(༡༽. རྭ་སྒྲེང་དུ་བྱོན་ཚུལ།)
དང་པོ་ནི། རྣལ་འབྱོར་
༄༅། །པ་ཆེན་པོས་སྟོན་པ་ཡང་ལོ་དགུ་བསྟེན། རྭ་སྒྲེང་གི་གདན་ས་ལོ་བཅུ་གཉིས་མཛད་པའི་རིང་དགོན་པ་གོང་ནས་ཕྱིར་བྱོན། ད་ལྟ་དབུ་རྩེ་ཀ་བ་བཅུ་དྲུག་མའི་ས་དེར་གཟིམས་ཆུང་མཛད། དེ་དུས་ཞང་ཕྲང་ཁ་བེར་ཆུང་གི་སྲས་དགྲ་བཅོམ། དེའི་སྲས་བེར་བརྒྱུད་དར་མ་ཡེ་ཤེས་ཀྱིས། ཀ་གཉིས་མའི་ཁྱམས་སྨད། ཁྱམས་ཆུང་། ནག་ཚང་གསུམ་མཛད་དེ། རབ་གནས་རྣལ་འབྱོར་པ་ཆེན་པོས་མཛད། གྲངས་མང་དུ་བཙུགས། གདུལ་བྱ་དུ་མ་སྨིན་པར་མཛད་དེ་དགེ་འདུན་སུམ་བརྒྱ་ཙམ་འདུས། དྲུག་ཅུ་རྩ་གཉིས་པ་འབྲུག་ལོ་རྒྱལ་ཟླའི་ཚེས་བརྒྱད་ལ་རྭ་སྒྲེང་ནས་གཤེགས། དཔེ་ལ་ལར་རྟ་ལོ་བ་ཡོས་ལ་གཤེགས་པས་བདུན་ཅུ་ཐམ་པ་བཞུགས་ཟེར་བ་ཡང་སྣང་ངོ་། །དེ་ནས་དཔལ་ལྡན་དགོན་པ་བ་གདན་སར་བསྐོས། སྟོན་པ་ཡང་ལོ་དགུ་བསྟེན་པ་རྣལ་འབྱོར་པ་དང་འདྲ། རྭ་སྒྲེང་གི་གདན་ས་ལོ་བཅུ་མཛད། དགོན་པ་གོང་དང་དུ་བཞུགས་ནས། སྣེའུ་ཟུར་བ་ལ་སོགས་པའི་སློབ་མ་མང་དུ་སྨིན་པར་མཛད་དེ། དྲུག་ཅུ་རྩ་བདུན་པ་ཁྱི་ལོའི་མངོན་པར་བྱང་ཆུབ་པའི་ཉ་ལ་རྭ་སྒྲེང་དུ་གཤེགས། དགོན་པ་བ་ལ་སློབ་མ་མང་དུ་བྱོན་པའི་མཆོག །བུ་ཆེན་བཅུ་ནི། ཀླུང་ཤོད་རུག་པའི་ཞང་ཀ་མ་བ་ཤེས་རབ་འོད། ཁ་རག་སྒོམ་ཆུང་། རོག་ཆོར་བུ་བ་སྨྲ་བའི་སེང་གེ། མཐའ་བཞི་སྒོམ་པ། འཕན་ཡུལ་རྒྱལ་དུ་གཉན་སྣ་མོ་བ་དང་། འབྲི་ཀོ་སྟེ་ལུང་པ་ཚུལ་ཁྲིམས་སྐྱབས་གཉིས། དར་ཡུལ་དུ་ཆུ་སྒོམ་གཞོན་ནུ་སྙིང་པོ་དང་། ཚུར་སྒོམ་ཡེ་ཤེས་རྒྱལ་མཚན་གཉིས། འཕན་ཡུལ་གཉའ་ར་སྨན་འཇར། འགར་འདུལ་འཛིན། སྤྲས་མཐོང་བ་སར་སྣེའུ་ཟུར་བ་རྣམས་སོ། །དེ་རྣམས་
ཀྱི་ནང་ནས་ཆོས་བརྒྱུད་འཛིན་པའི་མཆོག་སྣེའུ་ཟུར་བ་ཡིན་ཏེ་འདིའི་ལོ་རྒྱུས་ཅུང་ཟད་འོག་ཏུ་འཆད་དོ། །དེ་རྣམས་རྣལ་འབྱོར་བ་དང་ཐུན་མོང་བའི་སློབ་མ་ཡིན་ཀྱང་། དགོན་པ་བའི་བུ་ཆེན་དུ་ཡི་གེ་རྙིང་མ་རྣམས་སུ་བགྲངས་པ་བཞིན་འདིར་ཡང་བཀོད་པ་ཡིན་ནོ། །ཁ་རག་སྒོམ་ཆུང་ནི་གཙང་དུ་སྐུ་འཁྲུངས། ལམ་པོ་གནས་སུ་མཁན་པོ་མར་སྒོམ་ལ་རབ་ཏུ་བྱུང་སྟེ་མཚན་དབང་ཕྱུག་བློ་གྲོས་སུ་བཏགས། དང་པོ་སྦ་སྒོམ་བསོད་ནམས་ཡེ་ཤེས་བྱ་བ་ཇོ་བོའི་སློབ་མ་ཅིག་ལ་ཆོས་གསན། དེ་ནས་རྭ་སྒྲེང་དུ་བྱོན་ལོ་དྲུག་བཞུགས་ནས། རྣལ་འབྱོར་པ་དང་། དགོན་པ་བ་གཉིས་ལ་ཆོས་མང་དུ་གསན། སྒོམ་ཆུང་པའི་ཐུགས་དགོངས་ལ། ད་ནི་རང་གིས་ཀྱང་ཆིག་རྐྱ་ཐུབ་སྟེ་འོང་སྙམ་སྟེ། ཉུངས་མའི་ས་བོན་ཕུལ་གང་ཁྱེར་ནས་སྤྲས་ཀྱི་སྣེའུ་ཀེ་རུ་རུ་བྱོན། དབྱར་ལོ་ཐུག་གསོལ། དགུན་ཉུངས་ཐུག་ལ་ཕྱེ་བུན་རེ་བཏབ་ནས་གསོལ་གྱིན་ལོ་བཅུ་གཅིག་སྒྲུབ་པ་རྩེ་གཅིག་ཏུ་མཛད། དེ་ནས་ཁ་རག་ཏུ་བྱོན་ནས་སྒྲུབ་པ་མཛད་པས། ཁ་རག་སྒོམ་ཆུང་དུ་གྲགས། ཁ་ཅིག་མཐོ་ཆོས་དང་། ཨང་ཡིག་བདུན་ཅུ་རྣམས་སྤྲས་བྲག་རྒྱབ་ཏུ་མཛད་ཟེར་ཏེ། རྣམ་ཐར་ན་ཁ་རག་ཤར་དུ་མཛད་གསུངས་སོ། །འདིས་རྣལ་འབྱོར་པ་གོང་འོག་གི་གསུང་ལ་བརྟེན་ནས་ལམ་རིམ་དོན་ཚན་བཅུ་གཉིས་སུ་བསྡུས་པ་མཛད་དེ། ཁ་རག་སྐོར་གསུམ་དུ་གྲགས་པའི་གཅིག་ཡིན་ནོ། །བདུན་ཅུ་རྩ་ལྔ་ལ་གཙང་གི་ཕུག་ནག་པོ་བྱ་བར་གཤེགས་ཁར། ལྷོ་པ་ལ་སྐྱེས་པའི་ཡུལ་སྤོངས། ཉེ་དུ་དང་ཐག་བསྲིངས། བཤེས་གཉེན་རྟག་ཏུ་བསྟེན། ཧྲུལ་པོའི་གོས་གྱོན། དམན་པའི་ས་བཟུང་། ངན་པའི་ཟས་ཟོ། ལོ་ཚོད་ཆུ་བཞིན་དུ་
༄༅། །འཐུངས་ལ་སྒྲུབ་པ་གྱིས་གསུངས་པའི་གདམས་ངག་གནང་སྟེ། རུས་པ་ལྷག་རལ་རོལ་ཚོ་བསྡུས་ལ། བྱང་རྭ་སྒྲེང་ན་དཔལ་ལྡན་དགོན་པ་བའི་སྐུ་འབུམ་ཡོད་པ། དེའི་གྲིབ་མ་དང་སེར་བུ་ཕོག་སར་སྐྱོལ་ཅིག་གསུངས་ཏེ་དེ་ལྟར་བྱས་སོ། །དེ་ནས་རྭ་སྒྲེང་དུ་དཔལ་ལྡན་དགོན་པའི་རྗེས་སུ། པོ་ཏོ་བས་གདན་ས་ལོ་གསུམ་མམ་གཅིག་མཛད་ཀྱང་ཟེར་ཏེ། ཞང་ཆོས་རྒྱལ་ལ་སོགས་པ་ཁམས་པ་མ་རུངས་པ་འགའ་ཞིག་གིས་བཞུགས་དབང་མ་བྱུང་བ་དང་། པོ་ཏོ་བ་རང་གི་མནལ་ལམ་དུ་ཡང་། ཞིང་ས་མ་དུལ་བ་སོགས་བྱུང་བས། དེར་མ་བཞུགས་པར་སྐུ་མཆེད་གསུམ་པོ་དཀའ་ཐུབ་ཀྱི་སྒོ་ནས་རི་སུལ་རྣམས་སུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་ངེས་མེད་དུ་ཐུགས་དམ་དང་གཞན་ཕན་གང་འཕེལ་མཛད་པས། རྭ་སྒྲེང་དུ་གདན་ས་ལ་བར་སྟོང་ལོ་སུམ་ཅུ་ཙམ་དང་། ཆོས་ཚུལ་ལ་ཡང་དར་རྒུད་ཆེར་བྱུང་། དེ་ནས་སྐུ་མཆེད་གསུམ་གཤེགས་ནས་ལོ་གཅིག་གཉིས་ན། མཐའ་བཞི་སྒོམ་པ་བྱ་བ། སྟོན་པ་ལ་ཡང་ཐུག་ཅིང་། སྐུ་མཆེད་གསུམ་གྱི་སློབ་མ་ཡིན་པ། ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས་ཤིང་། གཞན་དོན་འཕྲིན་ལས་ལ་དབང་འབྱོར་པ་དེས་བླ་མའི་གདན་ས་ཉམས་པའི་གཏམ་གསན་པས། རྭ་སྒྲེང་དུ་བྱོན་གནས་ཚུལ་རྣམས་གཟིགས་ཏེ། ཤར་བ་པ་ཞོའི་ཁང་པ་གནས་ན་བཞུགས་པ་དང་། བྱ་ཡུལ་པ་ཆེན་པོ། གླང་རི་ཐང་པ། ཀ་མ་པ། ལོར་སྡིངས་པོ་བ་རྣམས་ཀྱི་དྲུང་དུ་བྱོན་ནས། ཁྱེད་རྣམས་བླ་མའི་གདན་ས་ལ་ཕྱིར་མིག་བལྟ་ན་དུས་ལ་བབས་ནས་འདུག་གསུངས་ཏེ་བསྐུལ་བས། དེ་རྣམས་ཀྱིས་གྲོགས་མཛད་འབུལ་བ་ཆེན་པོ་བྱུང་སྟེ།
རྭ་སྒྲེང་དུ་གྲྭ་ཚང་ཡང་མང་དུ་བཙུགས། བུད་མེད་དང་། ར་ལུག་རྣམས་ཕུད། ཆོས་ཁྲིམས་ཤིན་ཏུ་དམ་པ་དང་། དགེ་འདུན་མང་པོ་ཡང་བཞུགས་པར་མཛད་དེ་ཆོས་སྲོལ་ཆེར་བཙུགས། ཚོགས་དཔོན་བཤེས་གཉེན་མཐའ་བཞིས་ལོ་ཤས་སུ་མཛད་དོ། །ཁྱད་པར་ཤར་བ་པས། ཀ་གཉིས་མའི་ནུབ་ཏུ་དབུ་རྩེ་ཀ་དགུ་མ་གཅིག་དང་པོར་བཞེངས་པ། ཕྱིས་དཔོན་གྱད་པ་དང་། ཟིར་གུ་ཆོས་གྲགས་གཉིས་ཀྱིས་མགོ་བྱས་བཟང་འདུས་བཅུ་དྲུག་བྱ་བས་བདག་རྐྱེན་བྱས་ནས། ཀ་ཆེན་བཅུ་དྲུག་ཡོད་པ་སྒོ་ལྷོར་བསྟན། ཉིས་ཐོག །གསེར་འཕྲུ། གསེར་བྱ་གཉིས་དང་བཅས་པ་བཞེངས། དེའི་ཁྱམས་སྨད་སྒང་ཕྱུག་པོ་བྱ་བས་བྱས་སོ། །པོ་ཏོ་བ་བཞུད་ནས། ལོ་མང་པའི་བར་དུ་མཐའ་བཞི་ལ་སོགས་པ་བགྲེས་པ་རེས་གྲལ་དབུ་ཙམ་མ་གཏོགས། གདན་སར་མིང་བཏགས་པ་དང་། འཆད་ཉན་སོགས་ཆེར་མེད་ལ། སྐབས་ཤིག་ཏུ་རྔོག་བློ་ལྡན་ཤེས་རབ་ལ་ཕུལ་བས། གསང་ཕུ་དང་སྦྲེལ་ཏེ་ལོ་ཁ་ཡར་དུ་ཆོས་བར་ཟླ་བ་གཅིག་གཉིས་ཙམ་བཞུགས་པ་ཡང་མཛད་དོ། །དེ་ནས་ཀ་གཉིས་མ་བཞེངས་ནས་ལོ་དགུ་བཅུ་རྩ་གསུམ་ལོན་པ་ས་ཕོ་འབྲུག་གི་ལོ་ལ་ཀ་བ་ཉི་ཤུ་རྩ་བཞི་མ་བཞེངས་པའི་སྦྱིན་བདག །ཕྲང་ཁ་བེར་ཆུང་གི་བརྒྱུད་པ་སེའོ་གཞོན་ཚུལ་ཞེས་པས། སྤྱིར་རྭ་སྒྲེང་གི་སྐོར་དུ་ཞབས་ཏོག་ཆེར་མཛད། ཁྱད་པར་དབུ་རྩེ་ཀ་བ་ཉི་ཤུ་རྩ་བཞི། ཀ་གཉིས་མའི་ཤར་ཕྱོགས་སུ་བཞེངས་པར་འདོད་པ་ལ། རིན་ཆེན་སྒང་དུ་སངས་རྒྱས་དབོན་སྟོན་ལ་ས་དཔྱད་ཞུས་པས། ཤར་ནུབ་ནས་རྡོ་གཉིས་ཁྱེར་ཤོག་གསུངས་ཏེ། དེ་ལ་གཟིགས་པས། ཤར་ཕྱོགས་སུ་ཀླུའི་
༄༅། །རྒྱལ་པོའི་ཕོ་བྲང་ལ་གནོད་པར་འདུག་པས། ནུབ་ཕྱོགས་སུ་གྱིས་གསུངས་པས། བཤེས་གཉེན་ཞང་འོད་འཇོ་བས་རྭ་སྒྲེང་དུ་ལོ་བཅུ་གཉིས་བཞུགས་པའི་བཅུ་པའི་ཐོག་ཏུ་ས་ཆོག་མཛད། རྨང་བཏིང་། དེ་ནས་ལོ་གཉིས་ལྕགས་ཕོ་རྟའི་ལོ་བདུན་ཅུ་རྩ་གསུམ་པ་བྱ་ཟླའི་ཚེས་བཅོ་ལྔ་ལ་གཤེགས། འཕན་ཡུལ་ཇོག་པོ་འཆད་ཁར་བྱོན་པའི་བཤེས་གཉེན་ནམ་མཁའ་འབུམ་གྱི་བླ་མ་དེ་ཡིན་ནོ། །དེ་ནས་གཞོན་ཚུལ་གྱིས་ཀ་བ་ཉི་ཤུ་རྩ་བཞི། ཉི་ཐོག །སྒོ་ལྷོར་བསྟན། སྤེན་བད་གསེར་འཕྲུས་མཛེས་པ་བྱས། དེའི་ཁྱམས་སྨད་བཙོང་ཁ་ཤག་འབྱུང་གིས་བཞེངས། དེ་རྣམས་ཀྱི་རབ་ཏུ་གནས་པ་སངས་རྒྱས་དབོན་སྟོན་གྱིས་མཛད་དོ། །ཞང་འོད་འཇོ་བ་གཤེགས་ཁར་དགོན་པ་དང་གདན་ས། དགོན་འོད་འཇོ་བ་ལ་གཏད་ཀྱང་། རྭ་སྒྲེང་པ་གཞན་རྣམས་ཀྱིས་མ་ཕུལ་བ། སྒང་ཐང་དཀར་བས། ཐང་དཀར་དང་། རྭ་སྒྲེང་སྦྲེལ་ནས་ལོ་ཉི་ཤུ་རྩ་དགུ་གདན་ས་མཛད། ཆུ་མོ་བྱ་ལོར་གཤེགས། དེར་རྗེས་སྔར་གྱི་འབྲེལ་པས་ཞང་འོད་འཇོ་བའི་སློབ་མ་དགོན་འོད་འཇོ་བ་ཡང་ཟེར། ཞོགས་པ་ཆེན་པོར་གྲགས་པ་དེས་གདན་ས་ལོ་བཅུ་དྲུག་མཛད། དེ་ནས་སྒང་ཐང་དཀར་བའི་རྗེས་དང་གཉིས་སུ་གྱེས་པས། དགོན་གོང་འོག་གཉིས་སུ་གྲགས་པ་བྱུང་།