རྟ་ནག་ཆོས་འབྱུང་།

བརྒྱད་པ། བསྟན་པ་དེ་ཉིད་གངས་རིའི་ལྗོངས་འདིར་ལོ་པཎ་རྣམས་ཀྱིས་ཇི་ལྟར་བསྒྱུར་བའི་ཚུལ།

上一章
下一章

(བརྒྱད་པ། བསྟན་པ་དེ་ཉིད་གངས་རིའི་ལྗོངས་འདིར་ལོ་པཎ་རྣམས་ཀྱིས་ཇི་ལྟར་བསྒྱུར་བའི་ཚུལ།)

བརྒྱད་པ་བསྟན་པ་དེ་ཉིད་གངས་རིའི་ལྗོངས་འདིར་ལོ་པཎ་རྣམས་ཀྱིས་ཇི་ལྟར་བསྒྱུར་བའི་ཚུལ་ནི། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར་ལྷ་ཐོ་ཐོ་རི་སྙན་བཙན་གྱི་ཕོ་བྲང་ཡུམ་བུ་བླ་མཁར་གྱི་སྟེང་དུ་རིན་པོ་ཆེའི་སྒྲོམ་བུ་ཞིག་བབས་པ་ཁ་ཕྱེ་བ་ན་གསེར་གྱི་མཆོད་རྟེན་ཁྲུ་གང་པ། ཚིནྡྷ་མ་ཎིའི་གཟུངས། ཟ་མ་ཏོག་བཀོད་པའི་མདོ། དཔང་སྐོང་ཕྱག་བརྒྱ་པ་རྣམས་བྱུང་། གང་ཡིན་ངོ་མ་མཁྱེན་ཀྱང་ཡིད་དུ་འོང་བས་མིང་གཉན་པོ་གསང་བར་

62a

༄༅།       །བཏགས༑ ནམ་མཁའ་ནས་མི་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་ངོ་ཞེས་ལུང་སྟོན་པའི་སྒྲ་ཡང་གྲགས་སུ་བྱུང་། ཁ་ཅིག་མནལ་ལམ་དུ་བྱུང་ཡང་ཟེར། གང་ལྟར་དེ་ལ་ཕྱག་མཆོད་བྱས་པས་རྒྱལ་སྲིད་དང་མངའ་ཐང་ཆེར་རྒྱས། རྒྱལ་པོ་ཡང་གཞོན་ཤ་ཅན་དུ་གྱུར་ཏེ་དགུངལོ་བརྒྱ་དང་ཉི་ཤུ་རྩ་ལྔའམ་ཉི་ཤུ་ཐུབ་ཟེར། དེ་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་དང་། གླེགས་བམ་བྱེ་བ་བཞེངས། དེའི་རབ་གནས་ཀྱི་སྐབས་གླེགས་བམ་འགའ་ཞིག་རྒྱལ་མཚན་གྱི་རྩེ་ལ་བཏགས་ཏེ་མཆོད་པའི་ཚེ་སངས་རྒྱས་ཀྱི་བྱིན་རླབས་དང་། བོད་དུ་བསྟན་པ་དར་བའི་རྟེན་འབྲེལ་གྱི་དབང་གིས་མཐུན་པའི་རླུང་ཆེན་པོ་གཡོས་ཏེ་མཁའ་ལ་བཏེག་ནས་ཕོ་བྲང་གི་རྩེ་ལ་བབས་པ་ཡིན་ཞེས་ཁ་ཅིག་ཟེར། གཞན་དག་ནི་ནམ་མཁའ་ལས་བབས་ཟེར་བ་བོན་པོ་ནམ་མཁའ་ལ་དགའ་བས་བོན་གཏམ་ཡིན། དོན་ལ་པཎྜི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལི་ཐེ་སེས་དེ་རྣམས་ཁྱེར་ནས་འོངས་པ་རྒྱལ་པོ་ལ་ཕུལ་བས་ཡི་གེ་ཡང་མི་ཤེས། དོན་ཡང་མ་གོ་བས་ལོ་པཎ་གཉིས་ཕྱིར་ལོག་དགོས་པ་བྱུང་བ་ཡིན་ཟེར་རོ། །གང་ལྟར་དེ་ལ་བསྟན་པ་དབུ་བརྙེས་པ་ཟེར། དེ་ནས་མི་རབས་ལྔ་ན་གནམ་རི་སྲོང་བཙན་དང་བཙུན་མོ་འབྲི་ཟ་ཐོད་དཀར་གྱི་སྲས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲོང་བཙན་སྒམ་པོའམ། མཚན་དངོས་ཁྲི་ལྡེ་སྲོང་བཙན་དུ་གྲགས་པ་བྱོན། དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སར་བྱོན། མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས། ཕྱག་ན་རྡོ་རྗེའི་སློབ་མ་བློན་པོ་མགར་ཞེས་གྲགས་པ་དེས་བལ་པོའི་རྒྱལ་པོ་འོད་ཟེར་གོ་

62b

ཆའི་སྲས་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙུན་རྒྱལ་པོ་ཀྲི་ཀྲིའི་ཐུགས་དམ་གྱི་རྟེན་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་པའི་སྐུ་ཚད་དུ་ཀྲི་ཀྲིས་བཞེངས། སངས་རྒྱས་འོད་སྲུངས་ཀྱི་རབ་གནས་མཛད་པ་ཇོ་བོ་མི་བསྐྱོད་རྡོ་རྗེ། གཞན་ཡང་བྱམས་པ་ཆོས་ཀྱི་འཁོར་ལོ། རང་བྱོན་སྒྲོལ་མ། བཻ་ཌཱུཪྱའི་ལྷུང་བཟེད་གསོལ་བ་གང་བཏབ་ཀྱི་འབྲས་བུ་དུས་སུ་འཇོ་བའི་ཡིད་བཞིན་གྱི་ནོར་བུ་སོགས་རྟེན་མང་པོ་དང་བཅས་པ་སྤྱན་དྲངས། སླར་རྒྱ་ནག་གི་རྒྱལ་པོའི་སྲས་མོ་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་ཀོང་ཇོ། སྟོན་པ་དགུང་ལོ་ཞེ་གཅིག་བཞེས་པའི་ཚེ་སུམ་ཅུ་རྩ་གསུམ་དུ་དབྱར་གནས་མཛད་པའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྦྱིན་བདག་བྱས། སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་བཟོ་བོ་བི་ཤྭ་ཀརྨྨས་རྒྱུ་རིན་པོ་ཆེ་ལས་བཞེངས་པ་ཇོ་བོ་ཤཱཀྱ་མུ་ནི་སོགས་རྟེན་མང་པོ་དང་། བཟོ་དང་རྩིས་ཀྱི་གཙུག་ལག་མང་པོ་སྤྱན་དྲངས། ཤཱཀྱ་མུ་ནེ་འདི་ཐོག་མར་ལྷ་ཡུལ་དང་ཨུ་རྒྱན་དང་རྒྱ་གར་རྣམས་སུ་ཡུན་རིང་དུ་བཞུགས། དེ་ནས་རྒྱ་གར་གྱི་རྒྱལ་པོ་དྷརྨྨ་པཱ་ལ་ལས། རྒྱ་ནག་རྒྱལ་པོ་པྲི་ཏ་བི་ཛ་ཡ་ལ་སྐྱེས་སུ་བསྐུར་ཏེ་རྒྱ་ནག་ཏུ་ལོ་ལྔ་བརྒྱ་བཞུགས། དེ་ནས་བོད་དུ་བྱོན་པ་ཡིན་ཞེས་གྲགས་སོ། །གང་ལྟར་བལ་མོ་བཟས་འོ་ཐང་གི་འཚོ་བསུབས་ཏེ་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་ལྟ་བུའི་སྙིང་གར་བཞེངས། རྒྱ་མོ་བཟས་ར་མོ་ཆེའི་གཙུག་ལག་ཁང་བཞེངས། དེའི་རིང་ལ་རྒྱལ་པོས་ས་དགྲ་མནན་པའི་ཆེད་དུ་དཔུང་པ་གཡས་ལ་ཀ་ཚལ། གཡོན་ལ་ཁྲ་འབྲུག །རྐང་པ་གཡས་ལ་གཙང་འགྲམ། གཡོན་ལ་

63a

༄༅།       །གྲོམ་པ་རྒྱང་སྟེ་རུ་བཞིའི་གཙུག་ལག་ཁང་དང་། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུ། གཡོན་ལ་ལྷོ་བྲག  ཁུ་མཐིང་། པུས་མོ་གཡས་ལ་ཀ་བྲག །གཡོན་ལ་པྲ་དུམ་ཙི་ཏེ་མཐའ་འདུལ་གྱི་གཙུག་ལག་ཁང་དང་། ལག་མཐིལ་གཡས་ལ་བྱང་འཚལ་རླུང་གནོན། གཡོན་ལ་ཁམས་ཀྱི་གླང་ཐང་སྒྲོལ་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་། གཡོན་ལ་མོན་བུམ་ཐེང་སྟེ་ཡང་འདུལ་གྱི་གཙུག་ལག་ཁང་བཞི། གཞན་ཡང་ས་གནོན་གྱི་ལྷ་ཁང་མཆོད་རྟེན་སོགས་བརྒྱ་རྩ་བརྒྱད་སྤྲུལ་པས་བཞེངས། བོད་ལ་ཡི་གེ་མེད་པས་ཐོན་མི་ཨ་ནུའི་བུ་སམྦྷོཊ་བོད་སྐད་དུ་བོད་ལེགས་ཞེས་པ་རྒྱ་གར་དུ་ཆོས་དང་ཡི་གེ་སློབ་ཏུ་བརྫངས། དེས་བྲམ་ཟེ་ལི་བྱིན་ལ་ཡི་གེ་དང་། པཎྜི་ཏ་ལྷ་རིག་པ་སེང་གེ་ལ་སྒྲ་བསླབས། ཆོས་མང་དུ་གསན་ནས་བོད་དུ་བྱོན་པའི་ཚེ་རྒྱལ་པོ་དབུ་རུ་བཙུན་མོ་ཚལ་ན་རྡོ་དཀར་པོ་ཞིག་ལ་སྤྱན་རས་གཟིགས་ཀྱི་སྐུ་བཞེངས་པ་དང་མཇལ། ཕྱག་དང་ཞེ་ས་ཕུལ་བས། ཁྱོད་ཀྱི་སྒྲ་དང་ཡི་གེ་ཤེས་སམ་གསུངས། ཤེས་ལགས་ཞུས་པས། འོ་ན་ངའི་ཡི་དམ་ལ་བསྟོད་པ་གྱིས་གསུངས། ལོ་ཙཱ་བས། ཞལ་རས་གསལ་ལ་མངའ་མདངས་གངས་བས་དཀར། །གདམས་ངག་ཐར་ལམ་ལགས་པས་འཆད་པ་དང་། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །ཞེས་སོགས་ཀྱིས་བསྟོད་པ་མཛད་པས། རྒྱལ་པོ་ཤིན་ཏུ་མཉེས་ཏེ་ཞབས་སྤྱི་བོར་བླངས། སྲི་ཞུ་ཕུན་སུམ་ཚོགས་པ་མཛད། རྒྱལ་པོ་ལ་སྒྲ་དང་ཡི་གེ་བསླབས་པས་ཚེགས་མེད་པར་

63b

མཁྱེན་པའི་ཚུལ་བསྟན་ཏེ། བོད་དུ་ཆོས་དགེ་བ་བཅུའི་རྒྱལ་ཁྲིམས་བཙུགས། ལོ་ཙཱ་བས་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། དབྱངས་གུག་སྐྱེད་བཞིར་བསྡུས། དབྱིབས་ཁ་ཆེའི་ཡི་གེ་ལ་དཔེ་བྱས་ཏེ་ལྷ་སའི་སྐུ་མཁར་མ་རུར་ཡི་གེ་བཅོས། སུམ་ཅུ་པ་དང་རྟགས་འཇུག་སོགས་སྒྲའི་བསྟན་བཅོས་བརྒྱད་བརྩམས། མདོ་ཟ་མ་ཏོག་བཀོད་པ་དང་། པདྨ་དཀར་པོ་སོགས་བསྒྱུར། རྒྱལ་པོས་གདམས་ངག་གནང་ནས་ཡེར་པར་སྒོམ་གྲྭ་བཙུགས། ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་བསྐྱངས། བརྒྱད་ཅུ་རྩ་གཉིས་པ་ལ་ཡབ་ཡུམ་རང་བྱོན་ལྔ་ལྡན་གྱི་ཐུགས་ཀར་ཐིམ། དེ་ནས་རིང་ཞིག་ན་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་ལྷ་སའི་བྲག་དཀར་སོགས་གཙུག་ལག་ཁང་འགའ་རེ་བཞེངས། བྲན་དཀའ་མུལ་ཀོ་ཤ་སོགས་ཀྱིས་མདོ་སྡེ་ལས་བརྒྱ་པ་དང་གསེར་འོད་སོགས་བསྒྱུར། དེའི་སྲས་ལྗང་ཚ་ལྷ་དབོན་ལ། རྒྱ་མོ་བཟའ་གྱི་མ་ཤང་ཀོང་ཇོ་བོད་སྐད་དུ་མཚོའི་པདྨ་ཞེས་པ་སྤྱན་དྲངས། དེ་མ་བྱོན་གོང་དུ་ལྗང་ཚ་གཤེགས་པས་ཡབ་དང་འདུས། ཇོ་བོ་ཤཱཀྱ་མུ་ནེ་མུན་ཁང་ནས་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་དུ་སྤྱན་དྲངས། ཇོ་བོ་མི་བསྐྱོད་རྡོ་རྗེ་ར་མོ་ཆེར་བཞུགས་སུ་གསོལ། མཆོད་པ་རྒྱ་ཆེན་པོ་བཙུགས། དེ་གཉིས་ཀྱི་སྲས་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེ་བཙན་གྱིས་ཆུང་ངུའི་དུས་སུ་སྦ་སང་ཤི་སོགས་མི་བཞི་རྒྱ་ནག་ཏུ་ཆོས་འཚོལ་དུ་བཏང་། རྒྱའི་ཧྭ་ཤང་མངོན་ཤེས་ཅན་དང་མཇལ། སྒོམ་པའི་ལུང་ནོས། ཧྭ་ཤང་དེ་ན་རེ། སང་ཤི་ལ་སྟོན་པས་གདོང་དམར་གྱི་ཡུལ་དུ་དམ་པའི་ཆོས་དར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་དེ་ཁྱོད་ཡིན།

64a

༄༅།       །རྒྱ་གར་གྱི་མཁན་པོ་ཞི་བ་འཚོ་ཞེས་པ་དེ་བོད་ཀྱི་འདུལ་སྐལ་ཡིན། གཞན་སུས་ཀྱང་བོད་ལ་ཕན་མི་ཐོགས་ཟེར། དེ་བཞིས་ཆོས་བམ་པོ་སྟོང་ཙམ་དང་ཧཱ་ཤང་གཞན་ཞིག་སྤྱན་དྲངས་ཏེ་འོངས་པའི་ཚེ་མེའི་ཨག་ཚོམ་འདས། ཁྲི་སྲོང་ལྡེ་བཙན་ན་གཞོན་པས་བློན་པོ་རྣམས་ཀྱིས་ཆོས་ཁྲིམས་བཤིག །ཆོས་བྱེད་པ་བྱུང་ན་སྤྱུགས་པར་བྱས། ལྷ་ཤཱཀྱ་མུ་ནེ་རྒྱ་ཡུལ་དུ་སྐྱེལ་བར་བརྩམས་པས་མི་སུམ་བརྒྱས་མ་ཐེག་པར་བྱེ་ཐེམས་སུ་སྦས་པས་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་བྱ་བ་རྒྱབ་གས་ནས་ཤི། ཅོག་གྲུ་རྐྱེངས་རྒྱལ་འགོང་བྱ་བས་སྦམ་ནས་ཤི་བས་ལྷ་བྱེ་འོག་ཏུ་བཅུག་པས་ལན་ཟེར་ནས་བཏོན། དེའུ་གཉིས་ཀྱིས་བཏེག་ནས་མང་ཡུལ་སྐྱིད་གྲོང་དུ་བསྐྱལ་ཏེ་ལོ་བཅུ་གསུམ་བཞུགས། ཇོ་བོ་མི་བསྐྱོད་རྡོ་རྗེ་ཤར་ཕྱོགས་རོ་མོའི་ཐང་ལ་བསྐྱལ་ནས་ཞག་བདུན་ལུས། དེ་ནས་ར་མོ་ཆེར་བཞུགས་སུ་གསོལ། དེའི་ཚེ་སང་ཤི་སོགས་ཀྱི་ཆོས་རྣམས་མི་མངོན་པར་སྦས། ཧྭ་ཤང་ཀློག །བློན་པོ་འགོས་རྒན་གྱིས་ཐབས་བྱས་ནས་སང་ཤི་མང་ཡུལ་གྱི་བློན་པོར་བསྐོས་ཏེ་བརྫངས། དེ་ནས་རྒྱལ་པོ་དགུང་ལོ་བཅུ་གསུམ་བཞེས་པ་རྒྱལ་སར་བསྐོས། འགོས་རྒན་སོགས་ཀྱིས་གྲོས་བྱས་ཏེ་མ་ཞང་ཁྲོན་པ་སྐྱེས་གསོན་པོར་དུར་དུ་བཅུག །རྟ་ར་གླུ་གོང་བྱང་ལ་སྤྱུགས། ཇོ་བོ་སྐྱིད་གྲོང་ནས་སྤྱན་དྲངས་ཏེ་ལྷ་སའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་ཏེ། མཆོད་པ་རྒྱ་ཆེན་པོ་བཙུགས། སྦ་གསལ་སྣང་གི་བོདྷི་སཏྭ་སྤྱན་དྲངས། ཕོ་བྲང་རླུང་འཚུབས་སུ་ཁ་ཆེ་ཨ་ནནྡས་ལོ་ཙཱ་བྱས་ནས་རྒྱལ་པོས་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ཀྱི་ཆོས་གསན་དེའི་རྗེས་སུ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་འདུལ་བའི་ཕྱིར་དུ་ཨུ་རྒྱན་

64b

གྱི་སློབ་དཔོན་ཆེན་པོ་པདྨསམྦྷ་ཝ་སྤྱན་དྲངས། དེའི་ལོ་རྒྱུས་གོང་དུ་བཤད་པ་ལྟར་ཡིན། དེ་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བོ་དྷིསཏྭས་རབ་གནས་མཛད་པས་རབ་གནས་ལེགས་ཏེ་བོད་ཁམས་སུ་བདེ་སྐྱིད་རྫོགས་ལྡན་གྱི་དུས་སུ་འགྲན་པ་ཙམ་བྱུང་། དེའི་ཚེ་བོད་ལ་བཙུན་པ་བཏུབ་མི་བཏུབ་ཉམས་སད་པའི་ཕྱིར། སད་མི་མི་བདུན་རབ་ཏུ་བྱུང་སྟེ། སྔར་མེད་པའི་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་བཙུགས། དེ་ལ་སད་མི་མི་བདུན་ནི། སྦས་རཏྣ་རཀྵིཏ། བོད་སྐད་དུ་རིན་ཆེན་བསྲུངས་པ། སྦས་ཛྙཱ་ནནྡྲ་རཀྵི་ཏ་ཡེ་ཤེས་དབང་པོ་བསྤུངས་བ་སྟེ་དམ་པའི་ཆོས་འཛིན་པའི་མཁན་པོ་བོད་ལ་བཀའ་དྲིན་ཆེ་ཞིང་བོ་དྷི་ས་ཏྭ་གཤེགས་ནས་འདིས་གདན་ས་མཛད། བྱང་ཆུབ་སེམས་དཔའ་རྟ་སྐད་ཅེས་པ་སངས་རྒྱས་ཀྱི་ལུང་བསྟན་པ་ཡིན། རཏྣན་ནྡྲ་རཀྵི་ཏ་རིན་ཆེན་དབང་པོ་བསྲུངས་པ་སྟེ་རྒན་གསུམ། གླང་བུ་ག་ར་ཝརྨ་རཀྵི་ཏ་བདེ་བར་གཤེགས་པའི་གོ་ཆ་བསྲུངས་ཞེས་པ་བར་པ་ཡིན། གཞོན་གསུམ་ནི། པ་གོར་བཻ་རོ་ཙ་ན་རཀྵི་ཏ་རྣམ་པར་སྣང་མཛད་བསྲུངས་པ་འཁོན་ནཱ་གནྡྲ་རཀྵི་ཏ་ཀླུའི་དབང་པོ་བསྲུངས་པ། གཙང་དེ་བནྡྲ་རཀྵི་ཏ་ལྷའི་དབང་པོ་བསྲུངས་བ་སྟེ་འདི་རྣམས་བོད་ཀྱི་བཙུན་པ་ལ་སྔ་བ་ཡིན། སད་མི་མི་བདུན་ལ་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་སོགས་བརྒྱ་རྩ་བརྒྱད་ཀྱིས་བློ་སྦྱངས། དེ་དག་ལ་ཅོག་རོ་ཀླུའི་རྒྱལ་མཚན༑ ཞང་ཡེ་ཤེས་སྡེ་སོགས་སྟོང་རྩ་བརྒྱད་ཀྱིས་བློ་སྦྱངས་ཞེས་ཡི་གེ་རྙིང་མ་འགའ་ལས་འབྱུང་ངོ་། །བོ་དྷི་སཏྭ་སྐུ་འདའ་ཁར་ཁྲི་སྲོང་ལྡེ་བཙན་ལ་རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མ་མོའི་གཙོ་མོ་བརྟན་མ་བཅུ་གཉིས་ལ་

65a

༄༅།       །བཀའ་གཏད་པའི་ཕྱིར་མུ་སྟེགས་ནི་མི་འབྱུང་མོད། ཉིན་མཚན་དང་ཡར་ངོ་མར་ངོ་སོགས་ཀྱི་རྟེན་འབྲེལ་གྱི་དབང་ལས་ཆོས་ལུགས་གཉིས་སུ་འགྲོ་བར་འགྱུར་ཏེ་ང་འདས་པའི་འོག་ཏུ་རྒྱ་ནག་དགེ་སློང་བྱ་བ། བྱ་བྱེད་ཀྱི་ཆོས་ཀྱི་འཚང་མི་རྒྱ། སེམས་རྟོགས་ན་རྣམ་པར་མི་རྟོག་པ་ཡིན་ནོ་ཞེས་ཅིག་ཅར་བའི་ལམ་སྟོན་པ་ཞིག་འབྱུང་། དེའི་ཚེ་ངའི་སློབ་མ་ཀཱ་མ་ལ་ཤཱི་ལ་སྤྱན་དྲངས་ལ་རྩོད་པ་བྱེད་དུ་ཆུག །དེས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ་གཤེགས། དེ་ནས་ཡེ་ཤེས་དབང་པོ་མཁན་པོར་བསྐོས་ཏེ་བསྟན་པ་རིང་ཞིག་བསྐྱངས། སླར་དཔལ་དབྱངས་རྒྱལ་ཚབ་ཏུ་བསྐོས་ཏེ་ལྷོ་བྲག་མཁར་ཆུར་སྒོམ་དུ་བྱོན། དེའི་རིང་ལ་ཧྭ་ཤང་མ་ཧཱ་ཡ་ནའི་ལུགས་དར་ཏེ་ལུས་ངག་གི་དགེ་བ་རྒྱུན་ཆད། གཙུག་ལག་ཁང་རྣམས་ཀྱི་མཆོད་པ་སྟོངས། བོད་ཕལ་ཆེར་ཁོའི་ལུགས་སུ་གྱུར། དཔལ་དབྱངས་སོགས་བོ་དྷི་སཏྭའི་སློབ་མ་ཉུང་ཤས་ཞིག་འགྱུར་དུ་མ་འདོད། ཆོས་མིན་གྱི་རྩོད་པ་ཆེན་པོ་བྱུང་བས་རྒྱལ་པོ་ཐུགས་མ་བདེ་བར་ཡེ་ཤེས་དབང་པོ་ལྷོ་བྲག་ནས་སྤྱན་དྲངས། དེས་མཁན་པོའི་ལུང་བསྟན་གྱི་དྲན་བསྐུལ་ཕུལ་ནས་ཀཱ་མ་ལ་ཤཱི་ལ་སྤྱན་དྲངས། རྒྱ་ནག་དགེ་སློང་དང་རྩོད་དུ་བཅུག་པས་སད་མིའི་ངང་ཚུལ་རྒྱལ་ཏེ་རྒྱ་གར་བའི་ལུགས་དར་བར་བྱས། དེའི་ཚེ་རྒྱལ་པོས་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་བཟུང་། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ལ་སློབ། དཀར་པོ་ཆིག་ཐུབ་ཀྱི་ལུགས་བྱེད་དུ་མི་དབང་ངོ་ཞེས་བཀས་བཅད་དེ་ཧྭ་ཤང་རྒྱ་ནག་ཏུ་བརྫངས། དེས་བརྩམས་པའི་དཔེ་ལྔ་པོ་གཏེར་དུ་སྦས། རྩོད་གྲྭ་དེར་ཁོའི་ལྷྭམ་ལུས་པས་ཧྭ་ཤང་ན་རེ། ད་དུང་བོད་

65b

ཀྱི་བསྟན་པའི་མཇུག་ཏུ་ངའི་ཆོས་ལུགས་འོང་བའི་ལྟས་ཡིན་ཟེར་ཏེ། ད་ལྟ་ཆོས་ཁུངས་མ་རྣམས་བོར་ཏེ་ཕྱག་རྒྱ་ཆེན་པོར་མིང་བཏགས་པའི་དཀར་པོ་ཆིག་ཐུབ་ལ་གཙོ་བོར་བྱེད་པ་འདི་ཚོ་ཡིན་པར་སེམས་སོ། །ཀཱ་མ་ལ་ཤཱི་ལས་སྒོམ་རིམ་རྣམ་པ་གསུམ། དེའི་རྒྱབ་བརྟེན་དུ་དབུ་མ་སྣང་བ་བརྩམས་ཏེ་བསྟན་པ་སྔ་དར་གྱི་དུས་ན་ཤིན་ཏུ་དར་ཆེའོ། །ཧྭ་ཤང་གིས་མངགས་པའི་རྒྱའི་བཤན་པ་བཞིའི་ཀཱ་མ་ལ་ཤཱི་ལ་བཀྲོངས། བཙན་པོ་ཡང་དྲུག་ཅུ་རྩ་དགུ་ལ་གཤེགས་ཏེ། དེའི་སྲས་མུ་ནེ་བཙན་པོས་རྒྱལ་ས་བཟུང་། བསམ་ཡས་སུ་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས། བོད་འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་བསྙམས། དེ་ནས་སད་ན་ལེགས་མཇིང་ཡོན་ནམ་ཁྲི་ལྡེ་བཙན་གྱིས་དགུངལོ་བཞི་པ་ལ་རྒྱལ་ས་བཟུང་། སྐར་ཆུང་ལྷ་ཁང་བཞེངས། ཆོས་ཀྱི་སྲོལ་བཏོད། དེ་ནས་དེའི་སྲས་མངའ་བདག་ཁྲི་རལ་པ་ཅན་གྱིས་འོད་ལྗང་རྡོའི་ལྷ་ཁང་བཞེངས། མཐའ་བཞིའི་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུས། ལོ་པཎ་མང་པོའི་ཞབས་ནས་བཏེག་ནས་བཀའ་དང་བསྟན་བཅོས་སྔར་མ་འགྱུར་བ་མང་པོ་བསྒྱུར། བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་ཆོས་ཀྱི་སྲོལ་ཆེར་བཏོད། རབ་ཏུ་བྱུང་བའི་དབུ་འཕང་བསྟོད་རྒྱལ་པོ་ཉིད་ཀྱི་དབུ་སྐྲ་ལ་དར་ཡུག་བཏགས་ནས་དེའི་སྟེང་དུ་དགེ་འདུན་རྣམས་བཞུགས་སུ་གསོལ་ཏེ་སྤྱི་བོར་འཁུར་བའི་བརྡ་ཡིན། བོད་དམག་གིས་རྒྱ་ནག་ལན་དུ་མ་བཅོམ། སླར་དབོན་ཞང་འདུམས་བྱས། ལྷ་ས་དང་རྒྱ་བོད་གྱི་མཚམས་དང་ཕོ་བྲང་ལྟ་ན་སྡུག་གསུམ་དུ་རྡོ་རིང་བསླངས། དེ་ལ་ཆད་མདོའི་ཡི་གེ་བཏབ་སྟེ། དེ་ཡན་ཆད་ལ་བསྟན་པ་སྔ་དར་ཞེས་གྲགས་སོ། །དེ་ནས་སྡིག་བློན་

66a

༄༅།       །ཆོས་ལ་མི་དགའ་བ་རྣམས་ཀྱིས་གྲོས་བྱས། ལྷ་སྲས་གཙང་ལ་སྤྱུགས། དབས་རྒྱལ་གཏོ་རེ་དང་། ཅོ་རོ་ལེགས་སྒྲ་གཉིས་ཀྱིས་མངའ་བདག་བཀྲོངས། གླང་དར་མ་འུ་དུམ་བཙན་ལ་རྒྱལ་སྲིད་གཏད། དབས་རྒྱལ་གཏོ་རེ་ནང་བློན་དུ་བསྐོས། ཐོག་མར་རྒྱལ་སྲིད་ཆོས་བཞིན་བསྐྱངས། བར་སྐབས་སུ་ཐུགས་ལ་གདོན་གསོལ་ཏེ་ཆོས་བསྒྱུར་བའི་འཕྲོ་བཅད། པཎྜི་ཏ་རྣམས་རང་ཡུལ་དུ་བརྫངས། རབ་བྱུང་ལ་ལ་བསད། ལ་ལ་ཕབ། བཙུན་པའི་རྟགས་འབོར་དུ་མ་འདོད་པ་རྣམས་མདའ་གཞུ་བསྐུར་ནས་རྔོན་པ་བྱེད་དུ་བཅུག །དཀོན་མཆོག་གི་མཆོད་པ་རྒྱུན་བཅད། ལྷ་ས་དང་བསམ་ཡས་སོགས་གཙུག་ལག་ཁང་རྣམས་སུ་བཤས་ར་བྱས། པུསྟི་ཕལ་ཆེར་ལྷ་སའི་བྲག་ལ་སྦས་ཏེ་འདུལ་བའི་བསྟན་པ་མིང་མེད་པར་བྱས་སོ། །

བསྟན་པ་ཕྱི་དར་ལ་བསྟན་པའི་མེ་རོ་སྨད་ནས་བླངས་ཚུལ་དང་སྟོད་ནས་གསོས་ཚུལ་གཉིས་ལས།