ཞི་བྱེད་ཆོས་འབྱུང་།
དང་པོ། སྤྱིར་སྐྱེ་བ་བརྒྱུད་ནས་བསྟན་འགྲོའི་དོན་ཆེན་མཛད་པ།
ལེའུ་སྔོན་མ།
(དང་པོ། སྤྱིར་སྐྱེ་བ་བརྒྱུད་ནས་བསྟན་འགྲོའི་དོན་ཆེན་མཛད་པ།)
དང་པོ་ནི། གསང་བདག་ཕྱག་ན་རྡོ་རྗེ། ཀུན་དགའ་པོ། རྒྱལ་པོ་ཛ་འམ་ཨིནྡྲ་བོ་དྷི། ཐུ་མི་སམ་བྷོ་ཊ། སློབ་དཔོན་ཤནྟིང་གརྦྷ། ལོ་ཙ་ཆེན་པོ་བཻ་རོ་ཙ་ན། ཤཱཀྱ་འབྱུང་གནས་ལ་སོགས་པར་སྤྲུལ་ནས་འཕགས་བོད་ཀྱི་ཡུལ་དུ་བསྟན་འགྲོའི་དོན་རླབས་ཆེན་མཛད་པ་ཡིན་ནོ། །
(གཉིས་པ། ཁྱད་པར་ཞིང་འདིར་སྐུ་བལྟམས་པ་ནས་གཟུང་སྟེ་གཟུགས་སྐུ་ཆོས་དབྱིངས་སུ་མ་བསྡུས་བར་གྱི་མཛད་པ།)
གཉིས་བ་ཞིང་འདིར་སྲིད་པའི་ཟློས་གར་བསྒྱུར་ཚུལ་ནི། གྲྭའི་དཀྱིལ་རུ་ན་ཡབ་ཀྱི་ཆོ་རིགས་ཞང་སྟག་དཀར་ཞེས་པ་ཆོས་ལ་དད་པ་དང་། ཡུམ་མཁའ་འགྲོའི་མཚན་རྟགས་ཅན་ལྷ་སྲས་ཤ་བ་སྒྲོན་མ་གཉིས་ལ་བལྟམས་ཏེ། ཡུམ་གྱི་མཚན་ལྟས་སུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ཉི་མ་ལྟར་འབར་བ་ཞིག་ཕྱག་ཏུ་བྱུང་ཞིང་། དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་དང་། ལུས་སེམས་བདེ་ཞིང་ལྷ་ཀླུའི་བུ་མོ་ལྟ་བུས་ཕྱག་བསྐོར་བྱེད་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་འདུག །དེ་ནས་ཟླ་གྲངས་རྫོགས་པ་དང་ཆུ་ཕོ་བྱི་བའི་ལོར་སྒྲ་སྒྱུར་མར་པ་ལོ་ཙྪ་སྐུ་བལྟམས་པ་དང་དུས་མཚུངས་སུ། རྗེ་འདི་ཉིད་ཀྱང་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་། སྐུའི་དཀྱིལ་འཁོར་ལྟ་ན་སྡུག་པ་སོགས་སྐུ་གསུང་ཐུགས་ཀྱི་རོལ་པ་ནི། བཀའ་ཐང་ལས་གསུངས་པ་ལྟར་ཆེ་
38a
༄༅། །བའི་ཡོན་ཏན་མཐའ་དག་དང་ལྡན་པ་སྟེ། གཟི་བརྗིད་ཀྱིས་གཞན་དག་ཟིལ་གྱིས་ནོན་པ་དང་། གཞོན་ནུ་ཉིད་ནས་བྱིས་པའི་སྤྱོད་པ་དང་བྲལ་བ་དང་། ངང་རྒྱུད་རིང་ཞིང་ཡབ་ཡུམ་ལ་གུས་པ་དང་། འགྲོ་བ་གཞན་ལ་བྱམས་ཤིང་མཆོག་དམན་བར་མ་ཀུན་དང་འགྲོགས་བདེ་བ་ལས་ཕལ་པའི་སྤྱོད་ཚུལ་གྱིས་མ་གོས་པ་དང་། ཆོས་དང་འཇིག་རྟེན་གྱི་སྒྱུ་རྩལ་གང་ལའང་ཐོགས་པ་མེད་པ་ཞིག་གོ །ན་ཚོད་ཆེར་སོན་པ་དང་ཡབ་མེས་ཀྱི་ལོངས་སྤྱོད་རྒུད་པས། གྲྭའི་རྔ་ཡུལ་ཞེས་པར་ལོ་ལྔ་ར་རྫི་མཛད། དེའི་ཚེ་ཕྱུགས་རྣམས་བྱམས་སྙིང་ཆེན་པོས་བསྐྱངས་ཤིང་རྡོའི་ཁྲི་ལ་བཞུགས་ཏེ། ཐོ་དང་ར་རྣམས་ལ་ཆོས་འཆད་པའི་ཚུལ་དང་། རེས་ཡི་གེ་འབྲི་བའི་ཚུལ་དང་། རེས་སྨན་སྦྱོར་བའི་ཚུལ་དང་། རེས་སྤྱན་ནམ་མཁའ་ལ་གཟིགས་ཏེ་ལྟ་སྟངས་མཛད་པ་དང་། རེས་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་སོགས་དུ་མ་མཛད། རེ་ཞིག་ན་ཚེ་གཅིག་གི་སངས་རྒྱས་ཐོབ་པར་བྱས་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་མཆོག་དམ་པ་ཞིག་བྱ་དགོས་དགོངས་ཤིང་། ར་རྫི་བཤོལ་ཏེ་སེ་ར་སྒང་དུ་ཀླུ་མེས་ཀྱི་མཁན་བརྒྱུད་འཛིན་པ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང་། མཚན་ཤེས་རབ་འབར་དུ་གསོལ། མཁན་པོ་ཐུགས་མཉེས་ནས་ཆོས་དང་གང་ཟག་གཉིས་ཀའི་
38b
ཡོན་ཏན་དུ་མ་གསུངས། ལོ་ལྔའི་བར་དུ་ཆོས་འདུལ་བ་ལ་གསན་སྦྱང་མཐར་ཕྱིན་པར་མཛད། འདུལ་བསྟན་ཕྱི་མའི་མཁན་ཐོག་བརྒྱད་པར་གྲགས་ཏེ་ངུར་སྨྲིག་འཛིན་པའི་མཆོག་ཏུ་གྱུར། དེ་ནས་ཐུགས་བསམ་གཞིགས་པས་ཚེ་གཅིག་གིས་སངས་རྒྱས་ཐོབ་པའི་ལམ་ལ་བསྟན་རྩ་འདུལ་བ། སྙིང་པོ་ཕར་ཕྱིན། ཉིང་ཁུ་གསང་སྔགས་རྣམས་ཡིན་འདུག་པས། བདག་གི་ཁུ་བོ་ཞང་སྟོན་ཆོས་འབར་བྱ་བ་ཕྱི་སྡེ་སྣོད་གསུམ་དང་། ནང་གསང་བ་སྔགས་ལ་གྲུབ་པ་མངོན་དུ་གྱུར་འདུག །འདི་བསྟེན་ན་འོས་པར་འདུག་དགོངས་ཏེ་དྲུང་དུ་བྱོན་ནས་ལོ་རྒྱུས་བསྙད་པས། ཐུགས་དགྱེས་བཞིན་དུ་རྗེས་སུ་བཟུང་། ཆོས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཡིན་པས་ཐོག་མར་འདི་དགོས་པ་ཡིན་གསུངས་ཏེ། ཤིང་རྟ་རྣམ་གཉིས་ཀྱི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་ཕོགས། ཕར་ཕྱིན་མཐའ་དག་དང་། གསང་སྔགས་རྒྱུད་སྡེ་སྤྱི་དང་ཁྱད་པར་དགྱེས་པ་རྡོ་རྗེ། བདེ་མཆོག །གསང་འདུས། དུས་འཁོར་སོགས་ཀྱི་དབང་ལུང་མན་ངག་དང་བཅས་པ་རྫོགས་པ་དང་། གཞན་ཡང་ལུང་རིགས་ཀྱི་མན་ངག་ཕྲ་མོ་ཡན་ཆད་མ་ལུས་པར་གནང་བས། བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད་དེ་མཁས་པ་ཆེན་བོར་གྲགས། ཁྱད་པར་ཀླུ་སྒྲུབ་ནས་བརྒྱུད་པའི་ཞང་བློན་གྱི་དབང་དང་སྲོག་གཏད་
39a
༄༅། །མན་ངག་རྣམས་བསྩལ་བས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པ་བྱུང་། ཁུ་བོས་ཆོས་བདག་པོ་ལ་འཕྲོད་པ་ཡིན་དམ་ཆོས་ལ་ལྷག་ལུས་མེད་འགྲོ་དོན་གྱིས་ཤིག་གསུངས། མ་འོངས་ལུང་བསྟན་དང་མངའ་གསོལ་བར་མཛད། རང་གི་ཁུ་བོ་ཙམ་དུ་མ་བལྟས་པར་རྡོ་རྗེ་འཆང་དངོས་སུ་མཐོང་བའི་མོས་གུས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས། ཁུ་བོ་ཞི་བར་གཤེགས་པས་འདས་རྗེས་ཐམས་ཅད་རྫོགས་པ་དང་། ད་ནི་སྒྲུབ་པ་རྩེ་གཅིག་ཏུ་བྱ་དགོས་དགོངས་ཏེ་ཀླགས་ཀྱི་གནས་ཆེན་ཕེབས་ཏེ་ཁང་བུ་གསར་པ་བརྩིགས། གཅུང་པོའི་བུ་གཉིས་རབ་ཏུ་བྱུང་སྟེ་ཉེ་གནས་མཛད། རྒྱལ་བ་རིགས་གསུམ་མངོན་སུམ་དུ་བཞུགས་ཞེས་གྲགས། གཞན་ཡང་ཉེ་དུ་ཐམས་ཅད་ཆོས་ལ་བཅུག་ནས་འཁོར་བ་དབྱིངས་གྲོལ་བྱས། སྒྲུང་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པས་ཡི་དམ་རྣམས་ཀྱི་ཞལ་གཟིགས་ཤིང་། དངོས་གྲུབ་རྣམ་པ་གཉིས་སྩོལ་མེད་དུ་ཐོབ། རྗེ་དམ་པ་རིན་པོ་ཆེ་བོད་དུ་ཕྱི་མ་བྱོན་པ་དང་མཇལ་ཏེ། གསེར་མང་པོ་ཕུལ་ནས་གདམས་པ་ཟབ་མོ་ཞུ་ཞུས་པས་ཞལ་ནས། རྒྱ་གར་བ་གསེར་ལ་མཐོང་སྣང་ཆེ་བ་ཡིན་ཀྱང་། རྣལ་འབྱོར་པ་ང་ལ་སྣང་བ་ཐམས་ཅད་གསེར་དུ་འདུག་པས་མི་འདོད། ཆོས་འདི་ལྟར་གྱིས། ཕྱི་ཡི་སྣང་བ་ནང་དུ་མ་ལེན། ནང་གི་རྟོག་པ་
39b
ཕྱིར་མ་འཕྲོ། དུག་གསུམ་གྱི་རྟོག་པ་ཐམས་ཅད་ཆོད་ལ་མ་ཡེངས་པར་ཉོན་གསུངས་ནས། ཞི་བྱེད་སྒྲོན་མ་སྐོར་དགུའི་ཆོས་སྐོར་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པར་སྩལ། ཆོས་ཉན་པས་མི་ཆོག་ཉམས་སུ་ལེན་ནས་བསྟན་འགྲོའི་དོན་མཛོད་གསུངས་པས། ཇི་སྐད་གསུངས་པ་བཞིན་དུ་ཐུགས་ཉམས་སུ་བཞེས་ཏེ་འགྲོ་དོན་མཛད། པཎྜི་ཏ་ཟླ་བ་མགོན་པོ་ལས་སྦྱོར་བ་ཡན་ལག་དྲུག་པའི་གདམས་པ་མ་ལུས་གསན་ཏེ་ཟུང་འཇུག་མངོན་དུ་གྱུར། ཇོ་བོ་དཱི་པཾ་ཀ་ར། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ལྷོ་བྲག་མར་པ་ལོ་ཙཱ་སོགས་ནས་ཡང་གདམས་པ་མང་དུ་གསན། གཟུས་རྡོ་རྗེ་རྒྱལ་མཚན་ལས་བསྙེན་པར་རྫོགས། གསོ་རིག་མཐའ་དག་གསན་ནས་མཁས་བཙུན་བཟང་གསུམ་དང་ལྡན་ཞིང་སྐུ་གསུམ་མངོན་དུ་གྱུར་ཏེ། དབུས་གཙང་ཁམས་གསུམ་ནས་སློབ་མ་དུ་མ་འདུས་ཤིང་། ཁྱད་པར་ཡར་ཀླུང་ནས་མང་དུ་བྱུང་སྟེ་ཡུལ་དུ་གདན་དྲངས་པས་གྲྭ་པ་མངོན་ཤེས་ཅན་དུ་གྲགས། ཡར་སྟོད་པ་ནམ་བདེ་བའི་ཕ་མེས་ལྷ་སྦུག་པ་ལ་ཁྱེའུའི་འཕྲིན་ལས་མཛད་པས། བདེ་མཆོག་གི་སྐུ་ལི་མ་བྱིན་ནུས་གཟི་འོད་འབར་བ་ཞིག་ཕུལ་བ་ད་ལྟ་གྲྭ་ཐང་གཙུག་ལག་ཁང་གི་རྟེན་གཙོར་བཞུགས་པས་ཕྱོགས་མེད་ཀྱི་འཕྲིན་ལས་རྒྱས། གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་གཟིགས་པས། ཨོ་རྒྱན་ཆེན་པོ་ལགས། བདག་གི་མ་མུ་གེས་
40a
༄༅། །གུམ་པས་མཚམས་མེད་ཀྱི་ལས་བསགས་པ་ལ་བཤགས་ཐབས་བསྟན་དུ་གསོལ་ཞུས་པས། གུ་རུའི་ཞལ་ནས། ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་དང་སྡིག་པ་འདག་གསུངས་པས། དེ་མི་འདག་པའི་ཚོད་དུ་འདུག་བདག་ལོངས་སྤྱོད་དབུལ་བས་ལྷ་ཁང་བརྒྱ་ལས་གཅིག་ཀྱང་དཀའ་ཞུས་པས། མི་སྐྱོན་ཁྱེད་བདག་གི་གཏེར་ལ་དབང་བ་ཡིན་པས་ཛམ་དམར་སོགས་ནོར་སྒྲུབ་མང་བའི་ལས་ཚོགས་སྒྲུབས་དང་དཀའ་ཚེགས་མེད་གསུངས། ཡབ་མེས་ཀྱི་ས་གཞིར་ས་དཔྱད་ལེགས་པས་གཙུག་ལག་ཁང་བཞེངས་པ་ལས། དགེ་འདུན་བརྒྱ་ཕྲག་བརྒལ་བར་འཚོགས་པའི་ནང་ནས་བུ་ཆེན་བཞིས་ལྷ་ཁང་བཞེངས་པ་ནི། གྲྭ་སྟོན་འབར་གྱིས་གནས། རྔན་ཆུང་སྟོན་པས་རྒ་འདྲ། དགེ་བཤེས་ལྷ་སྐྱབས་ཀྱིས་སྙེ་མདོའི་བསོ་ཐང་། བྱང་ཆུབ་སེམས་དཔས་རི་སྦུག་རྣམས་བཏབ། ཐང་པོ་ཆེའི་དགེ་བཤེས་ཁུ་ཡང་སློབ་མར་གྱུར་པ་ལས། རྗེས་སུ་རྗེ་ཉིད་འཕྲིན་ལས་རྒྱས་པ་ལ་ཕྲག་དོག་ཅིང་བརྙས་ཐབས་མང་དུ་བྱས་ཀྱང་། རྗེ་ཉིད་ཆོས་དབྱིངས་རྣམ་དག་གི་མཁའ་ལ་དགྲ་གཉེན་གྱི་དུད་སྤྲིན་མ་འཁྲིགས་པར་བཞུགས། ཉེ་གནས་ཀྱིས་མ་བཟོད་དེ་ཀླུ་ལ་གཏད་པས། ཁུའི་བགྲན་སེམས་ལྷག་མེད་དུ་ཞི་ནས་ཕུག་མོ་ཆེ་སོགས་རྗེའི་གནས་
40b
གཞི་རྣམས་སྔགས་སྡེ་དང་། ཐང་པོ་ཆེ་མཚན་ཉིད་ཀྱི་སྡེ་ཞེས་རིས་སུ་མེད་པར་གྱུར། རྗེ་ཉིད་ཕར་ཕྱིན་ལ་མཁས་པར་གྲགས་པས་ཡེ་ཤེས་ཀྱི་མཁའ་འགྲོ་ལབ་ཀྱི་སྒྲོན་མ་ཡང་གསེར་སྲང་བཅུ་བཞིའི་ཕྱག་རྟེན་མཛད་ནས་མཇལ་ཆོས་སྒོ་བཞུགས་ནས་ཚུལ་ཁྲིམས་རྒྱན་དུ་མཚན་གསོལ། ལོ་བདུན་གྱི་བར་དུ་བསྟེན་པས་ཉི་ཁྲི་ལེའུ་བརྒྱད་མ་ལྕགས་གཟེར་ཅན་རྒྱས་འབྲིང་བསྡུས་གསུམ་དང་། མངོན་རྟོགས་རྒྱན། ཤེར་ཕྱིན་ཡི་གེ་གཅིག་མ་ཡན་ཆད་སྩལ་ནས་བསམ་གཏན་གྱི་ཁང་བུར་ཐོས་བསམ་སྒོམ་གསུམ་མཛད། བླ་མས་ཇི་ལྟར་གོ་གསུངས་པས། ཆོས་ཐམས་ཅད་རང་གི་སེམས་སུ་རྟོགས། སེམས་ལ་སྣང་བ་སྣ་ཚོགས་སུ་ཤར་བ་འདི་སེམས་ཁོ་ནའི་ཆོ་འཕྲུལ་དུ་འདུག །རྟོགས་པའི་དོན་ལ་ཐེ་མི་ཚོམ། ཆོས་དྲིས་ཚད་ཀྱི་ལན་དོན་ཐོག་ནས་ཐེབས་པར་གདའ་ཞུས་པས། དེ་རྟོགས་པ་ནང་ནས་སྐྱེས་པ་ཡིན། ད་གཞན་དུ་སོང་ལ་གསང་སྔགས་ཟབ་མོའི་དབང་ཞུས་ཤིག་གསུངས། ཉིད་ལས་ཞུ་ཞུས་པས། ངས་མི་འོང་ཁྱོད་ལ་དབང་བསྐུར་བའི་བླ་མ་གཙང་ཕྱོགས་ན་ཟུར་གྱི་ཀ་བ་བཞི་ཞེས་བྱ་བ་ཡོད་ཅིང་། ཁྱད་པར་སྐྱོ་སྟོན་རྣམ་གཉིས་ལ་ཞུས་ཤིག་གསུང་ནས་ལུང་བསྟན་ཏེ་བརྫོངས་པར་མཛད། དེ་ལྟར་སྨིན་གྲོལ་གྱི་བུ་ཆེན་བཞི་དང་། ཉེ་གནས་ཀ་བྲན། ཌཱཀྐི་ལབ་སྒྲོན། བསོད་འབྱུང་། ཁ་བོ་ཆེ། ཁུ་ཡེ་ཤེས་རྒྱལ་
41a
༄༅། །མཚན་སོགས་འགྲོ་བའི་མགོན་དུ་གྱུར་པ་དུ་མ་དང་། གྲུབ་པ་ཐོབ་པ་དང་ཆོས་འབྲེལ་ཐོབ་པ་ནི་བརྗོད་ལས་འདས་པ་བྱུང་། གཏེར་འབྱུང་བ་ནི་བཀའ་ཐང་ལས། ཏའི་ཏུས་བརྩིགས་པའི་རྩིག་པ་སྡུག་པ་འོངས༔ ཇིང་དང་རྒྱ་རྣམས་གྲོག་མའི་ཚང་བཤིགས་འདྲ༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་ཏེ་བསྟན་ནས་འབྱུང་༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང་༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་འདིང་༔ གྲྭ་མདའ་འདི་ལ་གཙུག་ལག་ཁང་གཅིག་འབྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོར་བྱེད༔ ཅེས་གསུངས་པ་ལྟར་མཆིམས་ཕུའི་གེ་གོང་དུ་ཞང་བློན་བསྒྲུབས་པས། ཟླ་ཕྱེད་སོང་བ་དང་དབྱིངས་ནས་གཟུགས་མེད་པའི་སྒྲ་ལས། ཁྱོད་ནི་སྐལ་བ་དང་ལྡན་ནོ། །ཞེས་ལྷང་ལྷང་གྲགས་པས་ཐུགས་ལ་གཏད་མེད་ཀྱི་ཡེ་ཤེས་འབར། དེ་མ་ཐག་ཞང་བློན་དངོས་སུ་གཙང་པོ་ལ་འགོངས་ནས་དྲུང་དུ་བྱུང་། འཕྲིན་ལས་སྒྲུབ་པར་དམ་བཅས་ཏེ་ལུང་བསྟན་པ། སྐྱེས་བུ་ཁྱོད་ཀྱི་ཆོས་སྐལ་ལེན་པའི་དུས་ལ་བབས་པས། བསམ་ཡས་དཔེ་དཀར་གླིང་གི་དཀོར་མཛོད་བྱང་ཤར་མཚམས་ཀྱི་ཀ་བ་སེང་མགོ་ཅན་ན་ཡོད་གསུངས། དེར་བྱོན་ཏེ་སློབ་དཔོན་ཆེན་པོ་ལ་མོས་གུས་བྱས་པས་ཁ་བྱང་རྣམས་ཕྱག་ཏུ་བྱུང་། དབུ་རྩེ་ན་སྨན་གྱི་
41b
རྒྱུད་བཞི་དང་དྲག་སྔགས་བདུན་པའི་རྒྱུད་ཀྱི་སྒྲུབ་ཐབས་དང་། མཆོད་རྟེན་ནག་པོ་ནས་རིན་ཆེན་སྦྱིན་གྱི་རྒྱུད། གསང་སྒྲུབ་སྐོར། ཀ་བཅུ་ནས་གནོད་སྦྱིན་སྟོང་སྡེའི་རྒྱུད། ནག་གསང་ཁྲ་བོའི་སྐོར། ཁམས་གསུམ་ནས་བསང་། གསོལ་མཆོད་སོགས་ཕྱི་སྒྲུབ་སྐོར། མཆིམས་ཕུའི་གྲལ་གྱི་ལྷ་ཁང་ནས་དྲག་སེར་མཐུ་གཏད་སྐོར་རྣམས་བཞེས། གཞན་ཡང་དགེ་རྒྱས། ཁོ་མཐིང་ལྷ་ཁང་། བུམ་ཐང་། བྲག་སྲིན་མོའི་སྦར་རྗེས། ཙ་ཀོང་གནས་གསར་གྱི་ཕྱིའི་གནས་སྒོ་འབྱེད་པ་སོགས་གཏེར་ཁ་མང་དུ་བཞེས། རིན་པོ་ཆེ་སྣ་ཚོགས་ཀྱི་གཏེར་ཚབ་བསྡམས། ཁྱད་པར་གཏེར་ཁ་ལ་བོད་ཀྱི་བདེ་སྐྱིད་སྤེལ་བའི་ཕྱིར་ཛམ་དམར་སྐོར་དང་། གནས་གཞི་བརྒྱ་རྩའི་རྟེན་འབྲེལ་ཨོ་རྒྱན་ཕྱག་བཟོ་ཆོས་དུང་གཡས་འཁྱིལ་སོགས་བསམ་གྱིས་མི་ཁྱབ་བོ། །བཀའ་གཏེར་གཉིས་ནས་ཁྱོན་པའི་ཞང་བློན་སྡེ་དགུའི་ཕྲིན་ལས་རྒྱ་ཆེ་བ་མཛད་དོ། །གཙུག་ལག་ཁང་བརྒྱ་རྩ་བཞེངས་བ་རྣམས་ཀྱང་དྭགས་པོ། ཨེ། དོལ། བདུན་ཕུད་ཆོས་འཁོར། གཞུང་། གཡོ་རུ་སོགས་ལ་མང་ཞིང་ཐང་བདེ་འབའ་ཞིག་ཏུ་བཏབ། ཁྱད་པར་གྲྭ་མདའི་གཙུག་ལག་ཁང་ནི་ཤྲཱི་ཀོ་ཎསྠཱ་ལ་སྟེ་དཔལ་གྲྭ་ཐང་དུ་འབོད་པ་ས་གཞི་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས། བཞིན་མི་ལེགས་པར་ཁྱི་ཁ་ར་ཐོད་དུ་གྲགས་པས་བཞེངས་པའི་གཙུག་ལག་ཁང་བྱང་གིས་ཕུག་ཏུ་ཛམ་དམར་སྒྲུབ་པའི་
42a
༄༅། །རྟེན་འབྲེལ་གྱིས་ལྷ་ཁང་བཞེངས། བསམ་ཡས་ལ་དཔེ་བླངས་ཤིང་དེ་ལས་ཁྱད་པར་ལྔ་འཕགས་པ་སྟེ། འཁོར་ས་དང་པོ་བསམ་ཡས་ལས་རྒྱ་ཆེ་བ་དང་། འཁོར་ས་བར་མའི་སྟེང་ན་སངས་རྒྱས་སྟོང་རྩ་གཉིས་ཀྱི་ལྡེབས་བྲིས་ཚང་བ་དང་། ས་རྡོའི་ཕུད་དང་སྨན་སྤོས་ཤིང་ཆུ་སྣ་ཚོགས། རིན་པོ་ཆེ་སྣ་ལྔ། རྒྱ་བོད་ཀྱི་བྱིན་རྟེན་ཁྱད་འཕགས་ལས་གྲུབ་པའི་སྒྲོལ་མ་གཙོ་འཁོར་ལྔ་དང་རྟེན་གྱི་གཙོ་བོ་བྱང་ཆུབ་ཆེན་པོའི་སྐུ་དང་། གཉྫི་ར་དང་ལྔ་བསམ་ཡས་ལས་ཆེ་བར་འཕགས་པས་ལྔ་ལྡན་ལྷ་ཁང་དུ་གྲགས། རྟེན་ཁྱད་པར་བ་ཡང་རྣམ་སྣང་བླུགས་མ། གངས་ཆེན་མཚོ། བྱམས་པ་ལི་ཡུལ་མ་གོས་ཁྱུད་ཅན་མགུལ་ན་རིན་པོ་ཆེ་ལྔའི་ཕྲ་ཚོམ་བཏབ་པ། ནོར་སྣ་ཡང་བཻཌཱུརྱའི་བུམ་པ། ཀ་ར་ཝ་ཏིའི་བུམ་པ། མཆོང་གི་བུམ་པ། གཟིའི་ཕོར་པ། ཞང་བློན་གྱི་གཏོར་སྣོད་གསེར་ཟངས་ལས་གྲུབ་པ་རྣམས་ཡོད། གོས་འཕན་ཁྱད་འཕགས་བཞི་གཏེར་དུ་སྦས་པ་དང་། སྟེང་ཁང་ར་ཧུ་ལ་དང་། བར་ཁང་ཤིང་བྱ་ཅན་དང་། འོག་ཁང་ཀླུ་ལ་གཏང་། སྤྱིའི་བསྲུང་མ་ཞང་བློན་ཆེན་པོ། ལྷོའི་གྲུ་ཆད་གནོད་སྦྱིན་གྱི་ལྡེབས་བྲིས་ཡོད་པའི་ཐད་དུ་བླ་རྡོ་སྲོག་གི་འཁོར་ལོ་ཕྱི་ནང་གསང་རྟེན་སོགས་དུ་མ་བཅས་དམ་འབྱར་མགོན་ཁང་དུ་གྲགས་པ་བཞིན་ནོ། །དེ་ནས་ཞིང་འདིར་རེ་ཞིག་གདུལ་བྱ་རྫོགས་ཤིང་
42b