ཞི་བྱེད་ཆོས་འབྱུང་།
དང་པོ། སུམ་ཅུ་རྩ་གསུམ་དང་དགའ་ལྡན་ལྷའི་ཡུལ་དུ་སྤྲུལ་པའི་ལོ་རྒྱུས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(དང་པོ། སུམ་ཅུ་རྩ་གསུམ་དང་དགའ་ལྡན་ལྷའི་ཡུལ་དུ་སྤྲུལ་པའི་ལོ་རྒྱུས།)

དང་པོ་ནི། དགའ་ལྡན་ལྷའི་གནས་ན་ཡུམ་གྱི་ཐུགས་སྤྲུལ་རིགས་ལྡན་མང་དུ་བྱུང་སྟེ། ལྷ་རྣམས་ལ་ལོངས་སྤྱོད་ཚོགས་ཀྱི་འཁོར་

15b

ལོ་བསྐོར་ཞིང་འགྲོ་བ་ཐམས་ཅད་ཐབས་ཀྱིས་བརྟུལ། སུམ་ཅུ་རྩ་གསུམ་དུ་གླིང་ཆེན་པོ་བརྡལ་སྐྱོབ་ཅེས་བྱ་བའི་གླིང་དེ་ལ་སྐོར་སོ་བཞི་ཡོད་དེ། དབུས་ཀྱི་གཙོ་བོ་ཧ་ལ་བརྡལ་སྐྱོབ་ཀྱི་གླིང་དེ་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། རོལ་མོ་དང་མཆོད་པ་འབུལ་བའི་ས་དེར་ལྷའི་རྒྱལ་པོ་ཞིག་བཞུགས། ཡུམ་གྱི་སྐུའི་སྤྲུལ་པས་ལྷ་རྣམས་ཀྱི་འགྲོ་དོན་རྒྱ་ཆེན་པོ་མཛད་ནས་བདེ་བ་ལ་བཀོད་པ་ཡིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བཞུགས་ཏེ། ལྷ་རྣམས་ལོངས་སྤྱོད་ལ་གཡེང་པར་སྣང་། གླིང་དེའི་ཤར་ཕྱོགས་ན་བཀྲ་ཤིས་སྒོ་མང་བྱ་བའི་གླིང་ཞིག་ཡོད་དེ། དེའི་གྲོང་ཁྱེར་དེ་ན་ཡུམ་གྱི་གསུང་གི་སྤྲུལ་པའི་འདུལ་ཞིང་ཡོད། ལྷོ་ཕྱོགས་སུ་ནོར་བུ་ཕུན་ཚོགས་ཀྱི་གླིང་བྱ་བ་ཡིན། ཡུམ་གྱི་ཐུགས་ཀྱི་སྤྲུལ་པའི་འདུལ་ཞིང་ཡོད། ནུབ་ཕྱོགས་སུ་སྐྱོ་ངལ་མེད་པར་བརྡལ་བའི་གླིང་བྱ་བ་ཡིན། ཡུམ་གྱི་ཡོན་ཏན་གྱི་སྤྲུལ་པའི་འདུལ་ཞིང་ཡོད། བྱང་ཕྱོགས་ཀུན་དྷ་ལི་ནའི་གླིང་བྱ་བ་ཡོད། ཡུམ་གྱི་འཕྲིན་ལས་ཀྱི་སྤྲུལ་པའི་འདུལ་ཞིང་ཡོད། གླིང་ཆེན་པོ་བརྡལ་སྐྱོབ་ཅེས་བྱ་བ་ལ་གླིང་ཆེན་པོ་བཞིས་བསྐོར་བ་ཡོད། གླིང་རེ་རེ་ལའང་འཛམ་གླིང་བརྒྱ་བརྒྱ་རེ་ཡོད། དེ་ལ་སྒྲ་སྙན་གྱི་གླིང་བྱ་བ་དང་། དྲི་མཆོག་གི་གླིང་བྱ་བ་དང་། རོ་མཆོག་གི་གླིང་བྱ་བ་དང་། ཀུན་ཧན་ཕུན་ཚོགས་ཀྱི་གླིང་བྱ་བ་དང་། ཀུན་དྷར་ལ་མའི་གླིང་རྣམས་ཡོད། དེ་ཡན་ཆད་ལ་ལྷའི་གླིང་དང་གྲོང་ཁྱེར་བསམ་གྱིས་

16a

༄༅།       །མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་ཞིག་ཡོད། ལྷ་རྣམས་རང་གི་རྒྱན་དང་ལོངས་སྤྱོད་ལ་གཡེང་བ་མང་ངོ་། །ལྷ་འགའ་ཞིག་རྒྱ་གར་གྱི་ཡུལ་དུ་འགྲོ་དོན་བྱེད་པ་མང་པོ་ཡོད། ལྷ་འགའ་ཞིག་བོད་ཡུལ་དུ་ལྷུང་བ་ཕྱག་དོག་པ་ཡང་མང་པོ་ཡོད། ལྷ་འགའ་ཞིག་བར་དོ་ན་འཁྱམས་པ་ཡང་མང་པོ་ཡོད། ལྷ་འགའ་ཞིག་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་བརྒྱུད་པ་འཛིན་པ་ཡང་མང་པོ་ཡོད། གླིང་ཆེན་པོ་བརྡལ་སྐྱོབ་ཀྱི་ཤར་གླིང་བཀྲ་ཤིས་སྒོ་མང་གི་དབུས་སུ། ཕུན་ཚོགས་དཔལ་གྱི་རི་ཏ་ལ་སི་གླིང་བྱ་བ་ཞིག་ཡོད། དེའི་དབུས་སུ་ལྷུན་གྲུབ་ཀྱི་མཆོད་རྟེན་ཆེན་པོ་གཅིག་བཞུགས་ཏེ། དེ་ལ་རང་བྱུང་གི་མཆོད་རྟེན་སྟོང་དང་རྩ་གཉིས་འབྱོན་པ་ཡོད། ལྷའི་བུ་དང་བུ་མོས་ལོངས་སྤྱོད་གཏེར་དུ་འབུལ། གླིང་དེ་ནི་ཡུམ་གྱི་གསུང་གི་འདུལ་བའི་གླིང་ཡིན། ཡུམ་གྱི་རྣམ་སྤྲུལ་དཔའ་བོ་དཔའ་མོའི་ཚོགས་དང་ཌཱཀྐི་མ་གཅིག་ལ་འཁོར་དུ་ཌཱཀྐི་མ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་སོ། །གླིང་ཆེན་པོ་བརྡལ་སྐྱོབ་ཀྱི་ལྷོ་གླིང་ནོར་བུ་ཕུན་ཚོགས་སུ་རང་བྱུང་ཤེལ་གྱི་མཆོད་རྟེན་ཞིག་ཡོད། ཕྱོགས་བཞི་ན་མེ་ཏོག་གི་གླིང་ཆེན་པོ་བཞི་ཡོད། མེ་ཏོག་དེ་དག་ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་འབུལ་ཞིང་། དེ་ན་ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། མཁའ་འགྲོ་མ་སྐུ་མདོག་སེར་མོ་ཞིག་གིས་འདུལ་

16b

ཞིང་ཡོད་པའི་དུས་སུ། ཉི་མ་ཐང་ཙམ་ན་ལྷའི་བུ་དང་བུ་མོ་རྣམས་ཀྱིས་མཆོད་པའི་རོལ་མོ་བྱས་ནས་སྤྱན་དྲངས་ཏེ། འོག་མིན་གྱི་གནས་སུ་ཡུམ་གྱི་དྲུང་དུ་སླེབ་པར་བྱོན་ནོ། །ཡུམ་གྱི་ཞལ་ནས་། ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་འགྲོ་དོན་མི་མཛད་པར་འདིར་བྱོན་པའི་ལུགས་ཅི་ཡིན་གསུངས། མཁའ་འགྲོ་མའི་ཞལ་ནས། ལྷ་རྣམས་ལོངས་སྤྱོད་ལ་གཡེང་བར་སྣང་། ངས་ཀྱང་ལོ་ཁྲི་གཅིག་ཏུ་འགྲོ་དོན་བྱས་གསུངས། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་གྲངས་ལས་འདས། དེ་ནི་ནུབ་ཨོ་རྒྱན་གྱི་ཡུལ་དུ་འགྲོ་དགོས་གསུངས་ནས། འཇའ་དང་འོད་ཀྱི་ཚུལ་དུ་ཡལ་ནས་སོང་སྐད། དེ་ནས་ཡུམ་གྱི་ཐུགས་སྤྲུལ་འགྲོ་བ་འདུལ་བའི་ཌཱཀི་མ་དེ་ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་ཕྱིན་ནས་འདི་སྐད་གསུངས། ལྷ་ཡི་སྐུ་རུ་མ་སྤྲུལ་ཚེ། །འགྲོ་བ་འདུལ་བའི་གཞན་སྣང་མེད། །ཅེས་གསུངས་ནས་རིག་པ་ཡུམ་ལ་ཞུགས་ཏེ། ཡབ་ནི་ལྷ་བདེ་སྤྱོད་བྱ་བ་དང་ཡུམ་བལ་མོ་མཚོ་བྱ་བ་ཡིན། དེ་གཉིས་ཀྱི་ལྷུམས་སུ་ཞུགས་པའི་ཌཱཀྐི་མ་དེ་ནོར་བུ་ཕུན་ཚོགས་གླིང་དུ་བྱོན་ནས། ལྷའི་ལོ་གསུམ་ཙམ་ཞིག་འགྲོ་དོན་མཛད་ཅིང་བཞུགས། དེའི་ཚེ་ལུས་ལྷའི་ལུས་དང་སེམས་ཡུམ་གྱི་ཐུགས་བཞིན་དུ་ལྷ་རྣམས་ཐམས་ཅད་ཐབས་ཀྱིས་འདུལ་ཞིང་བཞུགས་སོ། །མ་རྒྱུད་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ལོ་བན་ཤེལ་གྱི་མཆོད་རྟེན་ལ་མཆོད་པ་འབུལ་བ་དང་སྨོན་ལམ་འདེབས་པ་དང་

17a

༄༅།       །ཕྱག་འཚལ་བ་དང་བསྐོར་བ་བྱེད་པ་ཡང་མང་པོར་གདའ། ཡུམ་གྱི་སྤྲུལ་པ་མཁའ་འགྲོ་མ་དེས། ཡུམ་གྱི་ཐུགས་བཅུད་ཆོས་རྣམས་དང་། སྔ་མའི་ཆོས་ཀྱི་གླེང་གཞི་དང་། གསང་སྔགས་ཨུ་དུམ་ཝ་རའི་རྒྱུད་དང་། ཐུགས་བཅུད་མ་རིག་མུན་སེལ་གྱི་རྒྱུད་དང་། རྒྱུད་ཆེན་པོ་ལྔ་འཆད་ཅིང་ནུབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་དང་། དཔའ་བོ་དང་མཁའ་འགྲོའི་ཚོགས་ལ་མཆོད་པ་དང་། ཨོ་རྒྱན་ཡུལ་དུ་ཡང་ཚོགས་ཀྱི་ལོངས་སྤྱོད་དང་། གཏོར་ཆེན་ལྔས་ཀྱང་མཆོད་པར་མཛད་བཞིན་དུ་ལྷའི་ལོ་ཁྲི་ཚོ་ཕྱེད་དང་གཉིས་བཞུགས་པ་ལས། ནམ་ཞིག་གི་ཚེ་ན་མཁའ་འགྲོ་མ་སྔོ་བསངས་ཞིག་མདུན་དུ་བྱོན་ནས། ལྷའི་ཡུལ་དུ་འགྲོ་དོན་མ་རྫོགས་སམ། གཞན་དུ་འགྲོ་དོན་བྱེད་རྒྱུ་མེད་དམ། སྤྲོས་པ་ཉེར་བར་ཞི་བར་གྱིས་ཤིག་གསུངས་པས། དེར་དགོངས་པ་ལ། ཕུན་ཚོགས་ཀྱི་ཡུལ་འདི་ལྟ་བུ་ནི་ལྷའི་ཡུལ་ལ་ཡང་ཡོད། ཕ་མ་ནི་ལྷའི་དབང་པོའི་སྡེ་ཚོགས་ཡོད། མཁའ་འགྲོ་མའི་གསང་སྤྱོད་ཀྱི་ཆོས་འདི་ལྟ་བུས་འགྲོ་བ་འདྲེན་པ་ལས། ལོགས་སུ་འགྲོ་དོན་ཞིག་ཅི་དགོས་ཨང་སྙམ་པའི་ཚེ་མདུན་གྱི་མཁའ་འགྲོ་མ་དེ་ཡལ་བར་གྱུར། དེའི་ཕྱི་ཉིན་རྒྱ་གར་རྡོ་རྗེ་གདན་དུ་ཚོགས་ཀྱི་མཆོད་པ་བརྒྱ་ཆེན་པོ་བྱེད་པ་ལ་ཆ་ལང་དང་། པི་ཝང་དང་། རྔ་བོ་ཆེའི་སྒྲ་དང་། ཅོང་གི་སྒྲ་དང་། ལྷ་ཆའི་སྒྲ་བསམ་གྱིས་

17b

མི་ཁྱབ་པ་གྲགས་པ་ན། དེའི་ཚེ་ལྷ་གནས་ཀྱི་ལྷ་རྣམས་ཀྱང་བལྟད་མོ་ལ་བྱོན། ཕུན་ཚོགས་གླིང་ནས་ཡུམ་གྱི་སྤྲུལ་པ་མཁའ་འགྲོ་དེ་ཡང་། འཁོར་དུ་ལྷའི་བུ་དང་བུ་མོ་ལྔ་བརྒྱ་དང་འགྲོགས་ནས་རྡོ་རྗེ་གདན་དུ་བལྟད་མོ་དང་མཆོད་པ་ལ་བྱོན་ནོ། །དེའི་ཚེ་རྒྱ་གར་གྱི་གྲོང་ཁྱེར་སེར་སྐྱ་བྱ་བ་ནས། རྒྱ་གར་ཤཱཀ་རིགས་ཨའི་དབང་ཕྱུག་བྱ་བ་དང་། ཡུམ་ལྷ་ས་གླུ་སྒྲོན་བྱ་བ་གཉིས་ཀྱིས། མཆོད་པའི་ཚོགས་མང་པོ་བཤམས་ནས་སེར་སྐྱའི་གྲོང་ཁྱེར་བ་འདུས་ཏེ། ཡུམ་ཆེན་མན་ཆད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འདེབས་ཤིང་། ངེད་བཟའ་མི་གཉིས་བྲམ་ཟེའི་ནང་ནས་རྒྱ་གར་ཤཱཀ་རིགས་ཀྱི་བརྒྱུད་པ་འདི་ཆད་ལ་ཁད་ཡོད་པར་བརྟེན། ངེད་མྱ་ངན་གྱིས་གདུང་ཞིང་ཡོད་པ་དང་། ཁྱེད་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་མན་ཆད་ཀྱི་ལྷ་རྣམས་ཀྱིས་གསན། ཤཱཀ་རིགས་ཨའི་དབང་ཕྱུག་ངེད་གཉིས་སྨོན་ལམ་མཐུན་པ་ཡིན་པས། སྨོན་ལམ་འདེབས་དགོས་ཟེར་ནས་རྒྱ་ཆེན་པོ་བཏབ་པས། ནོར་བུ་ཕུན་ཚོགས་གླིང་ནས་བྱོན་པའི་མཁའ་འགྲོ་མ་ཡུམ་གྱི་ཐུགས་སྤྲུལ་དེ་ཉིད། སུམ་ཅུ་རྩ་གསུམ་དང་དགའ་ལྡན་དུ་འགྲོ་དོན་རྫོགས་པ་དང་། སེར་སྐྱའི་བཟའ་མི་གཉིས་ཀྱིས་སྨོན་ལམ་བཏབ་པ་དུས་མཚུངས་པས། སྨོན་ལམ་གྱི་

18a

༄༅།       །དབང་དང་རྐྱེན་གྱིས་མཁའ་འགྲོ་དེ་འཕོ་ལྟུང་ཕོག་ནས། བྲམ་ཟེ་བཟའ་མི་གཉིས་ཀྱི་སྨོན་ལམ་འགྲུབ། དེའི་ཚེ་རྒྱ་གར་རྡོ་རྗེ་གདན་དུ་འགྲོ་བའི་དོན་དུ་ཡུམ་གྱི་ལྷུམས་སུ་ཞུགས་པར་དགོངས་སོ༑ ། དེ་ཡན་ཆད་སུམ་ཅུ་རྩ་གསུམ་དང་དགའ་ལྡན་ལྷའི་གནས་ཀྱི་ལེའུ་སྟེ་དང་པོའོ། །       ། །