ཞི་བྱེད་ཆོས་འབྱུང་།
༤ ཕོ་གཅོད་དང་མོ་གཅོད་གཉིས་ཀྱི་ངོས་བཟུང་བ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༤ ཕོ་གཅོད་དང་མོ་གཅོད་གཉིས་ཀྱི་ངོས་བཟུང་བ།)

ཕོ་གཅོད་མོ་གཅོད་གཉིས་ཀྱི་ངོས་བཟུང་བ་ནི། ཕ་རྒྱུད་བརྡའ་ལས་བརྒྱུད་པ་ནི་ཕོ་གཅོད་དང་། ཡུམ་གྱི་ཐུགས་སྤྲུལ་མ་ཅིག་ལབ་སྒྲོན་ལ་མཁའ་འགྲོ་ཐམས་ཅད་ཀྱིས་ཞལ་མངོན་སུམ་དུ་བསྟན་ཅིང་སྙན་དུ་བསྟིམས་པ་རྣམས་མོ་གཅོད་ཡིན་ནོ། །དེ་ནས་སྲས་རྣམས་ལ་བརྒྱུད་པའོ། །སྲས་ལ་གྲུབ་པེ། གྲུབ་ཆུང་། ཡང་གྲུབ་དང་གསུམ་ཡོད་པ་ལས། གྲུབ་པེ་བྱ་བ་ནི་ཐོད་པ་དོན་གྲུབ་ཡིན། གྲུབ་ཐབ་འཛམ་གླིང་དུ་གྲགས་པ་ཞིག་ཡིན། གྲུབ་ཆུང་མ་བྱ་བ་ནི་ཅི་མཛད་ཆོས་སུ་འགྲོ་བ་ཅིག་ཡིན། ཡང་གྲུབ་བྱ་བ་ནི་ལོ་བཅུ་ལོན་ཚེ་གཟའ་ནད་ཕོག་སྟེ་སྨྱོ་བརྒྱལ་དུ་སོང་བས། ཡབ་ཐོད་པ་བྷ་དྲས་ཟངས་རི་མཁར་དམར་དུ་ཨ་མའི་དྲུང་དུ་སྐྱལ། དེའི་ནུབ་མོ་ཨ་མའི་མནལ་ལམ་དུ་ཕྱོགས་བཞི་ནས་དུང་དཀར་བཞི་དུས་གཅིག་ལ་འབུད་པས།

34b

གླིང་བཞི་ཀས་ཐོས་ཨང་དགོངས་པ་བྱུང་བ་ལས། དེའི་ཕྱི་ཉིན་སྲས་སླེབ་པས། ཨ་མའི་བཀའ་བརྒྱུད་འཛིན་པའི་སྣོད་ལྡན་དུ་གཟིགས་ཏེ། ཨ་མས་གསུངས་པའི་དམིགས་པ་བརྒྱ་རྩ་བསྟན་ཅིང་། དུར་ཁྲོད་དུ་ཞག་བདུན་ཉལ་བཅུག་པས་སྨྱོ་བརྒྱལ་གྱི་ནད་སངས། དེ་ནས་དམ་པ་རྒྱ་གར་ཟངས་རི་མཁར་དམར་དུ་གདན་དྲངས་ནས་སྲས་ལ་རབ་བྱུང་གི་སྡོམ་པ་ཞུས། ཨ་མའི་ཞལ་ནས། ཁོའི་ཕ་དེ་ཐོད་པ་བྷ་དྲ་ཡིན་ཁོ་སྨྱོ་བ་རྒྱལ་གྱི་ནད་ཕོག་ནས་འདི་རུ་ཁྲིད་བྱུང་། དམིགས་པ་བརྒྱ་རྩ་བསླབ་བས་ཁོའི་ནད་གསོས། དམ་པ་རྒྱ་གར་དང་མཇལ། དམ་པའི་ཐུགས་ལ་མངའ་བའི་དམ་ཆོས་རྣམས་ཐོབ་པས། ཁོའི་བསམ་པ་ཡང་འགྲུབ་ད་ཐོད་སྨྱོན་བསམ་འགྲུབ་ཏུ་བཏགས་གསུངས། དེ་ནས་ཨ་མས་དབང་ཆེན་རིན་ཆེན་སྤུངས་པའི་རྒྱུད་དང་། ཚེ་དབང་སྐོར་དང་། མ་རྒྱུད་མཁའ་འགྲོའི་གཏོར་མ་རིན་ཆེན་སྤུངས་པའི་དབང་དང་། རྫོགས་ཆེན་དང་། ཕྱག་ཆེན་དང་། ཕར་ཕྱིན་སེམས་སྒོམ་གྱི་སྐོར་རྣམས་དང་། གཞན་ཡང་ཨ་མའི་ཐུགས་ལ་གང་ཡོད་རྣམས་གནང་ནས་ལུང་བསྟན་པ། ཤམ་པོའི་གངས་ཕུག་མོ་ཆེའི་དབེན་གནས་སུ་སོང་ལ་སྒྲུབ་པའི་སྐོར་འདི་རྣམས་ཉམས་སུ་ལོང་། ལོ་བཅུ་གསུམ་གྱི་བར་དུ་འདག་སྦྱར་གྱིས་ནས་སྡོད། འཚོ་བ་འདྲེན་པའི་སྦྱིན་བདག་ཀྱང་ངས་གཏོང་བ་ཡིན་གསུང་ནས། བ་མེན་གྱི་མཆོད་ཞལ་ཞིག་ཐོགས་

35a

༄༅།       །སུ་བཅུག །གདམས་ངག་སྙན་བརྒྱུད་སྐོར་རྣམས་ཐུགས་སུ་ཆུད་པར་བྱས་ཏེ་གྲོགས་པོ་བཞི་དང་འགྲོགས་ནས། ཁོང་ལྔ་པོ་ཤམ་པོ་གངས་ལ་གཤེགས། དེ་ནས་མ་ཅིག་སེངྒེ་དཀར་མོ་ཞིག་ལ་ཆིབས་ནས་ཤམ་པོའི་གངས་ཀྱི་ཕུག་མོ་ཆེར་བྱོན་ནས་རྒྱུད་དབང་མཛད་བཞིན་བཞུགས་པའི་ཚེ། རྣལ་འབྱོར་པ་ལྔ་ཡང་སླེབས་པས། ཤམ་པོའི་གངས་ལ་སུ་ཡང་མེད་གསུངས་པ་ལས། སྤོས་ཀྱི་དུད་པ་དང་། ལྷ་ཆའི་སྒྲ་དང་། མི་མང་པོ་ཡང་ཡོད་པར་འདུག །འདིར་ཡང་སྒྲུབ་པ་མཐར་སྐྱོལ་མི་ཞིག་ཡོད་པར་སྣང་སྙམ་ནས་ཕུག་པའི་སྒོར་ཕྱིན་པས། བུད་མེད་རྒྱན་ལྡན་གཅིག་བྱོན་ནས་རྣལ་འབྱོར་པ་རྣམས་ནང་དུ་བྱོན་གསུངས། ནང་དུ་ཕྱིན་པས་སེང་གེས་བཏེགས་པའི་ཁྲིའི་སྟེང་དུ་མ་ཅིག་ལབ་ཀྱི་སྒྲོན་མ་ལ་འཁོར་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་གདའ། ཨ་མའི་ཞལ་ནས། ལྟོ་མ་ལྟོགས་སམ་བཀའ་བསྟན་བཅོས་ཀྱི་བརྒྱུད་དང་བཅས་པ་ཞུས་ཤིག་གསུངས། དེ་ནས་ཐོད་སྨྱོན་བསམ་འགྲུབ་ལ་བརྒྱུད་པའི་དབང་དང་། ཚེ་སྒྲུབ་ཀྱི་དབང་། མ་རྒྱུད་མཁའ་འགྲོའི་ཚོགས་དབང་དང་། སྙན་བརྒྱུད་ཀྱི་ལུང་ཐམས་ཅད་བཀྲོལ་ནས་དབང་མཛད། བཀའ་བརྒྱུད་ཀྱི་བྱིན་རླབས་མ་ཆད་པའི་དབང་དང་བྱིན་འབེབས་པར་མཛད། ཤམ་པོའི་གཞི་བདག་ཨ་མས་དམ་ལ་བཏགས་ཤིང་

35b

བཀའ་བསྒོས། གཞི་བདག་རྣམས་ཀྱིས་ཀྱང་བར་ཆད་མི་གཏོང་ཞིང་འཕྲིན་ལས་སྒྲུབ་བར་ཞལ་གྱིས་བཞེས། དེ་ནས་ཨ་མ་ཟངས་རི་མཁར་དམར་དུ་བྱོན། སྲས་དེར་བཞུགས་པས་ཕུག་པའི་སྒོ་ཕ་བོང་གིས་བཀག་ནས་བཞག །ཅི་ཡང་མི་མཐོང་བའི་གནས་དེར་ཟླ་བ་གསུམ་སོང་ནས་བཀྲེས་སྐོམ་ཀྱི་སྣང་བ་ཤར་བས་དགོངས་པ་ལ། གནས་འདི་ཨ་མས་བྱིན་གྱིས་བརླབས་པ་ཡིན། ཨ་མའི་ཞལ་ནས་ང་ལ་འཚོ་བ་སྦྱོར་བའི་ཡོན་བདག་ཅིག་གཏོང་བ་ཡིན་གསུངས་པའང་ཡོད། དང་ལྟོགས་རྒྱུ་རང་ཅི་ཡོད་དགོངས་ཏེ་སྒྲུབ་པ་མཛད་པས། ལོ་གསུམ་ཙམ་སོང་ཙ་ན། སྔར་རྒྱུས་ཡོད་པའི་རྣལ་འབྱོར་པ་ཞིག་བཏང་པ་དེས་ཐོད་སྨྱོན་བསམ་འགྲུབ་བྱས་ནས་བོས་པས། ཨ་གསུངས། ཁྱོད་ལྟོགས་ནས་མ་ཤིའམ་བྱས་པས། ཏིང་འཛིན་ཟས་སུ་བཟའ་བ་ལ། །མུ་གེས་ཅི་ལ་འཆི་ཡི་ཟེར། །ཟ་མའི་སྲེད་པ་ང་ལ་མེད། །གཏུམ་མོའི་བདེ་དྲོད་འབར་བ་ལ། །གོས་ཀྱི་སྲེད་པ་ང་ལ་མེད། །སྣང་བ་གྲོགས་སུ་འཆར་བ་ལ། །མཆེད་གྲོགས་སྲེད་པ་ང་ལ་མེད། །ཉོན་མོངས་ཟིལ་གྱིས་ནོན་པ་ལ། །གྲོགས་ཀྱི་གདུང་སེམས་བྲལ་ནས་ཐལ། །ཅིར་སྣང་གྲོགས་སུ་ཁྱེར་བ་ལ། །སྣང་སྲིད་སྐུ་དང་ཞིང་ཁམས་ཡིན། །ཉོན་མོངས་དུག་ལྔ་འཇོམས་པ་ལ། །ཡེ་ཤེས་ལྔ་ཡི་ཞིང་ཁམས་ཡིན། །ངའི་ཨ་མ་སྐུ་ཁམས་བཟང་ལགས་སམ། །གསུངས། དེ་ནས་དྲི་རྟོགས་

36a

༄༅།       །ཅི་བྱས་ཀྱང་གསུང་གླེང་མེད་པར་དགོངས་པ་ལ་བཞུགས། ཡང་ལོ་བདུན་ཙམ་སོང་བའི་ཚེ་ཉི་མ་ཤར་ཁ་ཅིག་ལ་བྲག་ལ་ཉི་མའི་སྲང་མདའ་ཅིག་བྱུང་སྙམ་པ་ལས། མཁའ་འགྲོ་མ་ཡིན་ཟེར་བའི་སྐུ་མདོག་དཀར་མོ་ཅིག་གི་ཕྱག་ན་བདུད་རྩིས་བཀང་བའི་ཞལ་བུ་བཟུང་སྟེ། སྒྲུབ་པ་པོས་འདི་གསོལ་ན་སྒྲུབ་པ་མཐར་འཁྱོལ་བ་ཡིན་གསུངས། ཐོད་སྨྱོན་བསམ་འགྲུབ་ཀྱི་དགོངས་པ་ལ། འདི་ཨ་མའི་སྤྲུལ་པ་ཡིན་པས་ཉམས་རྟོགས་འབུལ་དགོས་སྙམ་པའི་ཚེ། བུད་མེད་དཀར་མོ་ན་རེ། ཨ་མའི་ཞལ་ནས་ངས་ཁྱོད་ལ་འཚོ་བ་སྦྱོར་བའི་སྦྱིན་བདག་ཏུ་གཏོང་བ་ཡིན་གསུངས་པ་དེ་ང་ཡིན། ང་འཚོ་བ་འདྲེན་དུ་འོངས་པ་ཡིན་པས། སྒྲུབ་པའི་དྲོད་ཚད་དང་རྟགས་མ་བཤད་པར་ཆོས་ཉིད་ཀྱི་གཏེར་དུ་སྦོས། ང་ནི་ཁྱོད་ཀྱི་བླ་མ་མིན། མི་མ་ཡིན་ཡིན། ཁྱེད་ད་དུང་སེམས་ལ་འཁུ་འཁྲིག་འདུག་པས་ལྟ་རྟོག་སེམས་ལ་ཆོད་པར་གྱིས། ལྟ་སྤྱོད་ཟུང་དུ་འབྲེལ་བར་གྱིས། དུ་མ་རོ་གཅིག་ཏུ་བསྲེ་བར་གྱིས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ལོ་བཅུ་ལོན་ཙ་ན། བྲག་ཕུག་གི་སྒོ་དེ་ཧར་གྱི་བྱེ་ནས་བྱུང་བས། ཨ་མ་ལབ་ཀྱི་སྒྲོན་མ་སེངྒེ་དཀར་མོ་ལ་ཆིབས་ཏེ་བྱོན་འདུག །དེར་ཐོད་སྨྱོན་བསམ་འགྲུབ་བཞེངས་བསམ་ཙ་ན། བསུས་པ་རླ་ལ་འབྱར་ཞིང་རླ་བསུས་པ་ལ་འབྱར་ནས།

36b

ཡ་ར་ལངས་ཙ་ན་མར་འགྱེལ་ནས་སང་། དེ་ནས་ལངས་ཏེ་སྒྲུབ་པའི་དྲོད་ཚང་དང་རྟགས་ཕུལ་བས། ཨ་མ་ཐུགས་མཉེས་ཤིང་སྣོད་ལྡན་དུ་གཟིགས་ཏེ་འདི་སྐད་དུ། ད་གྲུབ་ཐོབ་ཁྱོད་ཀྱིས་རིགས་ལྡན་མཚན་ཉིད་དང་ལྡན་པ་ཚོལ་ལ་ཐབས་ཤེས་མཛོད་ཅིག །ཁྱོད་ཀྱི་གདུང་བརྒྱུད་ལ་ཕུའི་ཤམ་པོའི་གངས་དང་། མདའི་ཆུ་བོ་འདི་མ་སྐམ་གྱི་བར་དུ་ཁྱོད་ཀྱི་གདུང་བརྒྱུད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་མང་དུ་བྱུང་བ་ཡིན་གསུངས་ནས་ལུང་བསྟན་མཛད། ཐོད་སྨྱོན་གྱིས་ལ་སྟོང་དུ་སྐུ་འཁྲུངས་པའི་མཁའ་འགྲོའི་སྤྲུལ་པ་ཞིག་ལས་ལྡན་དུ་གཟིགས་ནས་ཐབས་ཤེས་མཛད་པས། སྲས་དཔལ་ཆེན་ཚེ་དབང་འཁྲུངས་དཔལ་ཆེན་ཚེ་དབང་ལ་སྐུའི་བྱིན་རླབས་ཞུགས་པས་གཟི་བརྗིད་འབར། གསུང་གི་ནུས་པ་རྒྱས། ཐུགས་ཀྱི་རྟོགས་པ་ཕུལ་དུ་ཕྱིན། འཕྲིན་ལས་ཀྱིས་འགྲོ་བ་ཡོངས་ལ་ཕན་ཐོགས་པ་བྱུང་། གངས་ཁྲོད་དང་དུར་ཁྲོད་བརྒྱ་རྩ་བརྒྱད་ལ་མ་ཅིག་དང་ཡབ་ཀྱིས་གནང་བའི་གདམས་པ་ཐམས་ཅད་ཉམས་ལེན་མཛད་པས། འབྲེལ་ཚད་དོན་དང་ལྡན་པ་བྱུང་སྐད། གངས་པའི་སྐུའི་སྲས་པོ་གངས་པ་རྨུག་སེང་། གསུང་གི་སྲས་པོ་གནམ་སེང་། ཐུགས་ཀྱི་སྲས་མོ་ལ་འདུས། ཡོན་ཏན་འཕྲིན་ལས་དང་བརྒྱུད་འཛིན་ཀྱི་སྲས་པོ་དཔལ་ཆེན་ཚེ་དབང་ངོ་། །དེ་ནས་ཐོད་སྨྱོན་ལ་ཨ་མའི་ཐུགས་ལ་གང་མངའ་བའི་གདམས་

37a

༄༅།       །པ་རྣམས་གནང་། ཟངས་རི་མཁར་དམར་དུ་ཤ་ནས་མར་ཐུད་ལ་སོགས་པའི་ཁལ་རྒྱབ་མང་དུ་བཀལ་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། རྒྱུད་རིན་ཆེན་སྤུངས་པའི་དབང་བརྒྱ་རྩ་བརྒྱད་མཛད། བརྒྱུད་པ་འཛིན་པའི་དབང་བསྐུར་ལུགས་རྣམས་གངས་པ་རྨུག་སེང་ལའང་མཉམ་དུ་གནང་། རྨུག་སེང་ཐོད་སྨྱོན་བསམ་འགྲུབ་ཀྱི་སྒོམ་རོགས་ལ་བཞུགས་ཤིང་། ཤམ་པོའི་གངས་ལ་ཆོས་བརྒྱུད་འཛིན་པ་མུ་ཏིག་རྩར་ལ་བརྒྱུས་པ་བཞིན་དུ་ཡོང་བ་ཡོད་གསུངས་ནས་མིང་ཡང་གདས་པ་རྨུག་སེང་དུ་བཏགས། ཨ་མའི་ཞལ་ནས། ང་ལོ་དགུ་བཅུ་གོ་དགུ་ལོན་ཙ་ན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་འགྲོ་དགོས་པ་ཡོད། དེ་ནས་འགྲོ་དོན་རྫོགས་ནས་སྲིན་པོའི་གྲོང་ཁྱེར་དུ་འགྲོ་གསུངས་སོ། །འདི་མན་གྱི་རྣམ་ཐར་ནི་རྣམ་བཤད་ཆེན་མོ་ན་གསལ། གླིང་གཞིའི་ལེའུ་རྫོགས་སོ། །        ། །