(སྲོང་བཙན་སྒམ་པོ།)
རྒྱལ་པོ་དེ་ཉིད་ཀྱིས། བཙུན་མོ་ཚེ་སྤོང་ཟ་འབྲིང་མ་ཏོག་ཐིས་ཀོང་དཀར་ཁབ་ཏུ་བཞེས་པའི་སྲས། རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན་ཏེ། འདི་བཅོམ་ལྡན་འདས་སྐུ་བལྟམས་ནས་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ། ཉི་ཤུ་རྩ་
༄༅། །དགུ་ཙམ་སོང་བའི་དུས་སུ། མེ་མོ་གླང་གི་ལོ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས་སོ། །དེ་སྐད་དུ་ཡང་ལུགས་ཆེན་པོ་ལས། དགའ་བྱེད་འོག་ཏུ་བརྒྱད་བརྒྱ་སྟེ། །ཟླ་བསྲུང་ཉིས་བརྒྱ་སུམ་བཅུ་གཅིག །བརྗེད་མངས་བདུན་བརྒྱ་ཉི་ཤུ་བཞི། །བལ་གནས་བརྒྱད་བརྒྱ་བཅུ་རྩ་བཞི། །གོ་ཆ་ཉིས་བརྒྱ་བཞི་བཅུ་གཉིས། །ཅེས་གསུངས་པ་ལྟར་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆ་དང་དུས་མཚུངས་པ་ཡིན་ལ། སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། །སྤྱན་རས་གཟིགས་ཏེ་བཅུ་གསུམ་ལོན་ནས་ཡབ། །གཤེགས་ནས་ཆབ་སྲིད་ལོ་གྲངས་དྲུག་བཅུ་དགུ། །བཟུང་ཞིང་བྱི་ལོ་བརྒྱད་བཅུ་གྱ་གཉིས་ནས། །འཕྲུལ་སྣང་བཅུ་གཅིག་ཞལ་ལ་ཐིམ་ཞེས་དང་། །ཕན་ཡུལ་ཟལ་མོ་སྒང་དུ་གཤེགས་ཀྱང་ཟེར། །ངེས་པར་ཐུགས་རྗེ་ཆེན་པོ་ལགས་པས་ན། །སྙིང་རྗེ་ཆེ་ལ་གུས་པར་ཕྱག་འཚལ་ལོ། །ཅེས་པ་ལྟར། མེ་མོ་གླང་ལ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ། མཚན་ཐམས་ཅད་དང་ལྡན་ཞིང་། དབུ་ལ་ཨ་མི་དེ་ཝ་ཡོད་པ་གཅིག་བྱུང་། དེའི་ཚེ་ཕོ་བྲང་དུ་
བཀྲ་ཤིས་ཀྱི་རྟགས་མང་དུ་འཕེལ་བས་རྒྱལ་པོ་འཁོར་བཅས་ཤིན་ཏུ་དགྱེས་ནས། རྒྱལ་བུའི་མཚན་ཡང་ཁྲི་ལྡེ་སྲོང་བཙན་དུ་བཏགས་ཤིང་། དབུའི་འོད་དཔག་མེད་དར་ལེ་བརྒན་གྱིས་དཀྲིས། ལོ་བཞིའི་བར་དུ་ཕྱིར་མ་ཕྱུང་པར་ཕོ་བྲང་ནང་དུ་བསྐྱངས། དེའི་ཚེ་མི་རྣམས་ཀྱིས། གནམ་རི་སྲོང་བཙན་ལ་བུ་མགོ་གཉིས་པ་གཅིག་སྐྱེས་ཞེས་གྲགས་སོ། །བཀའ་ཆེམས་སུ། པོ་ཊ་ལའི་རི་ལ་སྤྱན་རས་གཟིགས་བཞུགས་པ་བོད་ཁ་བ་ཅན་གྱི་འགྲོ་བ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ཏེ། སྐུ་ལ་འོད་ཟེར་སྤྲོས་པ། ཕོ་བྲང་མི་འགྱུར་བྱམས་པ་གླིང་ན། གནམ་རི་སྲོང་བཙན་དང་། ཚེ་སྤོང་ཟ་ལྷན་ཅིག་འདུག་པ་ལ་ཕོག་གོ། །གང་ཟག་སོ་སོའི་བློའི་རིམ་པས་མཐོང་སྣང་གསུམ་བྱུང་སྟེ། བར་སྣང་གི་ལྷ་དང་གནོད་སྦྱིན་གྱིས་འོད་དཀར་པོར་མཐོང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱན་རས་གཟིགས་དངོས་ཁ་བ་ཅན་དུ་གཤེགས་པ་མཐོང་། རྒྱལ་པོས་ཁྱེའུ་མཛེས་པ་རྒྱན་དང་ལྡན་པ་ཞིག་ཡུམ་གྱི་ལྷུམས་སུ་ཞུགས་པ་མཐོང་ངོ་། །ཡབ་གཤེགས་དུས། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དགོངས་ལ། ཡབ་ནི་ནོངས། བདག་རྒྱལ་སྲིད་ལ་བཀོས་ན་ཅི་མ་རུང་སྙམ་པའི་ཚེ། གཡོན་
༄༅། །ནས་འཕགས་པ་ཀུན་ཏུ་བཟང་པོས་སྐུ་ཁྲུས་གསོལ། གཡས་ནས་འཕགས་པ་འཇམ་དཔལ་གྱིས་རིན་པོ་ཆེའི་ཅོད་པན་བཀོན། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དབུ་ལ་ཕྱག་རེག་ཅིང་། རྒྱལ་པོ་ཆེན་པོར་དབང་བསྐུར། བར་སྣང་གི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ཏེ། ཆོས་ཀྱི་རྒྱལ་སྲིད་ཆེན་མོ་ལ་དབང་མཛད་དོ། །དེ་ལྟར་རྒུང་ལོ་བཅུ་གསུམ་པ་ལ་རྒྱལ་སྲིད་བཟུང་ནས། མཐའ་བཞིའི་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུས་ནས་ཁོས་ཆེན་པོ་དྲུག་མཛད། རྒྱལ་ཕྲན་རྣམས་ཀྱིས་དཔྱ་དང་ལོ་ཐང་འབུལ་ཞིང་། སྤྲིང་ཡིག་ཐམས་ཅད་གཙུག་རྒྱན་དུ་འཛིན་ཏོ། །སྤྱིར་རྒྱལ་པོ་འདིའི་མཛད་པ་དང་ཕྲིན་ལས་ཐམས་ཅད་བསམ་གྱིས་མི་ཁྱབ་ཀྱང་ཐོག་མར། མེས་ཐོ་ཐོ་རི་སྙན་བཙན་གྱི། མཆོད་གནས་གཉན་པོ་གསང་བ་ཡང་། རྒྱ་གར་གྱི་ཡི་གེར་འདུག་པ་གཟིགས་ནས་བོད་སྐད་དུ་འགྱུར་ན་འགྲོ་བ་མང་པོ་ལ་ཕན་ཐོགས་པར་དགོངས་ཞིང་། ཕན་ཚུན་ཕྲིན་ཡིག་བསྐུར་བ་ལ་ཡང་ཡི་གེ་དགོས་པར་མཁྱེན་ནས། ཐོན་ལུག་ར་ཁའི་མི། ཨ་ནུ་ཞེས་བྱ་བའི་བུ་ལ། གསེར་མང་དུ་བསྐུར་ཅིང་། གཡོག་བཅུ་དྲུག་དང་བཅས་ཏེ། ཁ་ཆེར་ཡི་གེ་
སློབ་ཏུ་བརྫངས་སོ། །དེ་དག་གིས་བྲམ་ཟེ་ལི་བྱིན་ལས་ཀསྨིར་གྱི་ཡི་གེ་བསླབས། པཎྜི་ཏ་ལྷའི་རིག་པ་སེང་གེ་ལས་སྒྲ་བསླབས་པ་ན། ཐོན་མི་གཤིས་ཤིན་ཏུ་བཟང་བས་རྒྱ་གར་ཁ་ཆེ་བ་རྣམས་ཀྱིས་སམྦྷོ་ཊ་ཞེས་ཟེར་བ་བཏགས་ཏེ། བོད་ཡང་དག་པ་ཞེས་བྱའོ། །རྒྱ་གར་གྱི་ཡི་གེའི་རིགས་དུ་མ་ལ་ཤིན་ཏུ་མཁས་པ། བྲམ་ཟེ་ལི་བྱིན་སྤྱན་དྲངས་ནས་བོད་དུ་སླེབ། རྒྱལ་པོ་དབུ་རུའི་བཙུན་མོ་ཚལ་ན་བཞུགས་པ་དང་མཇལ། ཕྱག་དང་ཞེ་ས་ཕུལ་ལེགས་སྦྱར་གྱི་སྐད་དུ། དགེ་ལེགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་དུ་བརྗོད་པས། རྒྱལ་པོ་ཤིན་ཏུ་མཉེས་ཏེ། ཁྱེད་ཀྱིས་རྒྱ་གར་གྱི་སྐད་ལས། བོད་ཀྱི་སྐད་དུ་དམ་པའི་ཆོས་རྣམས་བསྒྱུར། སེམས་ཅན་མང་པོ་ལ་ཕན་གདགས་པར་བྱ་བས། ཡི་གེ་རྩོམ། ཆོས་བསྒྱུར་བར་རིགས་སོ་ཞེས་བཀའ་སྩལ། དེ་ནས་ཐོན་མི་དང་། གླང་ཁམས་པ་གོ་ཆ་གཉིས་ཀྱིས་བོད་དང་བསྟུན་ནས། རྒྱ་ཡིག་ལས་གསལ་བྱེད་ཉི་ཤུ་རྩ་བཞིར་བསྒྱུར། དྲུག་རང་གིས་བཅོས་ནས་སུམ་ཅུར་བྱས། དབྱངས་ཡིག་བཅུ་དྲུག་ལས། ཨི་ཨུ་ཨེ་ཨོ་བཞིར་བསྡུས་ཏེ། གཟུགས་ཁ་ཆེའི་ཡི་གེ་དང་མཐུན་པར་བསྒྱུར། ལྷ་སའི་
༄༅། །སྐུ་མཁར་མ་རུར་ཡི་གེའ་འབུལ་བཞག་དང་། ཕྲད་རྣམས་བརྩམས་སོ། །དེ་ནས་རྒྱལ་པོས་ངའི་ཡི་དམ་བྱམས་པ་མགོན་པོ་དང་། འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་གཅིག་གྱིས་ཤིག་ཅེས་བཀའ་སྩལ་པས། ཐོན་མིས། ཞལ་རས་གསལ་ལ་ངམ་མདངས་གངས་པས་བཟང་། །གདམས་ངག་ཐར་ལམ་མ་ལས་འཆད་པ་དང་། །ལས་ངན་བག་ཆགས་ཐམས་ཅད་གསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །ཅེས་པ་འདི་སྐུ་དང་བཅས་པ། བཙུན་མོ་ཚལ་གྱི་གོང་ཙམ་ན་ད་དུང་ཡང་འདུག་གོ། །ཡང་། བདེ་གཤེགས་བདེ་བརྙེས་ཡེ་ཤེས་དེས། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུས་གསུམ་བདུད་དཔུང་ཀུན་དུ་བཏུལ། །ཅེས་པ་བྲིས་ནས་ཡིག་ཕུད་དུ་ཕུལ་བ་འདི། ཕྱོགས་རེ་རེར་ཡང་འདི་འདྲའི་ཚིགས་བཅད་རེ་ཡོད་ཟེར་རོ། །བྱང་ཆེན་གྱི་ཁོག་ནར་ཡང་གཙུག་ལག་ཁང་གཅིག་བརྩིགས་ཏེ། སྤྱན་རས་གཟིགས་ཀྱི་སྐུ་དང་བསྟོད་པའི་ཡི་གེར་བཅས་པ་བཞུགས་སོ། །བོད་དུ་ཡི་གེ་དང་ལྷ་ཁང་ལ་སྔ་བ་ནི་དེ་རྣམས་ཡིན་ནོ། །
ཐོན་མིས་སྒྲ་དང་ཡི་གེའི་བསྟན་བཅོས་སུམ་བཅུ་པ་དང་བརྟགས་འཇུག་ལ་སོགས་པ་བརྒྱད་མཛད་དེ་རྒྱལ་པོས་ཀྱང་ལོ་བཞིར་སྐུ་འཚམས་བཅད་ནས་སྒྲ་དང་ཡི་གེ་ལ་སོགས་པའི་གཙུག་ལག་མང་དུ་བསླབས་སོ། །སྐད་ལ་སྐད་དོད་བརྩམས་ཏེ། དམ་པའི་ཆོས་བསྒྱུར་བཏུབ་མི་བཏུབ་བརྟག་པའི་ཆེད་དུ་སྒྲུང་ལ་སོགས་པ་བསྒྱུར་བས་ཐུབ་པར་གོ་ནས། ཟ་མ་ཏོག །པད་མ་དཀར་པོ། འདུས་པ་རིན་པོ་ཆེ་ཏོག་གི་བཟུངས། མདོ་སྡེ་དཀོན་མཆོག་སྤྲིན། རྒྱལ་པོ་མདོ་ལྔ། སྨན་ཆད་ཀྱི་ཆ་ཅི་རིགས་པ་ལ་སོགས་པ་མང་དུ་བསྒྱུར་རོ། །དེའི་དུས་བོད་འབངས་ཀྱིས་རྒྱལ་པོ་ལ་བཤེ་བ་གསོལ་ནས་བློན་པོ་དང་འབངས་རྣམས་ལ་བཀའ་སྩལ་པ། ངས་དམ་པའི་ཆོས་མ་ཡིན་པས་སྲིད་བཟུང་ན། ཕྱིས་ངའི་དབོན་རབས་རིམ་པར་བྱུང་བ་རྣམས་ཀྱིས་ཡབ་མེས་ཀྱི་སྲོལ་བྱས་ཏེ་ཁ་བ་ཅན་གྱི་སེམས་ཅན་རྣམས་མ་རུང་བར་འགྱུར་ཞིང་། ཚེ་འདིའི་བདེ་བ་ལས་ཉམས་ཏེ། ཕྱི་མ་ཡང་ངན་འགྲོར་འགྲོ་བའི་ལས་སུ་འགྱུར་བས། དེ་བས་ན། ཁོ་བོས་འགྲོ་བ་མང་པོ་ལ་ཕན་པའི་ཕྱིར། མཆོད་གནས་དཀོན་མཆོག་གསུམ་བསྟེན་པ་དང་། དམ་པའི་ཆོས་དང་ལྡན་པས་འཇིག་རྟེན་འཚོ་བར་བྱེད་
༄༅། །པ། དགེ་བཅུའི་ལས་སྒྲུབ་ཅིང་། ལུས་ཀྱི་དཔའ་རྩལ་དང་། གཙུག་ལག་ལ་གོམས་པར་བྱས་ནས་ཕ་དང་མ་ལ། ཕ་དང་མར་ཤེས་ཞིང་རིམ་འགྲོར་བྱེད་ལ། མཁན་པོ་དང་སློབ་དཔོན་ལ་གུས་ཤིང་སྲིད་ཞུ་ཆེ་བ་དང་། རིགས་ཀྱི་རྒན་རབས་ལ་བཀུར་སྟིར་བྱེད། དགེ་སྦྱོང་ངམ། བྲམ་ཟེ་ཐོས་པ་དང་ལྡན་པ་རྣམས་བསྟོད་ཅིང་བསྙེན་བཀུར་གྱིས་མཆོད་དེ། འབངས་ཕལ་ཆེར་ཡང་ཆང་མི་འཐུང་བ་སོགས། མི་ཆོས་གཙང་མ་བཅུ་དྲུག་གི་བཀའ་ཁྲིམས་སུ་བཙུགས་ནས་བོད་འབངས་ཆོས་ལ་བཀོད་པས་ན་ཀུན་གྱིས་རྒྱལ་པོ་འདི་ནི་སྒམ་པོ་ཞིག་གོ་ཞེས་ཏེ་མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། །དེ་ནས་ཕོ་ཉ་དང་གསེར་མང་པོ་བསྐུར་ཏེ། རྒྱ་གར་དུ་རྫངས་ནས་སྤྲུལ་པའི་དགེ་སློང་ཤཱི་ལ་ཨ་ཀ་ར་མ་ཏི་སྦྲན་ཏེ། རྒྱ་གར་ལྷོ་ཕྱོགས་ནས་བཙན་དན་གྱི་སྡོང་པོ་ཆེན་པོ་ལ་རང་བྱུང་དུ་འབྱོན་པའི་ཙནྡན་སྦྲུལ་གྱི་རྙིང་པོའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་བརྒྱད་པ་ཁྲུ་གང་པ་དང་། ཡང་ཙནྡན་སྦྲུལ་གྱི་སྙིང་པོ་ཚལ་པ་གཅིག །པོ་ཏ་ལ་ནས་ཙནྡན་གོར་ཤི་ཤ་ཚལ་པ་གཅིག །རྒྱ་མཚོ་གློའི་འཇག་མ་ཕོན་གཅིག །གྲོང་ཁྱེར་ཀེ་རུའི་མཆོད་རྟེན་འབུམ་
པ་ཅན་ནས། སངས་རྒྱས་གསུམ་གྱི་རིང་བསྲེལ་ཁྱོར་བ་རེ། བྱང་ཆུབ་ཀྱི་ཤིང་དང་། གནས་ཆེན་པོ་བརྒྱད་ཀྱི་བྱེ་མ་རྣམས་བྲེ་གང་། ནེ་ར་ཛ་རའི་འགྲམ་ནས་བཅོམ་ལྡན་འདས་ཀྱི་ལྷུང་གཟེད་ཀྱི་ཆུ་ཕོ་བའི་བྱེ་མ་བྲེ་གང་། རིན་པོ་ཆེ་ཁྱད་ཅན་བྲེ་གང་བཅས་ཁྱེར་འོངས་པས། བཅུ་གཅིག་ཞལ་བཞེངས་པའི་རྒྱུ་དང་ནང་བཞུགས་ཡིན་ནོ། ། ། །དེ་ནས་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་བལ་མོ་ཟ་ཁྲི་བཙུན་ཞེས་བྱ་བ། ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པར་གྲགས་པ་ཁབ་ཏུ་བཞེས་ཏེ། དེའི་རྫོངས་ལ་མི་སྐྱོད་རྡོ་རྗེ་དང་། བྱམས་པ་ཆོས་ཀྱི་འཁོར་ལོ་དང་། ཙནྡན་གྱི་ཇོ་མོ་སྒྲོལ་མ་སྤྱན་དྲངས་སོ། ། ། །ཡང་དེའི་ཚེ་ཤར་ཕྱོགས་རྒྱ་ཡུལ་ན། རྒྱལ་པོ་སེང་གེ་བཙན་ཏེ་དེ་ནི་མཁས་ཤིང་བརྟུལ་ཕོད་པས། བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་བཅོམ་ཏེ། ས་ཐམས་ཅད་དབང་དུ་བསྡུས་པས་རྒྱལ་པོར་བྱེད་དོ། །བོད་ཀྱི་རྒྱལ་པོ་དང་གྲོགས་པོར་བྱས་ནས་ཕན་ཚུན་སྐྱེས་བསྐུར་བ་དང་། ཕོ་ཉ་བཏོང་ཞིང་ཤིན་ཏུ་མཛའ་ཏེ། ཐང(སེང་གེ་བཙན།)ཐའི་ཛུའི་སྲས་མོ་འུན་ཤིང་ཀོང་ཇོ་ཞེས་བྱ་བ། མངའ་བྱད་ཕུན་སུམ་ཚོགས་པ། འཕགས་མ་སྒྲོལ་མའི་སྤྲུལ་པར་གྲགས་པ་གཅིག་ཡོད་དེ། དེ་ཕྱོགས་
༄༅། །སོ་སོ་ནས་སློང་བ་ལ། མཐའི་ཧོར་ཆེན་པོའི་མི། ཐུ་ལུ་ཧུན་གྱི་མི། ཡང་དང་ཡང་བྱུང་བ་ལ་མ་བྱིན་པར་རྒྱལ་རིགས་ཀྱི་བུ་མོ་གཞན་རེ་བྱིན་ནས་བཟློག་གོ། །བོད་ཀྱི་རྒྱལ་པོས་ཀྱང་སློང་དུ་བྱུང་པ་ལ་མ་བྱིན་པ་ན། རྒྱལ་པོ་ཁྲོས་ནས་རྒུང་ལོ་ཉི་ཤུ་རྩ་ལྔ་པ་ལ་དམག་འབུམ་ཕྲག་གཅིག་རྒྱ་ལ་དྲངས། ཐུ་ལུ་ཧུན་གྱི་རྒྱལ་ཁམས་བཅོམ་ཞིང་རྒྱའི་ས་ཟུང་ཅེའུར་སླེབ། ཕོ་ཉ་ལ་གསེར་ཁྲབ་གཅིག་བསྐུར་ཏེ། བུ་མོ་བྱིན། གལ་ཏེ་མི་སྟེར་ན། དཔུང་གིས་རྒྱ་ཡུལ་བརླག་པར་བྱེད་དོ། །ཞེས་སྲིངས་པའི་ཚེ་རྒྱ་ཡིས་བུ་མོ་མ་བྱིན་པར། ལྐོག་ཏུ་དམག་བྱས་ཤིང་གཡུལ་བཀྱེ་བས་བོད་སྟོང་ཙམ་བསད་འཐབ་རྩོད་མང་དུ་བྱུང་། དེའི་ཚེ་ཡུན་རིང་ཞིག་ནས་བཟང་བྱས། དམག་ཀུན་འཁོར། བློན་པོ་འགར་ལ་གསེར་སྲང་སྟོང་ཕྲག་ལྔ་དང་། རིན་པོ་ཆེའི་རིགས་མང་པོ་བསྐུར་ཏེ། བུ་མོ་ལེན་དུ་བཏང་བ་ན། སེང་གེ་བཙན་གྱི་སྲས་མོ་འུན་ཤིང་ཀོང་འཇོ་ལྕགས་མོ་གླང་ལོ་ལ་བཏང་བའི་བསྐྱེལ་མ་རྒྱལ་རྒྱུད་གྱ་ཧ་
ཝཾ་བྱ་བ། དམག་དང་བཅས་པ་བཏང་། བོད་ཀྱིས་ཀྱང་བསུ་བའི་དམག་བཏང་ནས་རྒྱ་བོད་ཀྱི་སོ་མཚམས། སའི་ཧབ་བྱ་བ་ནས་བསུས་སོ། །ཀོང་འཇོའི་རྫོངས་སུ། སངས་རྒྱས་རྒུང་ལོ་བཅུ་གཉིས་པའི་ཚད་ཇོ་བོ་རིན་པོ་ཆེ་གདན་དྲངས་ཏེ། དེའི་རྣམ་པར་ཐར་པ་ནི། སྔོན་བཅོམ་ལྡན་འདས་རྒྱལ་བྱེད་ཚལ་ན་བཞུགས་པའི་དུས་སུ། སེམས་ཅན་རྣམས་ཚོགས་གསོག་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྟེན་བཞག་ཏུ་གསོལ་ཞེས་འཇམ་དཔལ་གྱིས་གསོལ་ཏེ། ཞལ་འཛུམ་པའི་སྒོ་ནས་འོད་ཟེར་བཞི་བྱུང་པ། ཚངས་པ། བརྒྱ་བྱིན། ཁྱབ་འཇུག །བི་ཤོ་ཀརྨ་རྣམས་ལ་ཕོག །སྐུ་གསུམ་གྱི་རྟེན་བཞེངས་པའི་སྦྱིན་བདག་དང་ལྷ་བཟོ་བར་ཁས་བླངས། རྒྱུ་རིན་པོ་ཆེ་སྣ་ཚོགས་པ་བཟོ་བོའི་གདོང་
༄༅། །དུ་བཞག་པ་ལས། སྟོན་པའི་བྱིན་བརླབས་བི་ཤོ་ཀརྨའི་རྫུ་འཕྲུལ་གྱིས། དང་པོ་ཆོས་སྐུའི་རྟེན་དབྱིབས་བྱང་ཆུབ་མཆོད་རྟེན་གདུགས་ཆར་ཁྱེབས། ཏོག་དང་བཅས་པ་ལ། འཕངས་ཀྱི་ཚད་ཚངས་པའི་འདོམ་གང་ཡོད་པ་དྭངས་ཤིང་གསལ་ལ་འཇའ་ཚོན་གྱི་རྣམ་པ་ཅན་བཞེངས་ནས། སངས་རྒྱས་ཀྱིས་རབ་ཏུ་གནས་པ་མཛད་དེ། ལན་ཅིག་ལྷ་ཡུལ་དུ་སྤྱན་དྲངས། སླར་ཡང་ཡེ་ཤེས་ཀྱི་དཔའ་བོ་དང་མཁའ་འགྲོས་ནུབ་ཕྱོགས་དབུ་རྒྱན་རྡོ་རྗེའི་གླིང་དུ་སྤྱན་དྲངས་ཏེ། ས་ལ་མ་བབས་པར། བར་སྣང་ལ་བཞུགས་སུ་གསོལ། དེའི་མཚན་དཔལ་རེག་པ་མེད་པའི་མཆོད་རྟེན་ཞེས་སམ་དུ་བ་ལྟ་བུའི་མཆོད་རྟེན་ནམ། ལྷ་ཡུལ་ལས་བྱོན་པས་ལྷ་བབས་ཀྱི་མཆོད་རྟེན་ཞེས་ཀྱང་བརྗོད། །གཉིས་པ་ལོངས་སྤྱོད་པའི་སྐུ་ནི། ཁྱབ་འཇུག་གིས་སྦྱིན་བདག་བྱས་པ། ལྷ་དང་མིའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུ། ཕྱག་གཉིས་མཉམ་གཞག་ཅན། རིན་པོ་ཆེའི་དབུ་རྒྱན་དང་བཅས་ཤིང་། དབུའི་གཙུག་གཏོར་དུ་ཟླ་བ་ཆུ་ཤེལ་འདོམ་གང་ཙམ་པ། མཆུ་ཞེང་གབ་པ་ལ་དཔག་ཚད་བརྒྱད། སྐུའི་ངོ་བོ་
གངས་ཆེན་མཚོ་རྒྱལ་ཏེ། སངས་རྒྱས་ཉིད་ཀྱིས་རབ་ཏུ་གནས་པར་མཛད་ཅིང་། ཕྱིའི་རྒྱ་མཚོ་ཆེན་པོར་བཞུགས་པའི་ལྟེ་བ་མན་ཆོད་ཆུར་བྱིང་ལ་ཆུ་ནང་གི་སེམས་ཅན་གྱི་དོན་མཛད། སྐུ་སྐྱེད་ཡན་ཆོད་ཆུ་ལས་ཐོན་ཏེ། སྐམ་གནས་ཀྱི་སེམས་ཅན་གྱི་དོན་མཛད་ལ། དེའི་ཕྲག་པ་གཡས་གཡོན་དུ་བྱ་མང་པོའི་བྱ་ཐལ་བབས་པ་ལ། བཅྭོ་ལྔའི་དུས་ཟླ་བ་དང་མཚོའི་འོད། ཆུ་ཤེལ་ལ་ཕོག་པས། མཚན་མེད་པའི་ཆུའི་རྒྱུན་གྱིས་སྐུ་ཁྲུས་གསོལ་ཞིང་དག་པར་བྱེད་དོ། །ཕྱིའི་རྒྱ་མཚོར་ནོར་བུ་ལེན་པའི་དེད་དཔོན་རྣམས་ཀྱིས། གྲི་མོ་ཁུགས་ཀྱི་མགུག་ལ་གྲུ་རྫིངས་དག་འགྲོ་ཞིང་མཆོད་པ་ཡང་འབུལ་ལོ། །གསུམ་པ་སྤྲུལ་པའི་སྐུའི་རྟེན་ནི། ལྷ་དང་མིའི་རིན་པོ་ཆེ་ལས་ཐུབ་པ་རྒུང་ལོ་བཅུ་གཉིས་པའི་ཚད། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྦྱིན་བདག་བྱས་ནས་བཞེངས་སྟེ། སྐུ་མདོག་གསེར་གཙོ་མ་ལྟ་བུ་ཕྱག་གཉིས་ས་གནོན་དང་མཉམ་གཞག་མཛད་པ། ཞལ་མཐོང་བ་ཙམ་གྱིས། དུག་གསུམ་གྱི་ནད་དང་། བསྡུག་བསྔལ་ཞི་ཞིང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྟེར་ནུས་པ། རྒྱལ་བ་ཉིད་ཀྱིས་རབ་ཏུ་གནས་པ་དང་། བྱིན་གྱིས་
༄༅། །བརླབས་པ་མཛད་པས། སྟོན་པ་དངོས་ཀྱི་སྐུ་དང་ཁྱད་མེད་པ་འདིས། ལྷ་ཡུལ་དུ་ལོ་བརྒྱ་ཕྲག་གཅིག་བཞུགས།ཡེ་ཤེས་ཀྱི་མཁའ་འགྲོ་མས་སྤྱན་དྲངས་ནས། དབུ་བརྒྱན་དུ་ལོ་བརྒྱ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ཏེ། རྡོ་རྗེ་གདན་དུ་ལོ་བརྒྱ་བཞུགས་སོ། །དེ་ནས་སངས་རྒྱས་ཆོས་ཀྱི་སྐུར་ཐིམ་ནས་ལོ་སྟོང་ལོན་པའི་ཚེ། སྐུ་འདིས་དོན་བྱེད་དོ་ཞེས་ལུང་བསྟན་པ་ལྟར། རྒྱ་ནག་རྒྱལ་པོ་ལ་སྔ་བ། ཅིའོ་ཧང་ཅེས་པའི་རྒྱལ་རྒྱུད་ཀྱིས་ལོ་བརྒྱ་ཐམ་པ་རྒྱལ་སྲིད་བྱས། དེ་རྗེས་ཧྲི་ཧོད་ཕ་བུ་གཉིས་ཀྱིས་ལོ་བདུན་ཅུར་རྒྱལ་ས་བསྐྱངས། དེ་ནས་ཧན་ཀོ་མི་རབས་བཅུ་གཉིས་ཀྱིས་རྒྱལ་ས་བཟུང་། དེའི་རྗེས་དུང་ཆུང་གི་ཅུང་པོ་སི་ཏ་ཆེན་གྱིས་རྒྱལ་ས་བཟུང་ཞིང་། རྒྱལ་པོ་དེའི་རིང་ལ། ཇོ་བོ་རྒྱ་ནག་ཏུ་ཕེབས་ནས། ལོ་སྟོང་དང་བརྒྱ་དྲུག་བཅུ་ལོན་པའི་དུས་སུ། རྒྱལ་པོ་ཐང་ཞེས་བྱ་བ་བྱུང་སྟེ། དེ་དང་གནམ་རི་སྲོང་བཙན་དུས་མཉམ། དེའི་སྲས་ཐང་ཐའི་ཛུང་སེང་གེ་བཙན་དང་། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་མཉམ་སྟེ། བོད་དུ་བསྟན་
པ་རྒྱས་པའི་རྟེན་འབྲེལ་གྱིས། རྒྱ་རྗེའི་སྲས་མོ་འོན་ཤིང་ཀོང་ཇོས་སྤྱན་དྲངས་ཤིང་ཕེབས་པ་ཡིན་ནོ། །གཞན་ཡང་དར་གྱི་འབུ་དང་འབྲས་ཆང་ཤེས་པ་སོགས། བཟོའི་རིགས་ཀྱང་མང་དུ་བྱུང་ལ། ཡིག་ཚང་ཁ་ཅིག་ཏུ། ཀོང་ཇོ་སློང་བ་ལ། ཁྲོམ་དང་། སྟག་གཟིག་ལ་སོགས་པ་འཛོམས་ནས། གཡུ་བཞག་ལ་དར་ལུང་འདོགས་པ་སོགས་བཤད་ན། ཅུང་ཟད་བདེན་རྫུན་བརྟག་ཅིང་། འདོད་ན་དེ(བཀའ་ཆེམས་འགའ་ཞིག་ཏུ)དག་ཏུ་བལྟའོ། །བལ་མོ་ལྷ་ཟ་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་པར་འདོད་པ་ལ། བཞེངས་སུ་མ་བཏུབ་ནས། རྒྱལ་པོའི་ཐུགས་དགོངས་ལ། ཤར་ནས་བཀའ་བསྩལ་པས་ཀོང་ཇོའི་གབ་ཙེ་ཏིང་ནས་ས་སྤྱད་ཙིས་པས། བོད་ཁ་བ་ཅན་གྱི་ས་གཞི་འདི་སྲིན་མོ་གན་རྒྱལ་དུ་བཞག་པ་དང་འདྲ་བ། འདི་རྣམས་བཅད་མནན་དགོས་པར་གཟིགས་ནས་དཔུང་པ་གཡས་ལ་སྐ་ཚལ་མི་འགྱུར་དག་པའི་ལྷ་ཁང་། གཡོན་ལ་ཁྲ་འབྲུག་བཀྲ་ཤིས་ལྷ་ཡུལ་གྱི་ལྷ་ཁང་། རྐང་པ་གཡས་ལ་གཙང་འགྲམ། བྱང་ཆུབ་དགེ་
༄༅། །གནས་ཀྱི་ལྷ་ཁང་། (རུ་ལན་དུ)གཡོན་ལ་གྲོམ་པ་རྒྱང་རྣམ་དག་སྒྲིབ་མེད་ཀྱི་ལྷ་ཁང་སྟེ། རུ་བཞིའི་གཙུག་ལག་ཁང་བཞི། གྲུ་མོ་གཡས་ལ་རྐོང་པོ་ཕུ་ཆུ། མཐར་ལེགས་གཡུང་དྲུང་བརྩེགས་ཀྱི་ལྷ་ཁང་། གཡོན་ལ་ལྷོ་བྲག་ཁོམ་འཐིང་། པུས་མོ་གཡས་ལ་ཀ་བྲག །གཡོན་ལ་པྲ་ཐུམ་ཚེ་སྟེ་མཐའ་འདུལ་བཞི། ལག་འཐིལ་གཡས་ལ་བྱང་ཚལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་ལྡན་ཀློང་ཐང་སྒྲོན་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་ཡུལ་བུམ་ཐང་སྟེ་ཡང་འདུལ་བཞི། ཡང་ལུགས་གཅིག་ལ་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱད་ལ། རྒྱ་ནག་གི་སྒོ་ག་ཇུ་ཐོགས་མེད་ཀྱི་ལྷ་ཁང་། མདོ་ཁམས་སུ་ཀློང་ཐང་དཔའ་འབྱུང་གི་ལྷ་ཁང་། འ་ཞའི་སར་ཀྱེ་རུ་གཟི་མདངས་ཀྱི་ལྷ་ཁང་། ལི་ཡུལ་དུ་པ་ཤེན་ཨིནྟྲིའི་ལྷ་ཁང་། མང་ཡུལ་སྐྱིད་རོང་དུ་བྱམས་སྤྲིན་ཡིད་འོང་དགེ་རྒྱས་ཀྱི་ལྷ་ཁང་། ཁ་ཆེའི་ཡུལ་དུ་རབ་སྣང་དབང་ཆེན་རྒྱས་པའི་ལྷ་ཁང་། ཀོང་ཡུལ་དུ་ཕུ་ཆུ་ཐར་ལེགས་གཡུང་དྲུང་བརྩེགས་ཀྱི་ལྷ་ཁང་། མོན་པའི་སྒྲོར་སྐྱེར་ཆུང་དབང་ཆེན་རྒྱས་པའི་ལྷ་ཁང་དང་
བརྒྱད་བཞེངས་ཞེས་འབྱུང་། གཞན་ཡང་སྤ་གྲོ་སྐྱོར་ཆུ་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེངས་ནས། གདོད་འོ་ཐང་མཚོ་ལ་རྡོ་མཁར་བརྩིགས་ཤིང་གིས་ཕུབ། ཀླུའི་འདག་པས་ཞལ་ཞལ་བྱས་སྟེ། ར་ལ་ས་བསྐྱས་ནས་བརྡལ་པ་དེའི་སྟེང་དུ། ལྷ་སའི་གཙུག་ལག་ཁང་ར་ས་འཁྲུལ་སྣང་བཞེངས། གློ་འབུར་བྱང་མར་ཙནྡན་དང་ག་བུར་སོགས་དྲི་བཟང་མང་པོ་སྤུངས་པ་ལས་རང་བྱོན་དུ་བྱོན་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་སུ་གསོལ་ལོ། །བློ་འབུར་དབུས་མ་ལ་བསྟན་པའི་གཙོ་བོ་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བ། གཡས་ཀྱི་བློ་འབུར་ལ་མར་མེ་མཛད་འཁོར་དང་བཅས་པ། གཡོན་གྱི་བློ་འབུར་ལ། བྱམས་པ་ཆོས་ཀྱི་འཁོར་ལོ་ཟངས་རྐྱང་ལ་བཞེངས་པ་འཁོར་དང་བཅས་པ། ཡང་བློ་འབུར་དབུས་མར་མི་བསྐྱོད་རྡོ་རྗེ་འཁོར་དང་བཅས་པ་རྣམས་བཞུགས་སོ། །དེ་ནས་ཀོང་ཇོས་ཀྱང་ར་མོ་ཆེའི་གཙུག་ལག་ཁང་བཞེངས་ཤིང་། ཇོ་བོ་རིན་པོ་ཆེ་བཞུགས་སུ་གསོལ་ལོ། །དེ་ནས་རྒྱལ་པོས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་ལྷ་ཁང་བརྒྱ་རྩ་བཞེངས། རྡོ་རིང་བཙུགས་ཏེ་མཛད་པ་བཀའ་
༄༅། །ཁྲིམས་ལྟར་བྱས་པའི་ཡི་གེ་ཡང་བྲིས་ནས་བཞག་གོ། །ཡང་ནུབ་ཕྱོགས་ཞང་ཞུང་གི་རྒྱལ་པོ་ལིད་མི་ཁྱའི་སྲས་མོ་ལི་ཐོག་སྨན་ཡང་ཁབ་ཏུ་བཞེས་ཤིང་། བོད་མོ་ཟ་ཁྲི་ལྕམ་ཡང་ཁབ་ཏུ་བཞེས་ཏེ། དམར་རི་དང་ལྕགས་ཕོ་རི་ལ་ཕོ་བྲང་བཏབ། རི་ཕན་ཚུན་གཉིས་ཀྱི་བར་ལྕགས་ཐག་གིས་སྦྲེལ་བའི་ལྡེམ་བཙུགས། བྲག་གི་བློ་ཕུག་ལ་སོགས་པའི་གཙུག་ལག་ཁང་དང་། མཁར་དགུ་བརྒྱ་ཙམ་བརྩིགས། ཆོས་དང་མཐུན་པའི་བཀའ་ཁྲིམས་ཡབ་མེས་རྣམ་པས་རྒྱ་ཆེ་བའི་སྲོལ་བསྟོད་ཅིང་། བོད་འབངས་རྣམས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་བཙུད་ཏེ། འདི་ཕྱི་གཉིས་ཀ་དོན་དང་ལྡན་པའི་བདེ་ལེགས་ཀྱིས་བསྐྱངས་སོ། །དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་མ་ར་དང་། བྲམ་ཟེ་ཤཾ་ཀ་ར་དང་། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང་། ཁ་ཆེའི་སློབ་དཔོན་ཏ་ནུ་ཏ་དང་། གྷ་ནུ་ཏ་དང་། བྲམ་ཟེ་ལི་བྱིན་དང་། རྒྱ་ནག་གི་སློབ་དཔོན་ཧ་ཤ་མ་ཧཱ་དེ་ཝ་གདན་དྲངས་ཏེ། ལོ་ཙྪ་བ་ཐོན་མི་སཾ་བྷོ་ཊ་དང་། དེའི་སློབ་མ་དྷརྨཱ་ཀོ་ཥ་དང་། ལྷ་ལུང་རྡོ་རྗེ་དཔལ་
རྣམས་ཀྱིས་ཆོས་ཅི་རིགས་པ་བསྒྱུར་ཅིང་གཏན་ལ་ཕབ། རྒྱལ་པོ་འདིའི་རིང་ལ། བོད་སྟོང་སྡེ་རུ་བཞིར་ཕྱེ། ཤར་ཙ་མི་དང་ཤིང་མི། ལྷོ་བློ་དང་བོད། ནུབ་ཞང་ཞུང་། བྱང་ཧོར་གྱི་རྒྱལ་ཁམས་སོགས་དབང་དུ་བསྡུས་ཤིང་མངའ་མཛད། ད་སྟེ་གདུང་རབས་ལྔ་པའི་ལྡེ་ཞེས་བྱ་བ་འབྱུང་། དེའི་རིང་ལ་དམ་པའི་ཆོས་དང་རབ་ཏུ་བྱུང་བ་མང་དུ་འབྱོན་པས་མཆོད་པའི་གནས་སུ་བཀུར་བར་བྱོས་ཤིག་ཅེས་ལུང་བསྟན་ཅིང་དམ་པའི་ཆོས་ཀྱི་སྲོལ་བསྟོད་དོ། །ཅོད་པན་དུ་འོད་དཔག་མེད་བཞུགས་ཤིང་། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ལ། དེ་ལྟ་བུ་ཡིན་པའི་རྒྱུ་མཚན་ཡང་ལི་ཡུལ་གྱི་བཙུན་པ་གཉིས་ཀྱི་དང་། གཞན་ལོ་རྒྱུས་དུ་མ་ཡང་ཡོད་དོ། །རྒུང་ལོ་བཅུ་གསུམ་ནས་རྒྱལ་སྲིད་བསྐྱངས་ཤིང་། བརྒྱད་ཅུ་རྩ་གཉིས་པ་ས་ཕོ་ཁྱི་ལོ་ལ་སྐུ་གཤེགས་པ་ན་ཐུགས་དམ་བཅུ་གཅིག་ཞལ་གྱི་སྐུ་མདུན་དུ་འགྲེང་བས་བཞུགས་ཤིང་། ཁྲི་བཙུན་དང་ཀོང་ཇོ་གཉིས་ཀྱི་ཞལ་ནས། འབངས་རྣམས་ལ་ལྷ་ཤཱཀྱ་མུ་ནི་ར་མོ་ཆེ་ནས་འཕྲུལ་སྣང་དུ་གདན་དྲོངས་གློ་འབུར་ལྷོ་མའི་
༄༅། །ཕུགས་སུ་བཞུགས་སུ་གསོལ་ནས་ཞལ་ཞལ་གྱིས་སྒོ་བཀག་ཏེ། འཇམ་དབྱངས་ཀྱི་སྐུ་བྲིས་ཤིག །འཕྲུལ་གྱི་མི་སྐྱོད་རྡོ་རྗེ་ར་མོ་ཆེར་གདན་དྲངས་ཤིང་བཞུགས་སུ་གསོལ་ཞེས་སོགས་ཀྱི་ཞལ་ཆེམས་དང་། ཁྱོད་བློན་འབངས་ཀྱི་ནང་ནས། ངེད་དང་མ་འཇལ་བའི་བསྡུག་བསྔལ་ཡོད་ན། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་མཆོད་ཅིང་གསོལ་བ་ཐོབ་ཅིག་གསུངས། ཡང་རྒྱལ་པོའི་ཞལ་ནས། ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ང་ནས་མི་རབས་ལྔ་ནས་ནི། །ཆོས་སྐྱོང་རྒྱལ་པོ་འབྱུང་བར་འགྱུར། །དམ་ཆོས་མ་ལུས་རྒྱས་པར་བྱེད། །མཐར་ནི་ངེས་པར་སངས་རྒྱས་འགྱུར། །དེ་ནས་མི་རབས་གཉིས་ནས་ནི། །རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང་། །དམ་ཆོས་མ་ལུས་བསྣུབ་པར་བྱེད། །མཐར་ནི་ངེས་པར་མནར་མེད་འགྱུར། །དེ་ནས་མི་རབས་མང་ཞིག་ནས། །དམ་ཆོས་སྟགས་ཙམ་འཛིན་པ་འབྱུང་། །སྟོན་པའི་རིང་བསྲེལ་མཆོད་པར་འགྱུར། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ལྔ་བརྒྱ་ཐ་མའི་དུས་སུ་ནི། །མར་མེ་འཆི་ཀར་གསལ་བ་བཞིན། །རྟགས་ཙམ་འཛིན་པའི་དུས་སུ་ནི། །བསྟན་པ་ཤིན་ཏུ་རྒྱས་པར་འགྱུར། །ང་ཡི་
ཐེག་པའི་ཆོས་ལྔ་ནི། །ཆོས་སྐྱོང་རྒྱལ་པོ་དེ་ལ་གཏོད། །ཅེས་སོགས་གསུངས་སོ། །ཐེག་པའི་ཆོས་ལྔ་ནི། དེ་དུས་འགྱུར་བ།ཟླ་བ་སྒྲོན་མ། པང་ཀོང་ཕྱག་རྒྱ་པ། དཀོན་མཆོག་སྤྲིན། མྱ་ངན་འདས་པ། ལས་རྣམ་འབྱེད་དང་ལྔའོ། །འགའ་ཞིག་རྒྱལ་པོ་མདོ་ལྔ་ལའང་ཟེར་ཏོ། །དེ་ལྟར་མོང་ཟ་ཁྲི་ལྕམ་དང་། བློན་པོ་སྣང་ཆེན་པོ་ལ་ཞལ་བལྟ་བཞག་ཏེ། །རྒྱལ་པོའི་ཕྱག་ཁྲི་བཙུན་དང་། ཀོང་ཇོའི་སྤྱི་བོར་བཞག་པས། པད་མ་དང་ཨུད་དཔལ་དུ་གྱུར་ནས་རྒྱལ་པོ་དང་གསུམ་ཀ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལ་ཐིམ་པར་གྱུར་ཏོ། །བོད་འབངས་ཁ་ཅིག་ནི། ཕན་ཡུལ་ཟལ་མོ་སྒང་དུ་གཤེགས་ཅེས་ཟེར་ཅིང་། འདིའི་དུས་སུ་ཤིད་ལ་བདུན་ཚིགས་དང་ཡོན་བསྔོ་བ་སོགས་དཀར་པོ་དགེ་བའི་ལས་བྱེད་པའི་སྲོལ་བཙུགས་ནའང་། སྔོན་གྱི་ལུགས་ངན་པས། ཕལ་པ་འགའ་ཞིག་དབང་ཆེས་པས། ནམ་བཟའ་དང་། ནོར་སྐལ་གྱི་བང་སོ་དམུ་རི་སྨུག་པོ་མཆོང་ཕུ་དེའི་ལུང་མདའ་ན་ཡོད་དོ། །གུང་རི་སོགས་ཕའི་གཡས་ན། ཀོང་ཇོ་བང་སོ། དེའི་འགྲམ་ན། བལ་ས་ཁྲི་བཙུན། སྣོན་ཟ་མན་དཀར་དང་། མོན་ཟ་ཁྲི་མི་འབྲིང་དང་། ཕྱིམས་ས་བཙན་མེ་ཏོག་དང་།
༄༅། །ཁོལ་ཟ་ལྷ་མོ་ལེགས་རྣམས་ཏེ། བཙུན་མོ་དྲུག་གི་བང་སོ་ཡོད་པ་ད་དུང་ཡང་འདུག་གོ། །དེའི་ཚེ་བློན་པོ་རྣམས་ཀྱིས་ཀྱང་ཞལ་ཆེམས་ལྟར་བརྗེས་ཤིང་། ཇོ་བོའི་སྒོར་འཇམ་དབྱངས་ཀྱང་བྲིས་པ་སོགས་རྒྱས་པར་ནི་བཀའ་ཆེམས་ལས་ཤེས་པར་བྱའོ། །