རྟ་ནག་ཆོས་འབྱུང་།

༥. ཕྲིན་ལས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ།

上一章
下一章

(༥. ཕྲིན་ལས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ།)

ལྔ་པ་ནི། རྣམ་པར་དཀར་བའི་ཕྲིན་ལས་ཀྱིས་ཛམྦཱུའི་གླིང་ཐམས་ཅད་ཁྱབ་པ་སྟེ་ཆོས་ཀྱི་རྗེ་འདི་དག་གི་ཞལ་ལས་སྨིན་གྲོལ་གྱི་བདུད་རྩི་བླངས་པའི་ཛོ་ཀི་རབ་ཏུ་མང་པོ་རྒྱ་གར་ཤར་ནུབ་དབུས་གསུམ་གླིང་ཕྲན་སོ་སོ་དང་བཅས་པར་སོང་བ་རྣམས་ཀྱིས་བཀའ་སྲོལ་དེ་ཉིད་ལ་བརྟེན་པའི་འཆད་རྩོམ་སྒོམ་གསུམ་མཛད་པར་ངེས་ལ༑ རྒྱ་ནག་དང་རྒྱ་ནག་ཆེན་པོ་སྨན་རྩེར་གྲགས་པའི་པོ་ཏ་ལའི་རི་བོ་ཚུན་ཆད་ཀྱི་ཡུལ་ལྗོངས་ཐམས་ཅད་ཁྱབ་པར་སྔར་བཤད་པ་བཞིན་དང་། གངས་རི་ཅན་གྱི་རྒྱུད་འདིར་ཡང་ཡོངས་སུ་གྲགས་པའི་བཀའ་སྲོལ་མང་ཡང་འཇིག་རྟེན་ལུགས་ཀྱི་དབང་དུ་བྱས་ན་ས་སྐྱ་པའི་གཡོག་རིགས་སུ་མ་གཏོགས་པ་མེད་ཅིང་། ཆོས་ཀྱི་དབང་དུ་བྱས་ན་སློབ་བརྒྱུད་དུ་མ་གཏོགས་པ་མེད་པའོ། །དེ་ཡང་གསང་སྔགས་རྙིང་མར་གྲགས་པའི་སོ་ཟུར་སྣུབ་གསུམ་ལ་སོགས་པའི་ཆེས་ཆེ་བའི་རིགས་སུ་རློམ་པ་མཐའ་དག་པ་དང་༑ བཀའ་གདམས་བྱ་ཡུལ་བ། དོ་སྐོར་བ། ནམ་མཁའ་འབུམ་ལ་སོགས་པ་ཆེན་པོར་རློམ་པ་དུ་མས་ཆོས་རྗེ་ཁུ་དབོན་གྱི་གསུང་གི་བདུད་རྩི་བླངས། གངས་རིའི་ཁྲོད་ཀྱི་ཐུབ་པའི་རྒྱལ་ཚབ་གསང་ཕུ་བ་རྔོག་ལོ་ཆེན་པོའི་བརྒྱུད་འཛིན་རིག་པའི་དབང་

85b

ཕྱུག་ཆ་པ་ཆེན་པོ་དང་ཉང་ཕྲན་པ་ཆོས་ཀྱི་སེང་གེ་སོགས་ཀྱིས་ས་ཆེན་གྱི་དངོས་སློབ་སྐྱུར་ཨ་སེང་ལས་ལུགས་ཀྱི་ཆོས་ཀྱི་བདུད་རྩི་མང་དུ་བླངས་པས་ན་འདི་དག་ཀྱང་སློབ་རྒྱུན་དུ་གཏོགས། དཔལ་དགས་པོ་ཀར་བརྒྱུད་ཅེས་གྲགས་པའི་བསྟན་འཛིན་གྱི་གཙོ་བོ་ཁམས་པ་མི་གསུམ་དུ་གྲགས་པ་ལས། གསལ་སྟོན་སྒོམ་ཤོར་ལ་བརྒྱུད་པ་མ་བྱུང་། ཁམས་པ་རྡོར་རྒྱལ་ལམ་ཕག་མོ་གྲུ་པའམ་མཐའ་རྩ་བ་ཞེས་མཚན་གྱི་ཁྱད་པར་གསུམ་དང་ལྡན་པ་དེས་ས་ཆེན་གྱི་ཞབས་པད་ལོ་བཅུ་གཉིས་བསྟེན་ཏེ་ས་ལུགས་ཀྱི་གདམས་པ་ཕལ་ཆེར་གསན། ཕྱིས་རྗེ་བཙུན་རིན་པོ་ཆེ་གྲགས་པ་ལས་ཀྱང་ཆོས་ཀྱི་བདུད་རྩི་གསོལ་ཏེ་བརྒྱུད་འཛིན་གྱི་སློབ་མ་གྲགས་པ་ཅན་ཡིན། དེའི་སློབ་རྒྱུན་ལ་གླིང་རས་ནས་བརྒྱུད་དེ་གཙང་པ་རྒྱ་རས་ཀྱི་འབྲུག་ཏུ་དགོན་པ་བཏབ་པ་ནས་འབྲུག་པ་ཞེས་བཀའ་སྲོལ་ཆེན་པོ་ཅིག་ཏུ་གྲགས། ཕག་གྲུའི་ཉེ་གནས་གཟི་བཀྲ་ཤིས་དཔལ་གྱི་སྟག་ལུང་ཐང་བཏབ་པ་ནས། སྟག་ལུང་ཐང་པ་ཞེས་སྲོལ་ཆེན་པོ་ཅིག་ཏུ་གྲགས། ཕག་གྲུའི་སྐུ་ཚེའི་མཇུག་གི་སློབ་མ་སྐྱུར་རིན་ཆེན་དཔལ་གྱིས་འབྲི་ཁུང་མཐིལ་བཏབ་པ་ནས་འབྲི་ཁུང་པ་ཞེས་སྲོལ་ཆེན་པོ་གཅིག་ཏུ་གྲགས། འདི་དག་ཀྱང་སློབ་རྒྱུན་དུ་གཏོགས། དུས་གསུམ་མཁྱེན་པའམ་ཁམས་པ་དབུ་སེའམ་ཏྲེ་བོ་ཆོས་ཀྱི་གྲགས་པ་ཞེས་མཚན་གྱི་ཁྱད་པར་གསུམ་དང་ལྡན་པ་དེས། ས་ཆེན་གྱི་དངོས་སློབ་རྒ་ལོ་དང་། ཨ་སེང་དང་། གཤེན་པ་རྡོར་སེང་གསུམ་ལ་ལམ་འབྲས་སོགས་ས་ལུགས་ཀྱི་གདམས་པ་མཐའ་ཡས་པ་གསན། དེས་སྨྲར་ཁམས་སྒང་དུ་ཀརྨ་ལྷས་སྡིངས་ཀྱི་དགོན་པ་བཏབ་པ་ནས་ཀརྨ་ཀཾ་ཚང་ཞེས་བཀའ་

86a

༄༅།       །སྲོལ་ཆེན་པོ་ཅིག་ཏུ་གྲགས་ཏེ་འདི་དག་ཀྱང་འདི་པའི་སློབ་རྒྱུན་དུ་གཏོགས། ཡང་ཤངས་པ་བཀའ་བརྒྱུད་ཅེས་གྲགས་པ་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་རམ་ཤངས་དུ་ཁུ་བ་ཞེས་གྲགས་པའི་སྲོལ་ཕྱེ་བའི་ལུགས་ལ་བརྒྱུད་པ་རིན་ཆེན་སྣ་བདུན་དུ་གྲགས་པའི་བརྒྱུད་པ་བཞི་པ་རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་ཀྱི་ས་ཆེན་གྱི་དངོས་སློབ་ཨ་སེང་ལས་ས་ལུགས་ཀྱི་གདམས་པ་མང་དུ་གསན་པ་དང་། བརྒྱུད་པ་དྲུག་པ་གཉན་སྟོན་སྦས་པའི་སངས་རྒྱས་ཀྱི་རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞབས་པད་ལོ་བཅུ་གཉིས་ཀྱི་བར་དུ་བསྟེན། རྒྱུད་མན་ངག་ལ་སོགས་པ་ས་ལུགས་ཀྱི་གདམས་པ་ཕལ་ཆེར་གསན་ཅིང་། བརྒྱུད་པ་བདུན་པ་འགྲོ་མགོན་སངས་རྒྱས་སྟོན་པས་འགྲོ་བའི་མགོན་པོ་འཕགས་པའི་ཞལ་ལས་སྨིན་གྲོལ་གྱི་བདུད་རྩི་བཞེས་པས་དེ་དག་ཀྱང་འདི་དག་གི་སློབ་བརྒྱུད་དུ་གཏོགས། ཡང་ཞང་གཡུ་བྲག་པར་གྲགས་པས་ཀྱང་ས་ཆེན་གྱི་དངོས་སློབ་ཨ་སེང་དང་། གཤེན་པ་རྡོར་སེང་ལས་ས་ལུགས་ཀྱི་གདམས་པ་མང་དུ་གསན་ཅིང་། དེའི་བརྒྱུད་འཛིན་ལ་ཞང་པ་བཀའ་བརྒྱུད་དུ་གྲགས་པ་རྣམས་ཀྱང་འདི་པའི་སློབ་བརྒྱུད་དུ་གཏོགས། ཕྱིས་གྲགས་པ་ཕོ་དོང་བ་ཞེས་ད་ལྟ་སྲོལ་གཅིག་ཏུ་བྱེད་པ་འདི་པའི་རྩ་བ་ཤོངས་སྟོན་རྡོ་རྗེ་རྒྱལ་མཚན་ལ་བླ་ཆེན་འཕགས་པས་གསེར་སྲང་དོ་དར་ཡུག་བཅུ་གསུམ་དང་བཅས་པ་གནང་ནས་རྒྱ་གར་དུ་བརྫངས། གཞི་འགྱུར་ཐུབ་པ་རང་དཀའ། ཧོར་ཀོང་སོབ་པ་དང་། མཆན་བུ་དང་ཞུ་ཆེན་གྱི་ལོ་ཙཱ་ཡོང་ཞིང་། སྡེབ་སྦྱོར་གྱི་བསྟན་བཅོས་མེ་ཏོག་གི་ཆུན་པོ་དང་། སྙན་ངག་མཁས་པའི་ཁ་རྒྱན་སོགས་ལ་འཆད་ཉན་ཕེར་བ་གྱིས་ཞེས་པས་གསུངས་པ་དང་དུ་

86b

བླངས་ཏེ་བྱོན་པས་མཁས་པ་ཆེན་པོར་གྱུར་ཏེ། སྙན་ངག་དཔག་བསམ་འཁྲི་ཤིང་སོགས་གཞི་འགྱུར་མང་པོ་མཛད། རིག་པའི་གནས་ཆུང་བ་རྣམས་ལ་བཤད་ཉན་གཙོ་བོར་མཛད་པས་རིག་གནས་ཀྱི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ། དེའི་གཅུང་པོ་ཤོངས་བློ་གྲོས་བརྟན་པ་དེའི་སློབ་མ་དཔང་བློ་གྲོས་བརྟན་པ་སྟེ་གཉིས་ལས་དཔང་ལོ་ཆེན་པོས་བོ་དོང་ཨེའི་བདག་པོ་མཛད། དེའི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ། དེའི་དབོན་པོ་ལོ་ཆེན་གྲགས་པ། དེའི་དབོན་པོ་བོ་དོང་ཀ་བཅུ་པ་ཆོས་ཀྱི་རྒྱལ་མཚན། སྟོན་མིང་ཕྱོགས་ལས་རྣམ་རྒྱལ་ཞེས་གྲགས་པ་འདི་དག་ས་སྐྱ་པའི་དགེ་བཤེས་ངོ་མ་ཡིན་ཞིང་། དེའི་བརྒྱུད་འཛིན་ལ་བོ་དོང་པར་གྲགས་པས་འདི་པའི་སློབ་རྒྱུན་དུ་གཏོགས། ཡང་ད་ལྟ་རི་བོ་དགའ་ལྡན་པ་ཞེས་ཡོངས་སུ་གྲགས་པའི་རྩ་བ་ཤར་བཙོང་ཁ་པ་བློ་བཟང་གྲགས་པ་དེས། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། དེའི་གདན་ས་ཀ་བཅུ་པ་དར་མ་རིན་ཆེན། དེའི་གདན་ས་བྱང་པ་ཀ་བཅུ་པ་དགེ་ལེགས་དཔལ་བཟང་གསུམ་ལས། དང་པོ་གཉིས་རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱི་སློབ་མ་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན་གྱི་ནང་ཚན་ཡིན་ལ། ཞིང་ཕྱི་མ་ཀ་བཅུ་ལེགས་པར་ཤེས་པ་བཅུ་ཕྲག་གཅིག་ནང་མཚན་ཡིན། འདི་དག་གི་རེ་མདའ་བ་དང་། གོ་འགྱོ་ཡེ་ཤེས་བཟང་པོ། ལམ་འབྲས་པ་བློ་བཟང་དཀར་མོ་སོགས་ལས་ལམ་འབྲས་སོགས་ས་ལུགས་ཀྱི་གདམས་པ་ཕལ་ཆེར་གསན་པས་ས་སྐྱ་པའི་དགེ་བཤེས་ངོ་མ་ཡིན། དེའི་སློབ་རྒྱུན་ལ་དགའ་ལྡན་པ་ཞེས་བོད་པ་འདི་པ་ཡང་འདི་པའི་སློབ་རྒྱུན་དུ་གཏོགས། ད་ལྟ་ས་སྐྱ་པ་རང་གི་ཞལ་འཛིན་མཛད་པ་ལ་མདོ་སྔགས་གཉིས་ལས། དང་པོའི་སྲོལ་འབྱེད་ཀྱི་གཙོ་བོ་

87a

༄༅།       །གཡག་རོང་གཉིས། ཕྱི་མས་ན་ལེནྡྲའམ་བོད་སྐད་དུ་རྒྱུན་གྱི་དབང་པོ་ཞེས་པའི་གཙུག་ལག་ཁང་བཏབ། བཤད་ཉན་རྒྱ་ཆེར་མཛད་པས་སློབ་མ་ནོར་འཛིན་གྱི་རྡུལ་ཙམ་བྱུང་མོད། དེའི་ནང་ནས་སྨ་ཁམས་བ་གྲགས་པ་བཟང་པོས་གྲ་ཚང་ཆེན་མོ་བཏབ། དེའི་གདན་ས་ནམ་བསོད་ཆེན་མོས་བསྐྱངས། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་འབྲས་ཡུལ་སྐྱེད་མོས་ཚལ་བཏབ། དེའི་གདན་ས་འཇམ་དབྱངས་ཆོས་རྗེ་ཀུན་དགའ་ཆོས་བཟང་གིས་བསྐྱངས། རོང་སྟོན་དོན་ཡོད་དཔལ་གྱིས་སེ་མོ་ལུང་གི་ཆོས་སྡེ་བཏབ། དེའི་གདན་ས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་ནས་དགོན་པའི་མིང་ཐུབ་བསྟན་གསེར་མདོག་ཅན་དུ་བསྒྱུར། རོང་སྟོན་དང་བྱམས་ཆེན་རབ་འབྱམས་པ་གཉིས་ཆར་གྱི་སློབ་མ་གོ་རམས་བསྟན་པའི་ཉི་མས་ཐོག་མར་སྐྱེད་ཚལ་གྱི་ཟུར་ཆད་མཛད། ཕྱིས་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པ་བཏབ། དེའི་སློབ་མ་མུས་རབ་འབྱམས་པ་ཐུགས་རྗེ་དཔལ་བཟང་གིས་ཐུབ་བསྟན་ཡངས་པ་ཅན་གྱི་དགོན་པ་བཏབ། འབུམ་རམས་པ་བྱམས་པ་ཆོས་དོན་གྲུབ་ཀྱིས་བྱ་རྒོད་གཤོངས་བཏབ། གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར་གྱིས་ཆོས་འཁོར་ལྷུན་པོ་བཏབ། མངའ་རིས་པ་ལྷ་དབང་བློ་གྲོས་ཀྱིས་གཞའ་རི་སྐྱིད་ཚལ་བཏབ། སྟག་ཕྲུག་ཀུན་དགའ་དཔལ་འབྱོར་ཀྱིས་ར་བ་སྨད་གོ་རམས་ཆེན་པོའི་བཀའ་སྲོལ་དུ་བསྒྱུར། ཤེལ་གྲོང་པཎ་ཆེན་བློ་གྲོས་ཆོས་ཀྱི་རྒྱལ་པོས་རྡོ་ཕུད་ཆོས་འཁོར་གནས་དང་། དགས་པོ་གྲ་ཚང་དེའི་བཀའ་སྲོལ་དུ་བསྒྱུར། གཟི་ཀ་བཅུ་པ་ཤཱཀྱ་བློ་གྲོས་ཀྱིས་རྣམ་རྒྱལ་གསེར་ཁང་གི་གྲྭ་

87b

ཚང་བཙུགས་ཏེ་གཟི་གྲྭ་ཚང་དུ་གྲགས་སོ། །སྔགས་ལུགས་ལ་ས་སྐྱའི་ཟུར་ཆེན་ཀུན་དགའ་རྣམ་གཉིས་སུ་གྲགས་པ་ལས། ཀུན་དགའ་བཟང་པོའི་བཀའ་སྲོལ་ལ་ངོར་པ་དང་། ཀུན་དགའ་རྒྱལ་མཚན་པའི་བཀའ་སྲོལ་ལ་རྫོང་པར་གྲགས་པ་ཡིན་ནོ། །