ཉི་མའི་རིགས་ཀྱི་རྒྱལ་རབས།
ཁྲི་དར་མ་འུ་དུམ་བཙན།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ཁྲི་དར་མ་འུ་དུམ་བཙན།)

བར་པ་གླང་དར་སྤྲེ་མགོ་མི་སྡུག་ལུས། །བཅོ་ལྔ་ལོན་ཚེ་ཡབ་འདས་བཅུ་དགུ་ལ། །གཅུང་འདས་དེ་ནས་རྒྱལ་སྲིད་བཟུང་ནས་ནི། །ཟླ་བ་དྲུག་ཏུ་ཚུལ་བཞིན་རྒྱལ་པོ་བྱས། །ལྕགས་མོ་བྱ་ཡི་མཇུག་ཏུ་དམ་ཆོས་བསྣུབས། །དེ་ནས་ཟླ་བ་དྲུག་དང་ཕྱེད་དག་ཏུ། །སྡིག་རྒྱལ་བྱས་ཏེ་དེ་ལྟར་སྤྱི་སྡོམས་ལ། །ལོ་གཅིག་ཟླ་ཕྱེད་བྱས་ཏེ་ཁྱི་ལོ་ལ། །བྱང་ཆུབ་སེམས་དཔའ་དཔལ་གྱི་རྡོ་རྗེས་དཀྲོངས། །ཞེས་པ་འདི་ཉིད་ཆུ་མོ་ལུག་ལ་འཁྲུངས་ཏེ། ལོ་བཅོ་ལྔ་ལོན་པ་དང་ཡབ་གྲོངས། སུམ་བཅུ་རྩ་བཞི་པ་ལ་གཅུང་ཁྲི་རལ་གཤེགས། དེ་ནས་རྒྱལ་སྲིད་དར་མ་ཉིད་ཀྱིས་བཟུང་སྟེ། རྒྱ་གར་གྱི་མུ་སྟེགས་ཀྱི་བྲམ་ཟེ་བཞིས་མ་ཐེག་ནས་སྦྱིན་བསྲེག་བྱས་ཏེ། བོད་ཡུམ་ཕུང་བའི་ཕུང་འགོང་བཞིར་སྐྱེ་བར་སྨོན་ལམ་བཏབ་ནས་ལྕེབས་པས་སྨོན་ལམ་བཏབ་པ་གྲུབ་ཏེ། མངའ་བདག་ཁྲི་དར་མ་དང་། ཅོག་རོ་ལེགས་སྒྲ་ལྷ་ལྡོངས་

119a

༄༅།        །བཙན་དང་། དབབ་རྒྱལ་ཏོ་རེ་སྟག་ཉ་དང་། འབལ་གོ་བཞེར་ལེགས་པ་དང་བཞི་ཡི་ཐུགས་ཡིད་དུ་ཕུང་འགོང་ནག་པོ་དང་། གནམ་ཐེའུ་དཀར་པོ་དང་། ས་ཐེའུ་གྲོ་བོ་དང་། ཅང་རོང་གི་པེ་ཏེ་དང་བཞི་ཡི་གདོན་ཞུགས། ཐེ་བྲང་ཨས་ཏོ་རེས་ནང་བློན་བྱས་སྐུ་ཚེའང་སྟོད་ལ་སྤའི་དྲོ་རྟ་སྒ་ཕུག་ཏུ་གཙུག་ལག་ཁང་གཅིག་ཀྱང་བཞེངས། བསྟན་བཅོས་ལ་སློབ་གཉེར་ཀྱང་མཛད་ཟླ་བ་ཕྱེད་དང་དྲུག་རྒྱལ་སྲིད་ཚུལ་བཞིན་དུ་བསྐྱངས། དེ་ནས་བློན་རྣ་ནམ་ཟ་ཁྲི་གསུམ་ལ་སོགས་པས་ཆོས་ཁྲིམས་དང་འགལ་བ་མང་དུ་བྱས། རྒྱལ་པོའི་ཐུགས་སུ་ཡང་གདོན་གསོལ་ནས། བསྟན་པ་བསྣུབས་ཤིང་ལྷ་སར་ཁྲིམས་ར་བཙུགས། སྔར་མེས་སྲོང་བཙན་སྒམ་པོའི་དུས་སུ། ཤཱཀྱ་མུ་ནེ་སྤྱན་དྲངས་གཙུག་ལག་ཁང་མང་པོ་བཞེངས། བོད་ཀྱི་ཕུན་ཚོགས་འབྱུང་བའི་རྟེན་འབྲེལ་ས་སྣ་དང་རི་སྣ་བཟང་ཤོས་རྣམས་ལ་ལྷ་ཁང་དང་མཆོད་རྟེན་བརྩིག་བོད་ཡུལ་ཉམས་ནས། ཐར་དམག་དང་མུ་གེ་འཁྲུགས་པ་རྣམས་བྱུང་ཞིང་ཉེས་པ་ནི་འདི་དག་གིས་ལན་པས། ཇོ་བོ་ཤཱཀྱ་ཆུ་ལ་བསྐུར་སྨྲས་པ་ན་

119b

བློན་པོ་རྣམས་ཀྱིས་སྒུལ་བར་མ་ནུས་ནས། ས་འོག་ཏུ་སྦས། བྱམས་པ་ཆོས་འཁོར་ཤིང་རྟ་ལ་དྲངས་ཏེ་ཇོ་བོ་ཡིན་པ་ལྟར་བྱས་པ་རྒྱལ་པོས་སེར་ཡོ་རོ་རོ་འབྱོན་པ་མཐོང་བ་ལ། བློན་པོ་རྣམས་ཀྱིས་ཆུ་ལ་མ་བསྐུར་བར་བྱེ་མ་ལ་སྦས། འཕྲུལ་སྣང་གི་སྒོ་ལ་ཞལ་ཞལ་བྱས་པ་ལ་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་སོ། །བསམ་ཡས་དང་ར་མོ་ཆེའི་སྒོ་ལ་ཡང་འདག་ཞལ་བྱས། པོ་ཏི་ཕལ་ཆེར་བསྡུས་ཤིང་བྲག་ལ་སྦས། ལོ་པཎ་རྣམས་ཀྱི་ཆོས་བསྒྱུར་ཕྲོ་ལ་བསྐྱུར། ལ་ལ་ནི་བྲོས། ལ་ལ་ནི་སྤྱུགས། འོན་ཤང་རྡོ་ཡང་རབ་གནས་མ་གྲུབ་པར་རབ་ཏུ་བྱུང་པ་ལ་ལ་ཕབ། བཙུན་པའི་རྟགས་འཇོག་ཏུ་མ་བཏུབ་པ་འགའ་ཞིག་ལ་མདའ་གཞུ། རྔ་བཤང་བསྐུར་ཏེ་ལིངས་ལ་དེད། ཕྱིས་ཆོས་བྱེད་དོགས་ཀྱི་མེལ་ཙེ་བཙུགས། རྒྱ་དང་། གྲུ་གུ། འཇང་ཡུལ། སུམྦྷ་ལ་སོགས་པའི་འབངས་ལ་ཉེས་མེད་པར་ཆད་པ་བཅད་ཅིང་དེ་ཉིད་ཀྱི་མངའ་རིས་མཐའ་ནས་ཟགས་པ་ཡིན་ནོ། །དེའི་ཚེ་རྒྱ་ཡུལ་ན་བོད་དབང་བའི་རི་གཅིག་ཡོད་པ་བརྟིབ། བོད་ནས་རྒྱ་ལ་འབབ་པའི་

120a

༄༅།        །རྨ་ཆུ་ཡར་ལ་ཞག་གསུམ་ལོག་བྱུང་། དེ་ལ་སོགས་པའི་ལྟས་ངན་སྣ་ཚོགས་བྱུང་། བོད་ཁམས་འཐབས་ཤིང་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉི་ཀ་འཁྲུགས་སོ། །དེའི་ཚེ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་པ་ཡེར་པའི་བྲག་ལ་སྒོམ་ཞིང་ཡོད་པས། རབ་ཏུ་བྱུང་བའི་ཆ་ལུགས་ཀྱིས་རྔ་བཤང་ཐོགས་སྟེ་ལིངས་དང་ཁྱི་ར་བྱེད་པ་མཐོང་ནས། དེ་རྣམས་ལ་བྲིས་པས་ན། རྒྱལ་པོ་གླང་དར་མས་བསྟན་པ་ལ་གནོད་པ་འདི་ལྟར་བྱས་སོ་ཞེས་པའི་གཏམ་ཐོས་ཤིང་། བསྟན་པ་ལ་གཅེས་སྤྲས་སུ་སེམས་པ་དང་། རྒྱལ་པོ་ལ་སྙིང་རྗེ་ཁྱད་པར་ཅན་སྐྱེས་ནས། ཁོང་གིས་རྟ་དཀར་པོ་གཅིག་ལ་སོལ་བས་བྱུགས། བེར་ནང་དཀར་ལ་ཕྱི་ནག་པ་གཅིག་གྱོན། ལྕགས་མདའ་ལྕགས་གཞུ་ཁྱེར་བས་ལྷ་སར་ཕྱིན་ཏེ། རྒྱལ་པོ་རྡོ་རིངས་ཀྱི་ཡི་གེ་ཀློག་གིན་ཡོད་པ་མཐོང་ཏེ། རྟ་ལ་བབས་ནས། ང་བདུད་ནག་པོ་ཡབ་བཞེར་ཡིན་བྱས། པུས་མོ་ལ་བཀན་ཏེ་ལྕགས་གཞུ་བརྡུངས་པས། རྒྱལ་པོས་ཕྱག་འབུལ་བར་གོའོ། །ཕྱག་དང་པོ་ལ་གཞུ་བརྡུངས། གཉིས་པ་ལ་མདའ་ལྟོང་སྦྱར། གསུམ་པ་

120b

ལ་འཐེབ་སྤྲད་དེ་མདའ་འཕངས་པ་རྒྱལ་པོ་ལ་ཕོག་པས། གླང་དར་མ་ན་རེ་ཡང་ན་ཟླ་བ་གསུམ་གྱིས་སྔས། ཡང་ན་ཟླ་བ་གསུམ་གྱིས་ཕྱིས་ཟེར་བ་ལ། དཔལ་གྱི་རྡོ་རྗེས་རྒྱལ་པོ་སྡིག་ཅན་གསོད་ན་དེ་ལྟར་གསོད་ཟེར་ཞིང་རྟ་ལ་ཞོན་ཏེ་བྲོས་སོ། །དེའི་ཚེ་མི་རྣམས་ན་རེ་ལྷ་བཙན་པོ་དཀྲོངས་རམ་མདའ་ལ་རྒྱུགས་ཟེར་ནས་ཕྱོགས་ཕྱོགས་སུ་རྒྱུག་ཅིང་སྦྲོན་པའི་བར་ལ། སྐྱི་ཆུ་ལ་རྒལ་ཏེ་ཆུས་སོལ་བ་ཕྱིས། བེར་ཕྱི་ནང་བསྒྱུར་ནས། ང་ལྷ་གནམ་ཐེ་དཀར་པོ་བྱ་བ་ཡིན་ཟེར་ཞིང་བྲོས་པ་བསྙགས་པས་མ་ཟིན་ནོ། །དཔལ་གྱི་རྡོ་རྗེས་མངོན་པ་ཀུན་ལས་བཏུས། འདུལ་བ་འོད་ལྡན། ཀརྨ་ཤ་ཏམ་དང་གསུམ་སྣོམས་ཏེ་མདོ་ཁམས་སུ་བྲོས། རི་བྲག་ན་ཡོད་པའི་ཉང་ཏིང་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་ལ་སོགས་པ་ལ་གཤེད་མ་བཀྱེ་ཞེས་ཟེར། གླང་དར་མའི་བང་སོ་སེང་གེ་བརྩེགས་དང་རྒྱལ་ཆེན་བང་སོའི་བར་ན་ཡོད་ཅིང་རྒྱལ་ནོར་མང་པོ་སྤུངས་པས་བང་སོ་འཁོར་ལོ་ཅན་ཟེར་ལ། འདི་ཡན་ཆོད་ལས་བོད་ཀྱི་རྒྱལ་རབས་བཞི་བཅུ་ཞེ་གཉིས་སོང་ངོ་། །