ཞི་བྱེད་ཆོས་འབྱུང་།
བརྒྱུད་ལུགས་བཤད་པ།
ལེའུ་སྔོན་མ།
(བརྒྱུད་ལུགས་བཤད་པ།)
དེ་ཡང་རྒྱ་གར་རྡོ་རྗེ་གདན་པ་ཐམས་ཅད་འདུས་ཏེ། ཆོས་ཐམས་ཅད་རྒྱ་གར་ནས་བསྒྱུར་བ་ཡིན་པ་ལ། ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་བྱ་བ་ནི་རྒྱ་གར་དུ་ཡང་མ་གྲགས། བོད་དུ་གྲགས་པ་ཡིན། བོད་འདི་ལ་བདུད་དང་རྒྱལ་བསེན་བསྡོངས་ནས་བོད་བརླག་པར་ཡོད་པར་སྣང་བས། རྒྱ་གར་གྱི་ཆོས་ཐམས་ཅད་སྒྲུབ་བྱེད་ཡིན། འོ་ན་བརླག་ཏུ་འཇུག་པ་ཨེ་ཡིན། འདི་ཅི་འདྲ་ཡིན་མིན་བལྟ་རུ་འགྲོ་དགོས་ཟེར་ཞིང་། རྐང་མགྱོགས་པ་མི་གསུམ་བཏང་འདུག་པས། ང་ཆོས་འདིའི་བརྒྱུད་ལུགས་བཤད་པ་ཡིན་ཐམས་ཅད་ཉོན་ཅིག་གསུངས་ནས། དེའི་ཉིན་པར་བཀའ་ཚོམས་ཞིབ་རྒྱས་
31a
སུ་གསུངས། ཡང་ལེའུ་ལ་ས་མ་ཏིའི་འགྲེལ་པ་སཾ་སྐྲྀ་ཏ་ལྷའི་སྐད་དུ་གསུངས། །གཅོད་ཡུལ་ཟླ་བ་གཅིག་ཏུ་གསུངས་པས། དབུས་གཙང་མདོ་ཁམས་རྣམས་དང་། དེར་ཚོགས་པ་ཐམས་ཅད་ཡིད་ཆེས་པར་གྱུར་ཅིང་། ཚིག་གི་སྒྲོ་སྐུར་དང་ཡང་བྲལ་བ་བྱུང་། དེ་ནས་ཨ་མའི་སྐྱེ་རབས་གསུངས་ཏེ། ང་ནི་ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ཡིན་པས། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་གནས་ན་གླིང་ཆེན་པོ་བརྡལ་སྐྱོབ་བྱ་བ་ཡོད། དེའི་ལྷོ་ཕྱོགས་ན་ནོར་བུ་ཕུན་ཚོགས་བྱ་བའི་གླིང་གཅིག་ཡོད་དེ། དེ་ནི་ཡུམ་གྱི་ཐུགས་ཀྱི་སྤྲུལ་པས་འདུལ་བའི་གླིང་ཡིན། ང་དེ་རུ་སྐྱེས་པའི་ཡབ་ནི་ལྷའི་རྒྱལ་པོ་བདེ་སྤྱོད་བྱ་བ་དང་། ཡུམ་ནི་བལ་མོ་མཚོ་བྱ་བ་ཡིན། དེ་གཉིས་ཀྱི་སྲས་སུ་སྐྱེས་ཏེ་ལྷའི་ཡུལ་དུ་འགྲོ་དོན་ཡུན་རིང་དུ་བྱས། དེ་ནས་རྡོ་རྗེ་གདན་དུ་ལྷ་རྣམས་བལྟད་མོ་ལ་བྱོན་ཏེ། ལྷའི་ཡུལ་དུ་འགྲོ་དོན་རྫོགས་པ་དང་། རྡོ་རྗེ་གདན་དུ་འགྲོ་དོན་བྱེད་རན་པ་གཉིས་དུས་འཛོམ་པས། འཇའ་དང་འོད་ཀྱི་ཚུལ་དུ་རྒྱ་གར་རྡོ་རྗེ་གདན་གྱི་གྲོང་ཁྱེར་སེར་སྐྱར་ཡབ་ཨའི་དབང་ཕྱུག་དང་། ཡུམ་ལྷ་ས་ཀླུ་སྒྲོན་བྱ་བའི་སྲས་སུ་སྐྱེས་པ་ཡིན། ངའི་མིང་ལ་སྨོན་ལམ་གྲུབ་ཏུ་བཏགས། དེ་ནས་རྒྱ་གར་གྱི་མུ་སྟེགས་པ་ཐམས་ཅད་བཏུལ་ནས་ནང་སྡེ་ལ་བཀོད། ཡབ་ཡུམ་གཉིས་འདས་པའི་གཤེགས་
31b
བརྫོངས་ཐམས་ཅད་ཀྱང་བྱས། ཐོས་བསམ་གྱི་སྒྲོ་འདོགས་ཀྱང་དར་ཅིག་བཅད་དེ། པོ་ཏ་རིའི་བྲག་ཕུག་ཏུ་བསྒོམ་ཞིང་བསྡད་ཡོད་ཙ་ན། མཁའ་འགྲོ་མས་ལས་མཁན་བྱས་ཏེ། བོད་ཡུལ་དུ་འགྲོ་བ་སེམས་ཅན་གྱི་དོན་ལ་འགྲོ་དགོས་གསུངས། ངའི་བམ་རིག་ཕྲལ་ནས་ལུས་པོ་དེ་བྲག་ཕུག་དེའི་ནང་ན་ཡོད་པ་ཡིན། ངའི་མགོ་ཐོད་ལ་རྣམ་པར་སྣང་མཛད་ཀྱིས་གཙོ་མཛད་པའི་རིགས་ལྔ་ཡབ་ཡུམ་འཁྲིལ་སྦྱོར་གྱི་སྐུ་འབྱོན་ནས་ཡོད། སྙིང་ལ་ཤཱཀྱ་ཐུབ་པའི་སྐུ་རང་འབྱོན་ཡོད། རུས་པ་རྣམས་ལ་གདུང་ཤ་རི་རམ་སྲན་མ་ཙམ་འབུམ་ཡོད། དེ་མིན་པ་རིང་བསྲེལ་ཁ་དོག་སྣ་ལྔ་ཚང་བ་རྒྱ་གར་རྡོ་རྗེ་གདན་གྱི་བྲེ་ཚད་མ་ག་དྷའི་བྲེ་གང་འབྱོན་ནས་ཡོད། འདིར་ཡང་བོད་ཡུལ་དུ་འགྲོ་དོན་བྱེད་བཞིན་པ་འདི་ཀ་ཡིན་གསུངས། ད་ལོ་ཡང་དྲུག་ཅུ་རེ་གསུམ་སོང་། དགུ་བཅུ་གོ་དགུ་ལོན་ཙ་ན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་འགྲོ་དོན་བྱེད་དུ་འགྲོ། དེར་འགྲོ་དོན་ཐམས་ཅད་རྫོགས་ནས་མཐར་ཐར་པ་ཐོབ། ད་སྲིན་པོའི་གྲོང་ཁྱེར་ཁ་ལོ་བསྒྱུར་གསུངས་པས། དེར་ཚོགས་པ་ཐམས་ཅད་གྲོས་བྱས་ནས་རྒྱ་གར་གྱི་རྐང་མགྱོགས་པ་མི་གསུམ་རྡོ་རྗེ་གདན་དུ་བཏང་། དམ་པ་ཡང་བྱོན། རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་པཎྜི་ཏ་རྣམས་འདུས་ནས། དེར་འདུས་པ་ཐམས་ཅད་ལ་མ་ཅིག་གི་གདམས་པའི་བརྒྱུད་ལུགས་དང་། གདམས་ངག་
32a
༄༅། །འདེབས་ལུགས། ཨ་མ་སྐྱེས་པའི་ལོ་རྒྱུས། པོ་ཏ་ལའི་རི་ལ་བྷ་དྲའི་བྲག་ཕུག་ཏུ་ཁོང་གི་གདུང་རུས་ལ་རང་འབྱོན་ཡོད་པའི་ལོ་རྒྱུས་རྣམས་ཕྲི་བསྣན་མེད་པར་ཞུས་པས་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱི་ཞལ་ནས། དེའི་ཆོས་བརྒྱུད་དེ་ཡང་ཡུམ་གྱི་ཐུགས་སྤྲུལ་ཡིན་ངེས། ཡང་ན་རྒྱལ་བསེན་གྱི་ཆོ་འཕྲུལ་ཨེ་ཡིན། འདི་གང་ཡིན་ཆ་མེད་ཟེར། ཞལ་གདམས་གུད་དུ་མ་ལུས་པར་ལེན་དགོས་ཟེར་ནས་ཁ་ཆམ་མོ། །པོ་ཏ་རིའི་རྩེ་མོ་བྷ་དྲའི་བྲག་ཕུག་ཏུ་ལྟོས་ཟེར། པཎྜི་ཏ་མང་པོ་ཚོགས་ནས་བལྟས་ཙ་ན། ལབ་སྒྲོན་གྱིས་ཇི་ལྟར་གསུངས་པ་བཞིན་སྣང་བས། རྟེན་རྣམས་གདན་དྲངས་ནས་རྡོ་རྗེ་གདན་དུ་ཕྱིན་པས། རྒྱ་གར་ཆོས་ཀྱི་རྒྱལ་པོས་ཕྱོགས་མཐའ་དག་ལ་རྐང་མགྱོགས་པ་བཏང་ནས་ཐམས་ཅད་འདུས་ཏེ། དེར་འདུས་པ་ཐམས་ཅད་ལ་རྟེན་རྣམས་བསྟན་ནས། ཐམས་ཅད་ངོ་མཚར་སྐྱེས་ཏེ། བདུད་དང་རྒྱལ་བསེན་གྱི་སྤྲུལ་པ་མིན་པར་ངེས། དེའི་ཆོས་བརྒྱུད་རྣམས་གདན་དྲངས་དགོས་ཟེར་ནས་ཐམས་ཅད་ཁ་ཆམ། གདུང་རུས་ཀྱི་རིང་བསྲེལ་མ་ག་དྷའི་བྲེ་ཚད་གང་བྱུང་། དེར་རྒྱ་གར་ཆོས་ཀྱི་རྒྱལ་པོས་རྟེན་ཐམས་ཅད་ནས་རེ་རེ་ལ་བདུན་ཆ་རེ་གནང་། ཐམས་ཅད་ཀྱིས་དད་པའི་རྟེན་ལ་བགོས་པས། རྒྱ་གར་གྱི་རྒྱལ་པོ་རྣམས་
32b
ན་རེ། ཐམས་ཅད་ལ་ཐེམས་པ་ཅིག་བྱུང་གསུངས། དབུ་ལ་རིགས་ལྔའི་སྐུ་འཁྲིལ་སྦྱོར་དུ་བཞུགས་པ་དེ་རྒྱ་གར་རྡོ་རྗེ་གདན་དུ་བཞུགས་ཏེ། རྒྱ་གར་ཆོས་ཀྱི་རྒྱལ་པོའི་དད་པའི་རྟེན་མཛད། ཐུགས་ལས་འབྱོན་པའི་ཤཱཀ་ཐུབ་དེ་བོད་ཡུལ་དུ་བྱིན་རླབས་ཞུགས་པའི་རྟེན་འབྲེལ་དང་། སྟོད་དབུས་ཁམས་གསུམ་དུ་ཚིག་གི་ཐ་སྙད་ལ་སྒྲོ་འདོགས་གཅོད་པའི་ཕྱིར་དང་། སྐྱེ་བ་སྔ་ཕྱི་དྲན་པའི་བདེན་པ་སྟོན་པའི་ཕྱིར་བོད་ཡུལ་དུ་གདན་དྲངས་པ་ལགས་སོ། །དེ་ནས་དམ་པ་རྒྱ་གར་དང་རྐང་མགྱོགས་གསུམ་པོ་ཟངས་རི་མཁར་དམར་དུ་མའི་དྲུང་དུ་བྱོན་ནས། མཆོད་པ་རྒྱ་ཆེན་པོ་ཕུལ། ཕྱག་དང་བསྐོར་བ་བྱས་པུས་མོ་བཙུགས་ཏེ། དམ་པའི་ཞལ་ནས། ཁྱེད་ཡུམ་ཆེན་མོའི་སྤྲུལ་པ་ངོ་མཚར་ཆེ། ཞལ་ནས་ཇི་ལྟར་གསུངས་པ་ཐམས་ཅད་ནོར་འཁྲུལ་གཅིག་ཀྱང་མི་འདུག་པས། དབུ་ལ་འབྱོན་པའི་རིགས་ལྔ་དེ་རྒྱ་གར་རྒྱལ་པོའི་ཐུགས་དམ་མཛད། རིང་བསྲེལ་མ་ལུས་པ་རྗེ་འབངས་རྣམས་ཀྱི་ཐུགས་དམ་མཛད། ཐུགས་ལ་འབྱོན་པའི་ཤཱཀ་ཐུབ་དེ། །སྟོད་དབུས་ཁམས་གསུམ་ཐམས་ཅད་ཀྱི་དད་པའི་རྟེན་དུ་གདན་དྲངས་ཡོད། ཐུབ་དབང་དེ་དེར་འདུས་ཐམས་ཅད་ལ་ངོམས་བཞིན་དུ་ཞལ་མཇལ་སྟོན་ཅིང་བྱིན་རླབས་མཛད་དོ། །དེ་ནས་དམ་པའི་ཐུགས་དམ་གྱི་རྟེན་བྱེད་པ་ཡིན་གསུངས་ནས་
33a
༄༅། །ལ་སྟོད་དུ་གདན་དྲངས། དེའི་ཚེ་ཚོགས་པ་ཐམས་ཅད་ཀྱིས་ངོ་མཚར་ཆེ་ཟེར་ནས་ཀུན་དད་པ་ལ་ཚུད་ཅིང་། སྒྲོ་སྐུར་དང་གཤེ་བ་མི་བྱེད་པར་སྙེམས་ཐག་ཆོད། འཛམ་བུའི་གླིང་དུ་དམ་ཆོས་བདུད་ཀྱི་གཅོད་ཡུལ་དར་བས། ཇོ་མོའི་བསྟན་པ་ནམ་ལངས་ཉི་མ་ཤར་བ་བཞིན་དུ་གྱུར་ཏོ། །དེ་ནས་མའི་དགོངས་པ་ལ། རྒྱ་གར་རྡོ་རྗེ་གདན་འདི་འཛམ་བུའི་གླིང་གི་དབུས་ཡིན་པས་ཆོས་ཐམས་ཅད་རྒྱ་གར་ནས་བྱུང་སྟེ། ལབ་སྒྲོན་མའི་ཆོས་བརྒྱུད་འདི་བོད་ཡུལ་གྱི་དབུས་ཟངས་རི་མཁར་དམར་ནས། རྒྱ་གར་དུ་བོད་ཀྱི་འདི་དར་བ་ཅིག་བྱ་དགོས་དགོངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉམས་སུ་ལེན་པའི་ཐབས། དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི་ལ་ཡིད་ཆེས་པར་བྱ་བའི་ཕྱིར་དུ་། ཕ་རྒྱུད་བརྡའི་བརྒྱུད་པ་དང་གཅིག །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་དང་གཉིས། སྙིང་པོ་དོན་གྱི་བརྒྱུད་པ་དང་གསུམ། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་དང་བཞི་རུ་བསྡུས། དེ་ལ་ཕ་རྒྱུད་ནི་ཐབས་གཙོ་ཆེར་སྟོན། མ་རྒྱུད་ནི་ཤེས་རབ་གཙོ་ཆེར་སྟོན། སྙིང་པོ་དོན་གྱི་བརྒྱུད་པ་ནི་གཉིས་མེད་དོན་གྱི་བདེ་བ་ཆེན་པོ་གཙོ་ཆེར་སྟོན། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་ནི། ཨ་མ་ཇོ་མོ་ཉམས་མྱོང་རྒྱུད་ལ་སྐྱེས་པའི་དོན་མངོན་དུ་གྱུར་ཏེ། བཀའ་དང་མི་འགལ་བར་
33b