྟན་བཅོས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱད། འཚོ་བའི་མདོ་ཚིགས་སུ་བཅད་པ། རྩ་ཨ་ཝའི་ཆོ་ག །དངུལ་ཆུ་རིན་ཆེན་ཕྲེང་བ། གསེར་འགྱུར་སྦྱོར་བ་རྣམས་མཛད། བོད་སྔ་མ་ཁ་ཅིག །རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། ཕན་པ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོའི་མདོ་སྟེ་མདོ་ལྔ། བདུད་རྩི་སྙིང་པོ་སོགས་དཔྱད་གཞུང་བཅུ་དང་བཅས་པ་མཛད་ཟེར་ཡང་། དེ་དག་ལ་རྒྱ་གཞུང་གི་མཚན་ཉིད་ཅི་ཡང་མ་ཚང་བས་ཀླུ་སྒྲུབ་ཀྱི་མཛད་པ་མིན་པར་ངེས། སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། དེའི་སྙིང་པོ་བསྡུས་པ་སོགས་མཛད། ཁྱད་པར་སྙིང་པོ་བསྡུས་པ་རྩོམ་པའི་ཚེ། ས་གསུམ་དགེ་ལེགས་འབྱུང་བ་ཡིས། །དགེ་བའི་ལྟས་ནི་སྣ་ཚོགས་འབྱུང་༑ ཞེས་བཤད་ཅིང་གཞུང་དེ་ལ་རང་འགྲེལ་ཡང་མཛད། ཁ་ཆེ་ཟླ་དགས་སྙིང་པོ་བསྡུས་པའི་འགྲེལ་པ་ཟླ་ཟེར་དང་། ཡན་ལག་བརྒྱད་པ་ཆུང་བ་ཡང་མཛད་ཟེར། འདི་སློབ་དཔོན་དཔའ་བོའི་སྲས་དང་དངོས་སློབ་ཏུ་འདོད་པ་ཡོད་ཀྱང་། དཔལ་

61b

ཆེན་དགེ་བའི་སྲས་ཆགས་ལ་མངོན་དགའ་ཡིན་ཞིང་། དེའི་སྲས་ཟླ་དགའ་ཡིན་ལ། དེ་ཉིད་ཁ་ཆེའི་སྨན་པ་དོན་མཆོག་གི་དངོས་སློབ་ཡིན་པར་བཤད་དེ། ཟླ་ཟེར་ཉིད་ལས། བདག་གི་མེས་པོར་གྱུར་པ་ནི། །དཔལ་ཆེན་དགེ་བ་ཞེས་གྲགས་ཡིན༑ །དེ་ནི་ད་ལྟའང་ས་གསུམ་ན། །གྲགས་པ་དྲི་མེད་སྒྲོགས་པར་བྱེད། །དེ་སྲས་ཆགས་ལ་མངོན་པར་དགའ། །དེའི་བུ་ཟླ་བ་མངོན་དགའ་བདག །སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུད་ཤེས་དོན་ལྡན་མིང་བཏགས་པ། །དོན་དམ་ཞེས་པ་སྨན་པའི་མཆོག །ཁ་ཆེའི་ཡུལ་དུ་སྐྱེས་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལ་སོགས་པ་འཕགས་པའི་ཡུལ་དུ་དར་ཞིང་རྒྱས་པར་བྱུང་། དེས་ན་འཕགས་ཡུལ་དུ་ཆོས་ཀྱི་རྒྱལ་པོ་ཙནྡྲ་བདུན། པཱ་ལ་བདུན། སེ་ན་བཞི་ལ་སོགས་པ་བྱུང་ཞིང་དེ་དག་གི་རིང་ལ་མཁས་པ་དང་གྲུབ་པའི་སློབ་དཔོན་གྲངས་མེད་པ་བྱོན་ཞིང་། དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་གསལ་བར་མཛད་པ་ཡིན་ནོ། །