(མ་ཅིག་ཡེ་ཤེས་མཁའ་འགྲོའི་ལོ་རྒྱུས།)
མ་ཅིག་ཡེ་ཤེས་མཁའ་འགྲོའི་ལོ་རྒྱུས་ནི། སྐལ་ལྡན་རྣམས་ངོ་མཚར་བའི་ཆེད་དུ་གླིང་བཞི་མར་གྲགས་པ་བརྗོད་པར་བྱ་སྟེ། དེ་ཡང། དུས་གསུམ་རྒྱལ་ཡུམ་ཤེར་ཕྱིན་མའི། །སྤྲུལ་པ་གྲངས་ལས་འདས་གྱུར་ཀྱང་། །ལྷ་གནས་སུམ་ཅུ་རྩ་གསུམ་དང། །རྒྱ་གར་རྡོ་རྗེ་གདན་དང་ནི། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །དེ་ལ་སོགས་པ་ཐམས་ཅད་ལས། །སྤྲུལ་པ་གྲངས་མེད་བསམ་འདས་འབྱུང་། །ཞེས་པ་ལྟར་སུམ་ཅུ་རྩ་གསུམ་དང་དགའ་ལྡན་ལྷའི་ཡུལ་དང་གཅིག ། རྡོ་རྗེ་གདན་དང་གཉིས། འཛམ་གླིང་བོད་ཀྱི་གླིང་དང་གསུམ། ནུབ་ཕྱོགས་ཨོ་རྒྱན་གླིང་དང་བཞིའོ། །