རྟ་ནག་ཆོས་འབྱུང་།

བཅུ་གཉིས་པ། མཐར་བཀྲ་ཤིས་དང་དགེ་ལེགས་ཇི་ལྟར་བྱུང་བའི་ཚུལ།

上一章
下一章

(བཅུ་གཉིས་པ། མཐར་བཀྲ་ཤིས་དང་དགེ་ལེགས་ཇི་ལྟར་བྱུང་བའི་ཚུལ།)

བཅུ་གཉིས་པ་མཐར་བཀྲ་ཤིས་དང་དགེ་ལེགས་ཇི་ལྟར་བྱུང་བའི་ཚུལ་ནི། སྤྱིར་འཇིག་རྟེན་གྱི་ཁམས་ཀྱི་ཕན་བདེ་མཐའ་དག་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། སངས་རྒྱས་ཀྱི་བསྟན་པ་ཚུལ་བཞིན་དུ་བསྐྱངས་པ་ལས་འབྱུང་བ་ཡིན་ཏེ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པའི་ཕྱིར། འཇིག་རྟེན་གྱི་ཁམས་སུ་ཕན་བདེ་ཤིན་ཏུ་དར་བའི་སྐབས་འདིར་བཀྲ་ཤིས་པའི་ཚུལ་ཅུང་ཟད་བརྗོད་ན། སྤྱིར་བཀྲ་ཤིས་ལ་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་དང་། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་མདོ་ནས་འབྱུང་བའི་བཀྲ་ཤིས་དང་། ཁྱིམ་བདག་དེས་པ་ལ་གསུངས་པའི་བཀྲ་ཤིས་སོགས་དུ་མ་ཡོད་ཀྱང་། འདིར་དཀོན་མཆོག་གསུམ་གྱི་ཤིས་པ་བརྗོད་ན་འཕྲལ་ཡུན་དུ་ལེགས་ཤིང་སྐབས་སུ་བབས་པ་ཡིན་ལ། དེ་ཡང་སྤྱིར་སྟོན་པ་ཞེས་པ་ནི་རང་གི་གདུལ་བྱ་ལ་ལམ་སྟོན་པར་བྱེད་པ་ཞིག་ཡིན་ལ། ཕྱི་རོལ་མུ་སྟེགས་བྱེད་ཀྱི་སྟོན་པ་རྣམས་ཀྱང་རང་གི་གདུལ་བྱ་ལ་ལམ་སྟོན་པ་པོ་ཙམ་ཡིན་ཡང་། ཐར་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་མི་ནུས་པས་ན་སྟོན་པ་མཆོག་མ་ཡིན་ལ། དེ་བཞིན་གཤེགས་པ་ནི་ཐུགས་རྗེ་ཆེན་པོས་གདུལ་བྱ་རྣམས་ལེགས་པའི་ལམ་

88a

༄༅།       །ལ་སྦྱོར། ཤེས་བྱ་ཐམས་ཅད་ལ་མཁས་པས་ན་ལམ་བདེན་པའམ་ཕྱིན་ཅི་མ་ལོག་པར་སྟོན་ནུས་པས་ཕྱི་རོལ་མུ་སྟེགས་བྱེད་ལ་སོགས་པ་ལུགས་གཞན་གྱི་སྟོན་པས་ཆོས་དང་མཐུན་པར་རྒོལ་མི་ནུས་ཤིང་། ཆོས་དང་མི་མཐུན་པའི་སྒོ་ནས་རྫི་མི་ནུས་པའི་ཕྱིར་ན་སྟོན་པ་མཆོག་ཏུ་གྱུར་པ་ཡིན་ཏེ། བརྩེ་བས་ལེགས་པའི་ལམ་ལ་སྦྱོར། །མཁས་པའི་ཕྱིར་ན་བདེན་པ་སྟོན། །མུ་སྟེགས་གཞན་གྱི་མ་བསྐུལ་བའི། །སྟོན་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། དམ་པ་ཞེས་པ་ནི་སྐྱོན་དུ་བགྲང་བ་མཐའ་དག་སྤངས་ཤིང་ཡོན་ཏན་གྱི་ཆོས་མཐའ་དག་ལྡན་པ་ལ་བྱ་སྟེ། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། ལྷ་དང་མིས་མཆོད་པར་འོས་པ་ནི། དེ་བཞིན་གཤེགས་པ་ལ་བརྟེན་ནས་དགེ་བ་ཆུང་ངུ་ཞིག་བསགས་ཀྱང་རྣམ་སྨིན་ངོ་མཚར་བ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ལགས་ཏེ། སྤྱོད་འཇུག་ལས། (འདི་སྤྱོད་འཇུག་ནང་ཡོད་མེད་བརྟག །)དེ་ལྟར་སངས་རྒྱས་རྣམས་ལ་ཆུང་བ་ཡིས། །ཡོན་ཡུལ་རྣམ་པར་སྨིན་པ་འདི་དག་ཡིན། །འཁོར་ཚེ་དེ་ཡི་འབྲས་བུ་དེ་འདྲ་ན། །སེམས་ཤེས་སུ་ཞིག་བྱང་ཆུབ་སྒྱིད་ལུག་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་སངས་རྒྱས་ལ་ཕྱག་དང་མཆོད་པ་སོགས་བསྙེན་བཀུར་བ་བྱས་ན་སེམས་ཅན་གང་དག་འགྲོ་བ་སྟེ་གཡོ་བ་བཅུད་ཀྱི་སེམས་ཅན་དང་། མི་འགྲོ་བ་སྟེ་བསྟན་པ་སྣོད་ཀྱི་འཇིག་རྟེན་མཐའ་དག་ལ་བཀྲ་ཤིས་སམ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་ཡིན་ཏེ། སྟོན་མཆོག་དམ་པ་བླ་མའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །

88b

ཅེས་གསུངས་པའི་ཕྱིར། ཆོས་དཀོན་མཆོག་ནི་སྡུག་ཀུན་ཉེ་བར་ཞི་ཞིང་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བྱེད་ལམ་བདེན་དང་། འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་གཉིས་ཀྱིས་བསྡུས་པ་ཞིག་ཡིན་ཏེ། གང་ཞིག་གང་གི་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས༑ །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་པའི་ཕྱིར། དེ་ཡང་ལྷ་དང་མི་རྣམས་ཀྱི་གུས་པའམ་སྲི་ཞུ་བྱ་བའི་ཡུལ་ཡིན་ཏེ། སྤྱོད་འཇུག་ལས། ཡིད་ལ་སེམས་པས་དགེ་བྱེད་ན། །གང་དང་གང་དུ་འགྱུར་བ་ཡིས༑ །དེ་དང་དེར་ནི་བསོད་ནམས་དེའི། །རྣམ་སྨིན་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལས་གཞན་དུ་དམ་པའི་ཆོས་ལ་གུས་པ་མ་བྱས་ན་མཐོ་རིས་ཀྱི་མི་མཐུན་ཕྱོགས་མཐའ་དག་འབྱུང་ཞིང་། གུས་པ་བྱས་ན་མངོན་མཐོའི་ཡོན་ཏན་འབྱུང་བར་མ་ཟད། ལུང་དང་མངོན་པར་རྟོགས་པའི་ཆོས་ཀྱི་མཛོད་འཛིན་པ་སོགས་ངེས་ལེགས་ཀྱི་ཡོན་ཏན་མཐའ་དག་ཀྱང་འབྱུང་བའི་ཕྱིར་ཏེ། སྤྱོད་འཇུག་ལས། བདག་ནི་མངོན་དང་ད་ལྟར་ཡང་། །ཆོས་ལ་མོས་དང་བྲལ་བ་ཡིས། །ཕོངས་པ་འདི་འདྲ་བྱུང་བར་གྱུར༑ །སུ་ཞིག་ཆོས་ལ་མོས་པ་གཏོང་། །ཞེས་དང་། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜིཏས། དམ་པའི་ཆོས་ལ་གུས་བྱས་ན། །སངས་རྒྱས་ཀུན་གྱི་ཆོས་མཛོད་འཛིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་ཆོས་ལ་བཀུར་སྟི་བྱས་ན་བཀྲ་ཤིས་དང་དགེ་ལེགས་གཞལ་དུ་མེད་པ་བརྟན་གཡོ་ཀུན་ལ་འབྱུང་བ་ཡིན་ཏེ། ཞི་བ་ཆགས་བྲལ་ལྷ་མའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་གསུངས་པའི་ཕྱིར། དགེ་འདུན་ནི་ཚོགས་ཏེ་བྱེ་བྲག་ཏུ་སྨྲ་

89a

༄༅།       །བའི་ལུགས་ལ་ཚོགས་སམ་དགེ་འདུན་དུ་འཇོག་པ་ལ་དགེ་སློང་བཞི་ཡན་ཆད་ཚོགས་དགོས་ཤིང་། དགེ་ཚུལ་འབུམ་ཕྲག་ཚོགས་ཀྱང་དགེ་འདུན་དུ་མི་འདོད་ལ། ཐེག་པ་ཆེན་པོའི་ལུགས་ལ་ནི་ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་གང་ཟག་རེ་རེ་ཡང་ཚོགས་སམ་དགེ་འདུན་དུ་འདོད་དགོས་ཏེ། བླ་ཆེན་འཕགས་པས། བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡིས་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཞེས་གསུངས་པའི་ཕྱིར། དགེ་འདུན་ནི་ལྷ་དང་མིས་མཆོད་པའི་ཞིང་། བསོད་ནམས་ཀྱི་མགྲོན། ཡོན་གནས་སམ་སྦྱིན་གནས་དམ་པར་གྱུར་པ་ཞིག་ཡིན་ཏེ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ལས། ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་བཞུགས་པ༑ རིགས་པར་བཞུགས་པ། དྲང་པོར་བཞུགས་པ། མཐུན་པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་ཡོན་ཡོངས་སུ་སྦྱོང་བ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུའང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར་དེ་ལྟ་བུའི་དགེ་འདུན་ལ་བསྙེན་བཀུར་བྱས་ན་སྣོད་བཅུད་ཀུན་ལ་བཀྲ་ཤིས་དང་བདེ་ལེགས་རྒྱ་ཆེན་པོ་འབྱུང་བ་ཡིན་ཏེ། ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་གསུངས་པའི་ཕྱིར་རོ། །