བཀའ་གདམས་ཆོས་འབྱུང་།
མཆོད་བརྗོད།
ལེའུ་སྔོན་མ།
ལེའུ་རྗེས་མ།
1b

(མཆོད་བརྗོད།)

༄༅༅།        །ན་མཿཤྲཱི་ཝཱཾ་གུ་རུ་དྷརྨ་སྭ་མཱི་བུདྡྷ་དྷྭ་ཇཱ་ཡ། །ལྷ་མིའི་བླ་མ་སྟོན་མཆོག་ཉི་མའི་གཉེན། །སྒྲིབ་གཉིས་དྲི་མ་ཀུན་སེལ་དམ་པའི་ཆོས། །ཡང་དག་ལམ་གྱི་རྒྱུད་གྲོལ་དགེ་འདུན་ཚོགས། །སྐྱབས་མཆོག་རྣམས་ལ་བྱང་ཆུབ་བར་དུ་འདུད། །རྒྱལ་བ་མར་མེ་མཛད་གང་འབྲོམ་སྟོན་རྗེ། །ཕུ་ཆུང་བ་དང་སྤྱན་སྔ་པོ་ཏོ་བ། །ཡབ་སྲས་སྐུ་མཆེད་བརྒྱུད་པར་བཅས་པ་ཡི། །རྣམ་ཐར་དྲན་པས་ལན་བརྒྱར་ཕྱག་བགྱིའོ། །འཇིག་རྟེན་དབང་ཕྱུག་ཞིང་ཁམས་གངས་ལྗོངས་འདིར། །ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པ། །ཀུན་དགའ་སྙིང་པོ་སྲས་དང་དབོན་དུ་བཅས། །རིམ་པར་བྱོན་ལ་བདག་ཅག་སྙིང་ནས་དད། །སྙིགས་དུས་བསྟན་པའི་མེ་རོ་གསོ་བ་ལ། །བསམས་བཞིན་སྐྱེ་བ་བཞེས་པའི་སྔགས་འཆང་རྗེ། །གང་གི་ཐུགས་སྲས་བསོད་ནམས་

 

2a

༄༅།       །དབང་པོ་དང་། །གྲགས་པ་བློ་གྲོས་སྐྱེ་དགུའི་གཙུག་ན་མཛེས། །ཨ་ཏི་ཤ་དང་རྒྱལ་བའི་འབྱུང་གནས་ལྟར། །བདག་ལ་གཅིག་ཏུ་དགོངས་པའི་ཐུགས་རྗེ་ཅན། །བཀའ་དྲིན་མཉམ་མེད་རྒྱལ་བ་མུས་པ་ཆེ༐ །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་ཁྱོད་བསྔགས། །གང་གི་ཟབ་ཡངས་གསུང་གི་བདུད་རྩིའི་རྒྱུན། །ངོམས་པར་གསོལ་བའི་སྐྱེས་ཆེན་མཆོག་རྣམས་དང་། །གཞན་ཡང་འགྲོ་ཀུན་དགའ་མཛད་རང་གཞན་གྱི། །དོན་གཉིས་ལྷུན་གྲུབ་སྤྱན་སྔ་རིན་ཆེན་རྒྱལ། །