ཉི་མའི་རིགས་ཀྱི་རྒྱལ་རབས།
སྐྱིད་ལྡེ་ཉི་མ་མགོན།
ལེའུ་སྔོན་མ།
ལེའུ་རྗེས་མ།

(སྐྱིད་ལྡེ་ཉི་མ་མགོན།)

དེ་ཡང་། སྐྱིད་ལྡེ་ཉི་མ་མགོན་ནི། ཡབ་དཔལ་འཁོར་བཙན་གྱིས། སངས་རྒྱས་སྨན་གྱི་བླ་ཐུགས་དམ་དུ་གནང་བ། དེ་ལ་མཆོད་པ་དང་གསོལ་བ་བཏབ་པས། བོད་ཁྱེང་ལོག་གི་འབལ་མ་ཟུགས་ཅིང་། མངའ་རིས་ཀྱི་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར། དར་རྒྱས་སུ་འབྱུང་བའི་རྟེན་ཅིང་འབྲེལ་བ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་བྱིན་བརླབས་ཀྱིས། སྟོད་མངའ་རིས་སུ་ཕེབས་པ་ཡིན་ཏེ། དེ་ཡང་། ཐུབ་དབང་སྲས་བཅས་སྤོས་ངད་ལྡན་ལ་འཁོད། །མིའམ་ཅི་དང་མ་དྲོས་ཀླུ་རྒྱལ་སོགས། །ཆོས་ཀྱིས་ཚིམ་མཛད་གསེར་འདབ་བྱ་རྒྱལ་གྱི། །ཁྱུ་བཅས་མཁའ་ལ་ལྡིང་ཞིང་ཁ་བའི་ལྗོངས། །གངས་རིའི་རྒྱལ་པོ་ཏི་སེའི་རྩེ་ལ་བཞུགས། །སངས་རྒྱས་བདུན་པ་ཞེས་བྱའི་ཆོས་གསུངས་ནས། །སྟོད་ཁམས་ས་གཞིའི་ཁྱོན་འདིར་རྒྱལ་བ་ཡི། །བསྟན་པ་དར་རྒྱས་འབྱུང་བར་བྱིན་གྱིས་བརླབས། །འདིར་འཛམ་བུ་

124b

གླིང་གི་ས་གཞིའི་ཁྱོན་མཐའ་དག་ལས་ཆེས་མཆོག་ཏུ་མཐོ་ཞིང་། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་བྱེད་པ་ལ། ལྷག་པར་བསྔགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་། འཁོར་དགྲ་བཅོམ་པ་སྟོང་དང་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ། བཞུགས་པའི་གནས། གངས་རི་རྒྱལ་པོ་ཆེན་པོ་ཏི་སེའི་དྲུང་དང་ཆུ་བོ་ཆེན་པོ་བཞི་ཡང་། ཕྱོགས་བཞིར་དལ་གྱིས་གཞོལ་བར་འབབ་ཅིང་། ཁྲུས་བྱས་པ་དང་། སོ། སེན། སྐྲ་ལ་སོགས་པ་དོར་བ་ན། སྡིག་པ་ལས་ཐར་བར་བྱེད་པའི་མ་པང་གཡུ་མཚོ་ཞེས། རྒྱ་བོད་ཀུན་ཏུ་གྲགས་པའི་འགྲམ། སྟོད་མངའ་རིས་ཀྱི་ནོར་འཛིན་ཆེན་པོར། ཤཱཀྱའི་བསྟན་པ་དར་རྒྱས་སུ་འབྱུང་བའི་དུས་མཚམས་དང་། སྐྱེ་དགུ་ཐམས་ཅད་ཀྱི་སྤྱི་མཐུན་གྱི་བསོད་ནམས་ཀྱི་སྟོབས་ལ་བརྟེན་ནས། རིམས་ཀྱིས་སྐྱིད་ལྡེ་ཉི་མ་མགོན་དེ་ཉིད་ཕྱིབས་ཁ་གྱེན་ལ་བསྒྱུར་བ་ཡིན་ནོ། །དེ་ཡང་དང་པོ་ཞང་ཞུང་ཡུལ་སྟོད་སྨད་རྣམས་རྩེ་ཞེས་བྱ་བས་བཟུང་། དེ་རྣམས་ཀྱི་ནང་ནས། སྙ་ཤུར་མུ་པུ་རིང་ངེ་གེད་བྱ་བ། བློ་དང་། དཔའ་རྩལ་ཆེ། སྐྱེས་གྲགས་པ་གཅིག་བྱུང་བས། ཀུན་གྱིས་ཇོ་བོར་བསྐུར། དེ་ནས་མི་རབས་བཅུ་གཅིག་

125a

༄༅།        །ནས། སྙ་ཤུར་ལ་ཁྭ་གེད་རྩེ་བྱ་བ་བྱུང་། དེའི་བུ་མོ་གཅིག་ཡུལ་དབུས་ཀྱི་རྒྱལ་པོ་ཆེན་པོ། སྲོང་བཙན་རྒམ་པོས་ཁབ་ཏུ་བཞེས་ཏེ། སྟོབས་ཆེ། དེ་ནས་མི་རབས་དྲུག་ནས། སྙ་ཤུར་གྱི་རྒྱལ་པོ་ལི་བྱིན་མུ་སད་ཁྱ་ཞེས་པ། གཤེན་རབས་མི་བོང་གི་སྤྲུལ་པ། བོན་དང་། ཡིག་རྩིས། མོ་ལ་མངའ་བརྙེས་པའི་རྒྱལ་པོ་གཅིག་བྱུང་། དེ་དུས། ཞང་ཞུང་དུ་བོན་ལ་བརྟེན་པའི་གྲུབ་ཐོབ། བོན་གཞུང་གི་བཤད་སྒྲུབ་ཆེར་དར་བ་ཡིན་ནོ། །དེ་དང་དུས་མཉམ་པར། གུ་གེར། ཞང་ཞུང་མཆེད་ལྔ་ཞེས་བྱ་བ། རྒྱ་གར་ནས། རྒྱལ་པོ་རུ་པི་ནིའི་དུས་ཀྱི་རིགས་ལས་བྱུང་བ་རྣམས་ཀྱང་བྱུང་ཏེ། དེ་ཡང་། མང་ཝེར་ཨོད་ཚད་སྭ་གེད་ཚེ། མོལ་ཝེར། སྐྱིན་ཝེར་སྡོང་གྱེད་ཚ། ཧྲུགས་ཝེར་སྤྲུང་གཞེར་སྟོང་གེད་ཚ། རུམ་ཝེར་ཤ་ཞེར་རྩེ་དང་ལྔའོ། །དེ་དག་གི་ལྷ་ནི། གྱེ་གོད་སུམ་བརྒྱ་དྲུག་བཅུའི་ནང་ནས་སྟོབས་ཆེ་བ་སྟེ། མང་ཝེར་བའི་ལྷ་བདུད་རྗེ་བཙན་པོ་ཧོ། མོལ་ཝེར་བའི་ལྷ་རོལ་བཙན་སྟག་རལ་གཙུག་སྤུན་བརྒྱད། སྐྱིན་ཝེར་བའི་ལྷ་སྲིད་པ་ཡོངས་ཀྱི་མ་མོ་མུ་ཙ་མེད་ཕུགས་ཝེར་བའི་ལྷ་སྒྲུང་ཁྱུང་ཤེང་རྩེ། ཙུམ་ཝེར་བའི་ལྷ་སྲིན་པོ་གནམ་རོ་བོ། ཡང་མང་ཝེར་བའི་ཡུལ་ནི། ཕྱི་ཝང་གླེ་ལོས་རྒྱུང་ལ་སད་མཁར། སྐྱིན་ཝེར་བས་སྲིབས་ཀྱི་ལྷ་རྩེ། ཧྲུགས་

125b

ཝེར་བས་མཁར། གུ་ལང་ཁྱུང་རྩེ། རུམ་པས་མཁར་ཤེ་ལ་ཁྱུང་བཟུང་། དེ་མན་ཆོས་རུས་ལྔ་ཕན་ཕུན་གཉེན་དུ་སྡེབས། སྲིད་གཅིག་ཏུ་བྱེད། ཅིག་ཆ་གཅིག་ལ་བཞག་ནས། སྙ་ཤུར་གྱི་རྒྱལ་པོ་གདུང་རབས་བཞིའི་བར་ལ། བློན་པོ་བྱས། ཁ་ལོ་བསྒྱུར་རོ། །དེ་ལྔའི་བྱས་པའི་ལས་ཐབས་ནི། མང་ཝེར་ཁམས་གསུམ་བཞེར་བཙན་འདས། དཔའ་བའི་ལས། འགྲུ་ཤའི་རྒྱལ་པོ་ཐང་ལ་ནག་པོ་བཏུལ་ནས། བྱང་ལམ་སྐྱའོ་ཐིག་ལ་བཏབ། མོ་པོ་ཀླུ་ཐོན་རྗེ་དཔལ་སྡང་གིས། འཛངས་ཀྱི་འཕྲུལ་བཏོན། སྤུ་རངས་ཀྱི་རྒྱལ་པོ་གཉའ་ཁྲིའི་མགོན་གནན་ནས། ཤར་སེང་གེ་དཀར་མོ་བཙོན་དུ་བཟུང་། ཀྱིན་ཝེར་རྡོ་རྗེ་ཞེར་རྒྱལ་པོས། ཉི་ཏིའི་མཁར། གྲང་ལ་ཏི་ཙ་བཟུང་ནས། རྒྱལ་པོ་སོ་སོ་ན་ར་ཛཱའི་མགོ་མནན་ལྷོ་རོང་ཁྱུང་ནག་པོའི་ཁ་མ་ཕྱེ། ཧྲུགས་ཧེར་གཙུག་སྒྲ་གཞེར་ལྷ་སྣང་གིས། ཐབས་དང་། ཡིག་ཚང་བཏོན་ནས། ཞང་ཞུང་བྲམ་ཟེ་ལ་བ་ནག་པོའི་ངན་བསྔགས་ཀྱིས་ཤིག་པ་ལ། བྲམ་ཟེ་བླ་མར་བསྐུར་ནས། ནུབ་གླང་དམར་པོའི་ལྕེ་བཅད་དོ། །རུམ་ཝེར་ཨ་རྒྱལ་གསུམ་གཞེར་གྱིས་

126a

༄༅།        །མ་འོངས་གོ་བློ་སེམས་ལ་བཞག་ནས། མེས་སྙ་ཤུར་རྒྱལ་པོའི་བུ་མོ་བླངས་གཡུ་རྒོང་འབར་མ་ལ་སྣ་མ་བསྟ་པས། རུས་ལྔའི་ཚོགས་ལུགས་ཤོར་བ་ཡིན། དེ་ནས་སྟོང་ལྷུ་བཞེར་གྱི་བུ་མོ་ལྔ་ཡང་། རུས་ལྔས་བླངས་ནས། བུ་ལྔ་བུ་མོ་ལྔ་བྱུང་། ལྷུ་བཞེར་རྒས། བུ་མོ་ལྔ། དམག་པ་ལྔ་དང་ཕོ་མོ་བཅུ་ལ་ཁ་ཆེམས་སུ་བོར་ནས་འདས་སོ། །དེ་མན་ཆད་རུས་ལྔ་ཞང་པོ་སྟོང་དང་དྲུག་ཟེར། དེའི་ཚེ་སྙ་ཤུར་གྱི་རྒྱལ་པོ་ལི་བིན་ཁྱ། ངད་བཟངས་ཁྱ། དཔུང་དམར་ཁྱ་དང་སྤུན་གསུམ་ཐུགས་འཁྲུལ། ཁྱུང་པོའི་མི་རེ་ལོ་རེ་ལ་ལྷ་གསོལ་བ་ལ་བསད་ནས་མཆོད་དོ། །བློན་པོ་ནི། གུ་གུ་ཁྱུང་། ཁྱུང་དཔུང་ཐང་རིང་མོ། ཁྱུང་དཔུང་ཏང་རུ་ཟེ། དགེ་ཤིན་ཏང་མི་རིང་མོ་སྟེ། དེ་བཞི་ཡང་གྲོས་ནོངས་ནས། ཞང་ཞུང་རུས་ལྔ་ལ་སྐྱོན་ཕབ་པར་སེམས་སོ། །ཞང་ཞུང་ནི་ལྷ་བཟང་བ་དང་། ཁྱུང་པོ་ལྷ་ལུག་གི་ཚུལ་དུ་བསོད་པས། ཁོག་ཁྲོས་ནས་ཚུར་འཁུས། བླ་ཡི་གསང་ཚིག་ཤོར། རུས་ལྔ་དང་གྲོས་བྱས་ནས། དཔུང་ཐང་བླའི་ཐུགས་བྲིད་པ་ལ་བཏང་ནས་ཞུས་པས། བླ་ཆེན་པོ་

126b

སྟོང་ཚ་སྤུན་ལྔ་ནི། རྗེ་ལ་བློ་མ་ལོག །གུས་པར་མཆིས་ཤིང་། སྒྲོ་ཡང་བགྱིས་སོ། །དེས་ན། མང་ཝེར་ཁམས་གསུམ་ཚན་དྷས་ནི། རྒུང་གི་ཐང་དཀར་རྒོད་པོ་སྙི་རུ་བཟུང་། ཀྱིན་ཝེར་རྡོ་རྗེ་བཞེར་ནི་གངས་ཀྱི་སེང་གེ་དཀར་མོ་ལྕགས་ཐག་ཏུ་མནན། ཧྲུར་ཝེར་གཙུག་བཞེར་ནི། འདོད་ཁམས་ཀྱི་ལྷ་ཕྲུག་བཙོན་དུ་བཟུང་། མོ་ལོ་ཀླུ་ཐོག་བཞེར་ནི་ནགས་ཀྱི་སྟག་གུ་རི་ཕྲ་ལྟུང་ལ་མནོན། རུམ་རྒྱལ་གསུམ་བཞེར་ནི། ཉི་ཟེར་འཕྲུལ་གྱི་ཞགས་པ་གའུར་ཆུད་པས། དབུ་རྨོག་ནི་གངས་པས་མཐོ། ཆབ་སྲིད་ནི་དར་རྒྱས་ཆེ་བས། འོ་སྐོལ་བས་ཆེ་བའི་རྒྱལ་པོ་སུ་མཆིས། ད་ནི་སྟག་གི་སྒོ་ཁྱི་རྨ་བྱའི་ཁྱིམ་བྱ། སྐྱང་རྒོད་ཀྱི་ཕྱིབས་པ་རྣམས་འཚལ་ལོ། །ཞུས་ནས། ཅུང་ངད་བཟང་ཁྱ། རྨ་བྱ་འདོན་དུ་རྫངས། ཡང་ཅུང་དཔུང་དམར་ཁྱ་ཤང་ཟར་སྟག་འདོན་དུ་བཏང་། གུ་གུ་ཁྱུང་ནི་བྱང་དུ་རྐྱང་རྒོད་འཛིན་ཏུ་བཏང་ངོ་། །དེ་ནས་གཏོང་ཚ་སྤུན་ལྔ་དང་། བློན་ཁྱུང་གྱིས་རྗེ་སྐྱིད་ལྡེ་ཉི་མ་མགོན་སྤྱན་འདྲེན་ཏུ་བརྫངས་པ་ནི། ཁྱུང་པོ་ཁྲི་ལྷན་སྐྱུ་སེ་དང་། དགེ་ཤིང་ཨ་རིང་མོ་གཉིས། རོལ་ཡང་རོལ་དང་བཅས་ནས་

127a

༄༅།        །བཏང་ཏེ། ཨོཾ་རྒྱལ་ཁམས་ནས་རྒྱལ་ཁམས་ཐམས་ཅད་དུ་བདེ་ལེགས་སུ་གྱུར་ཅིག །སྟག་གི་ལོ་སྟོན་ཟླ་འབྲིང་པོའི་ཡར་གྱི་ངོ་ལ། དཔལ་ལྷ་བཙན་པོ་ཁྲི་བཀྲ་ཤིས་སྐྱིད་ལྡེ་ཉི་མ་མགོན། སྐུ་མཁར་ལྷ་རྩེ་བྲག་མཁར་ན་བཞུགས་པའི་ཚེ། སྟོད་ཀྱི་ཁྱུང་དཔུང་སྟང་རིང་མོས་ཞུ་ཡིག་ཏུ། ཀྱཻ་རྗེ་ལྷ་བཙན་པོ་ལགས། ཉིད་བོད་ཀྱི་སྤྲེ་འུ་དང་བཀའ་བགྲོས་མ་མཛད་པར། ཞལ་ཚེས་གསུམ་གྱི་ཟླ་བ་ལ་གཟིགས་ཏེ། ཆིབས་པ་ནག་པོ་དེ་རྐྱང་། དཀར་པོ་སྒྲིལ་ལ། མྱུར་བར་བསྐྱོད་པར་ཞུ་ལགས། གལ་ཏེ་ལེ་ལོར་གྱུར་ན་ནི། མངའ་རིས་གསེར་ཞོང་མར་ཁུས་བཀང་བ་ལྟ་བུ་འདི་ལ། ཞེས་ཀྱིས་འཚལ་དོགས་མཆིས་སོ། །ཞེས་པ་ཕུལ་བས། རྗེའི་ཐུགས་སུ་ཕོག་སྟེ། རྗེ་བཙན་པོ་ཉིད། བློན་པོ་ཆེན་པོ་ཅང་ཨ་པོའི་བུ། ཅང་ལེགས་སྐྱེས། ཕྱག་ཚང་བ་འབྲོ་ཁམ་བུ། གཟིམས་མལ་བ། སོ་པ་ལུ་ལ་སོགས་པ། རྗེ་འབངས། ནང་སྐོར་ཉུང་ཤས་གཅིག་དང་གཤེགས་པར་བཞེད་པ་ལ། ཐུགས་དགོངས་བསྫངས་པས། སྟོད་མངའ་རིས་ཡ་གི་ན། །དམ་པའི་ལྷ་ཆོས་མ་དར་བར། །བོན་ཉི་ཚེ་དད་ཅེས་གྲགས་པས། དེས་ན་

127b

ལྷ་སྲིན་གདུག་པ་ཅན་དང་། བོན་པོ་དྲེགས་པ་ཅན་རྣམས་ཕྲ་དོག་བྱེད་སྲིད་པས། དབུས་གཙང་གི་ཡུལ་ཕྱོགས་འདི་ནས། སྔགས་པ་ནུས་པ་ཅན་ནམ་གསང་མོ་ལ་མཐའ་དག་གི་ཐུགས་གཏད་ཐུབ་པའི་བན་དྷེ་ཟུང་འགའ་དང་ཆས་དགོས་དགོངས་ནས། དེ་ལྟ་བུའི་ཡོན་ཏན་འཛོམ་པའི་བན་དྷེ་ཆེན་པོ་གང་ན་སྣང་དགོངས་ཤིང་སྨྲས་པས། ཅོག་རོ་འབྲིང་འཚམས་ཀྱི་བན་དྷེ་ཆེན་པོ་དྷ་གུ་ན་པྲ་བྷ་ཞེས་བྱ་བ། མཁྱེན་པ་དང་ནུས་པར་ལྡན་པ། སྣང་སྲིད་ཀྱི་ལྷ་འདྲེ་བྲན་དུ་འཁོལ་ནུས་པ་ཅིག་ཡོད་པ་དང་། འཆིམས་བན་དྷེ་ཆེན་པོ་རྒྱལ་བ་ཤེས་རབ་ཞེས་བགྱི་བ་ལ། དེ་ལྟ་བུའི་ཡོན་ཏན་དེ་དག་དང་ལྡན་ནོ། །ཞེས་གསན་ནས། བན་དྷེ་གཉིས་པོ་ལ་བཀའ་ལུང་བསྩལ་པས། བན་དྷེ་གཉིས་པོ་ན་རེ། རྗེའི་བཀའ་ལུང་ནི་རི་བས་ལྕི་སྟེ། འབངས་ཅག་གིས་མཆི་ངོ་མི་ཐོག་ལགས་སམ། གལ་ཏེ་མཆི་སྲིད་ན། རྗེས་བསྟོད་མངའ་རིས་ཡ་གིར། ཆབ་སྲིད་དང་། མངའ་རིས་བརྙེས་པ་ན། འབངས་ཅག་ལ་མངའ་རིས་ཀྱི་ཕུད། ཡུལ་འབྲོག་གི་ས་འཚམས། ཞིང་། མཁར། རྫོང་ལ་སོགས་པ་གནང་དགོས་ཞུས་པས་ཞལ་

128a

༄༅།        །གྱིས་བཞེས་ནས། དགུང་ལོ་ཉེར་བརྒྱད་བཞེས་པ་སྟག་གི་ལོ་ལ། ཕོ་བྲང་གཡུ་རུང་ལྷ་རྩེ་ནས་ཕྱག་ཐེགས། རྗེ་ཉིད་བློན་ཆེན་པོ་ཅང་ཨ་ཕོའི་བུ། ཅང་ལེགས་སྐྱེས་དང་། ཕྱག་ཚང་བ་འབྲོ་ཁམ་བུ། དགེ་བཞེར་བཀྲ་ཤིང་བཙན། ཅོག་གྲུ་ལྷག་ལེབ། གཟིམས་མལ་བ་ཆོས་ཀྱི་ལྷ། མ་ཞང་བནྡྷེ། བན་ཆེན་པོ་གཉིས། གཞན་ཡང་བློན་པོ་པ་ཚབ། རིན་ཆེན་སྟོད། བློན་པོ་ཆ་ཆེན་པོ། དེའི་སྲས་གཉིས་ཞང་རྒྱལ་བ་ཡོན་ཏན། མདོག་གཡུང་བ་ཞང་མེ་ཆེན་པོ། གཟིམས་མལ་བ་སོ་པ་ལུ་ལ་སོགས་ཏེ། རྗེ་འབངས་རགས་བཏུས། ལྔ་བཅུ་དང་བཅས་ཏེ། བྱང་ལམ་ལ་ཕེབས། ཞང་ཞུང་ནས་བསུ་བ་ལ་རྟ་པ་ལྔ་བཅུ་རྩ་གཅིག་ཕྱིན་པ་དང་མཛོམ་ཞིང་། སྲིད་པའི་རྫོང་ར་ལ་མཁར་དམར་དུ་ཡོས་ལོའི་དབྱར་ཕྱག་ཕེབས་སོ། །དེ་ནས་ཁྱུང་དཔུང་སྟོང་རིང་མོས། གཉའ་ཤུར་ཀྱི་རྒྱལ་པོ་ལི་བྱིན་ཁྱ་ལ་ཞུས་པ། རྒྱལ་པོ་ཆེན་པོ་ལགས། ཉི་མ་དབུས་ཀྱི་ལྷ་སྲས་སྐྱིད་ལྡེ་ཉི་མ་མགོན་ནི། རྗེའི་ཆབ་སྲིད་ལ་རྡོ་བར་བྱུང་སྐད་དོ། །ཞང་ཞུང་ཁྲི་ལྡེའི་དམག་དང་སྐྱོད་ཚལ་ཞུས་

128b

པས། ཤེལ་གྱི་ཁྲི་ལས་བབས་ཏེ། མཁར་ཁྱུང་ལུང་དངུལ་དཀར་ནས། ཞང་ཞུང་ཁྲི་སྡེའི་དམག་དང་ཆས་ནས། ར་ལར་ཕེབས། འཁྲུགས་ཁྲི་སྡེའི་དམག་ཐམས་ཅད་ངོ་ལོག །སྙ་ཤུར་རྒྱལ་པོ་གོ་གོར་རྫུས་ནས། གྲིབ་མ་ལ་སྒྲོན་རྒྱབ། ལྕགས་ཀྱི་མི་རེང་དུ་རྫུས་པས། སྤྱི་བོར་ཟངས་ཀྱི་ཁབ་བརྒྱབ་ནས་བསད་དོ། །དཔུང་མར་བྱ་སྟག་དང་། ལ་ལིང་ཀྲག་ནས་ལོག་ཏེ། ཙ་རང་གི་མཁར་བཟུང་། དད་བཟང་ཁྱས་ཨ་རུའི་ཡུལ་བཟུང་། གུ་གུ་ཁྱུང་གིས་པུ་ཧྲངས་ཀྱི་སྨད་ཝོམ་མོ་བཟུང་ངོ་། །དུས་དེར་སྐྱིད་ལྡེ་ཉི་མ་མགོན་ལ། རྒྱལ་སྲིད་ཕྱག་ཏུ་ཕུལ་ནས། སྟོང་ཚ་སྤུན་ལྔས་ཞུ་བ་མི་འདྲ་བ་ལྔ་ཕུལ་ཏེ། མང་ཝེར་བས་ཁོག་ཡངས་ལ་བརྗིད་ཆེ་བ། དར་པོ་ཆེ་རླུང་གིས་སྐྱོད་པ་འདྲ་བ་ཕུལ། མོ་ལོ་བས་ཁ་དྲག་ལ་ཤུགས་ཆེ་བ། རི་བཟར་གྱི་སྦབ་ཆེན་པོ་འདྲ་བ། ཀྱིན་ཝེར་བས་ཁོག་ཡངས་ལ་བརྗིད་ཆགས་ཤིང་། ཟིན་ཆེ་བ། སྒྲོག་སུམ་ཆེན་གནམ་དུ་སྐྱུར་བ་འདྲ་བ། རུམ་ཝེར་བས་བརྟན་ཀྲི་ཆེ་བ། ཁབ་མི་སྟོར་བ། གྲུ་གུ་ལ་བཟེར་བ་འདྲ་བ། ཧྲུགས་ཝེར་བས་དྲང་ཁྲང་ལ། གཡོ་མེད་པ།

129a

༄༅།        །ཤུགས་བྲག་གི་ཆུ་འབབ་པ་འདྲ་བ་ཕུལ། མར་ཡུལ་ལ་སོགས་པ་ནས་ཀྱང་རྒྱལ་ཕྲན་དང་། མི་མང་པོ་ཡོངས་ཏེ། ཕྱག་དང་། ཞེ་སར་བཏུད། དེ་རྗེས་སྐོས་ཆེན་པོ་མཛད་ཏེ། འདོད་ཁམས་ཀྱི་ལྷེ་དྲུག །བར་སྣང་གི་ལྷ་ཕྲན་བརྒྱད། སྒོ་བསྲུངས་ཀྱི་ཁྲོ་བོ་བཞི་ཡི་ཚུལ་ལ། ཤར་ཀྱི་སྒོ་བསྲུངས། ཇོ་སྲས་ཉང་ཙ་ལི་བ། ལྷོའི་སྒོ་བསྲུངས། ལྷིང་ཕྱུག་གི་ཇོ་སྲས་ཅོག་རོ་མདའ་པ། ནུབ་ཀྱི་སྒོ་བསྲུངས། ཚོང་པ་ས་ལ་བེ་པ་ནག་པོ། བྱང་གི་སྒོ་བསྲུངས། སྟར་པ་ནག་པོ། དང་པོ་སྟོང་ཚ་སྤུན་ལྔ། ལྷུ་གསུམ་བཞེར་གྱི་བུ་དང་དྲུག་ནི། འདོད་ཁམས་ཀྱི་ལྷ་དྲུག་གི་ཚུལ་དུ་མཛད་ནས། བཀའ་རྟགས་ཀྱི་རྒྱ་རེ་རེ། ཆེ་རྟགས་སོ་སོ་དང་བཅས་པ་གནང་ངོ་། ཁྱུང་ལུང་གི་དགེ་ཤིན་པ། སྒེ་ཐང་གི་ཅོག་རོ། དུན་མཁར་གྱི་ཀྲུང་ཤིན་པ། པག་ཝང་གི་སེང་དཀར། ཐང་གི་སྙ་ཤུར། ལྷག་པག་གི་ལྷ་འབྲོང་། སང་ནང་གི་རྟོག་སྒྱུང་། ཏང་གི་ཁྱུང་པོ་དང་བརྒྱད་ནི། བར་སྣང་གི་ལྷ་བརྒྱད་ཀྱི་ཚུལ་ལོ། །ཐུགས་ཆེས་ཀྱི་ནང་མི་གསུམ་ནི། བེ་གར་བ། སྒྱུང་དགུ་ལ་པ། དུན་མཁར་གྱི་དང་སྟོད་པ་རྣམས་ཡིན་ནོ། །ཅང་ལེགས་སྐྱེས་དཔོན་གཡོག་

129b

བདུན་ནི་དེ་ཀ་ན་འཁོར། དེར་ཕོ་བྲང་གི་བཀོད་མཛད་དོ། །དེའི་ཚེ་དྷ་གུ་ན་པྲ་བྷ་ཝས། རྣམ་འཇོམས་ཀྱི་འཆི་བླུ་དང་། ཡང་དག་མེ་གཅིག་ཐོད་གཅིག་ལ་བརྟེན་པའི་ཚེ་དབང་མཛད་པས། སྐུ་ཚེ་ལོ་བཅུ་གསུམ་སྲིངས་ནས། སྤྱིར་རྒུང་ལོ་ལྔ་བཅུ་རྩ་དགུ་ཐུབ་པར་ལུང་བསྟན། དེ་ནས་འབྲུག་གི་ལོ་སྟོན་ཟླ་ར་བའི་ཚེས་བཅྭོ་ལྔ་ལ། དགེ་བཞེར་བཀྲ་ཤིས་བཙན་གྱིས། པུ་ཧྲངས་སུ་སྤྱན་དྲངས། གུ་གེ་བྱང་རྒྱབ་ལ་ཕེབས། གངས་ཏི་སེ་དང་མཚོ་མ་པང་ལ་གཡས་བསྐོར་དུ་མཛད། སྨན་ནགས་ཀྱི་རོང་ལ་སྐྱོད་དེ། སྐྱིད་ལྡེ་གླིང་དུ་ཕྱག་ཕེབས། སྦྲུལ་ལོ་དང་རྟ་ལོའི་བར། (འབྲོ་དར་ཐོད་ཅན་ལྔ་བ་སོགས།) མངའ་རིས་གནོན་པའི་མོལ་བ་ཙམ་ལས་ཧ་ཅང་འགྲུབ་པར་མ་གྱུར། འོན་ཀྱང་སྐྱིད་ལྡེ་གླིང་དུ་ལྷ་ཁང་ཕྲན་གཉིས་བཞེངས། སངས་རྒྱས་སྨན་གྱི་བླའི་ཆོ་ག་རྣམས་བཙུགས། ལུག་གི་ལོ་འབྲོ་སེང་དཀར་གྱིས། སྐུ་མཁར་ཉི་བཟུང་ཕྱག་ཏུ་ཕུལ། ཁོའི་བུ་མོ་འབྲོ་ཟ་འཁོར་སྐྱོང་ཁབ་ཏུ་བཞེས། མངའ་རིས་སྐོར་གསུམ་ཆབ་འོག་ཏུ་བསྡུས། (༈ འདིའ་མན་ཆད་ཀྱི་ལོ་རྒྱུས་ཀྱི་གཙོ་བོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཕགས་པ་འཇམ་

130a

༄༅།        །དཔལ་གྱི་རྩ་བའི་རྒྱུད་ཆེན་པོ་དང་། སྙིང་རྗེ་ཆེན་པོ་པད་མ་དཀར་པོ་ལ་སོགས་པའི་མདོ་དང་བར་ནས་ལུང་བསྟན་པའི་བདག་ཉིད་ཆེན་པོ་ལྷ་བླ་མ་ཡེ་ཤེས་སུ་འོད་ཡོངས་སུ་གྲགས་ཤིང་། གངས་ཅན་གྱི་ཁྲོད་དུ་ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པ་སྡོམ་པ་གསུམ་རིན་པོ་ཆེའི་ཁུར་བདག་ཉིད་ཀྱིས་འཛིན་ཅིང་། མངའ་རིས་ཀྱི་གདུལ་བྱ་སྐལ་བ་དང་ལྡན་པ་མཐའ་དག་ལ་ཆོས་ལྡན་གྱི་སྦྱིན་པའི་ཆར་ཆེན་པོ་ཕབ་ནས། རང་རང་གི་སྐལ་བ་དང་འཚམ་པར་རྣམ་པར་གྲོལ་བ་རྣམ་པ་གསུམ་གྱི་བདེ་བ་ལ་འཇོག་པར་མཛད་ཅིང་། ཆོས་དང་མཐུན་པའི་བཀའ་ཁྲིམས་ཀྱིས། ཉི་འོག་གི་རྒྱལ་ཁམས་ནས་བརྩམས་སྟེ། ཁ་བ་ཅན་གྱི་ཕྱོགས་ཀུན་ཏུ། རྣམ་པར་གྲགས་པའི་བ་དན་གཡོ་ཞིང་། མཁས་པའི་སྐྱེ་བོ་རབ་ཏུ་མང་པོའི་འཆད་པ་དང་། བརྩོད་པ་དང་རྩོམ་པའི་སྒོ་ནས། རྒྱལ་བའི་བསྟན་པ། ནམ་ལངས་པ་ལ། ཉི་མ་ཤར་བ་ལྟར་གསལ་བར་མཛད་པའི་བསྟི་གནས་སུ་གྱུར་ཅིང་། སྐྱེ་བོ་དགེ་བའི་ལས་ལམ་དུ་གནས་པ་རྣམས་ཀྱི་མགོན་དང་། སྐྱབས་དང་། དཔུང་དང་། གླིང་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དང་དཔག་ཏུ་མེད་པའི་སྒོ་ནས། ཐབས་ཀྱི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ། འགྲོ་བ་འདྲེན་པར་མཛད་པ་དེ་ཉིད་ཡིན་ལ། འདི་ཡི་རྣམ་པར་ཐར་པ་རྒྱས་པ། བདག་གི་བླ་མ་འདི་ཉིད་ཀྱིས་ལོགས་སུ་རྒྱས་པར་མཛད་ཡོད་དོ། །)