ཞི་བྱེད་ཆོས་འབྱུང་།
གསུམ་པ། གསང་བ་སྔགས་ཀྱི་བརྒྱུད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གསུམ་པ། གསང་བ་སྔགས་ཀྱི་བརྒྱུད་པ།)

གསུམ་པ་གསང་བ་སྔགས་ཀྱི་བརྒྱུད་པ་ནི། ༄། །སྐྱེ་མེད་ཀྱི་དབྱིངས་ལས་འགག་མེད་འཕྱོ། །རིས་མེད་གྱི་སྤངས་རྟོགས་མཐར་ཕྱིན་ཅིང་། །ཚད་མེད་ཀྱི་ཐུགས་རྗེས་འགྲོ་རྣམས་སྒྲོལ། །དམིགས་མེད་ཀྱི་རྡོ་རྗེ་འཆང་ཆེན་འདུད། །དེ་ཡང་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེ་གང་ཡིན་སྙམ་ན། གོང་གི་སྟོན་པ་མཉམ་མེད་ཐུབ་པའི་རྒྱལ་མཆོག་དང་རྒྱུད་ཐ་དད་པ་མ་ཡིན་ཏེ། གདུལ་བྱ་ལ་དགོངས་ནས་འདུལ་བྱེད་ཀྱི་རོལ་པ་ཙམ་དུ་གང་ཟག་བློ་ཆུང་ཞིང་དམན་པ་རྣམས་ལ་རྒྱལ་བ་ཤཱཀྱ་ཐུབ་པར་སྤྲུལ་ནས་རྒྱུའི་ཆོས་གསུངས་ཤིང་། གང་ཟག་བློ་སྟོབས་ཆེས་མཆོག་ཏུ་གྱུར་པ་ཆགས་ཅན་རྣམས་ལ་རྡོ་རྗེ་འཆང་དུ་སྤྲུལ་ནས་འབྲས་བུའི་ཆོས་གསུངས་པར་ཟད་དོ། །དེ་ཡང་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོ་རིགས་ལྔའི་བདག་ཉིད་དུ་བཞུགས་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་འཆང་ཞེས་གསུངས་པ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །བྱང་ཆུབ་སེམས་བསྟན་གང་ཡིན་པ། །དེ་ཉིད་རྒྱལ་བ་རྡོ་རྗེ་འཆང་། །ཞེས་སོ། །སངས་རྒྱས་ཀྱི་ཡེ་ཤེས་ཇི་ལྟ་བུ་ཡིན་ཞེ་ན།

62a

༄༅།       །དེ་ཉིད་ལས། ཅི་ཡི་ཕྱིར་ན་ཡེ་ཤེས་བརྗོད། །དེ་ཉིད་ཤེས་ན་ཡེ་ཤེས་ཏེ། སླར་ཡང་ཆོས་སུ་རྟོག་པ་ཡིན། །རྟག་ཆད་ཡོངས་སུ་སྤོང་བྱེད་ཅིང་། །འཆི་མེད་དེ་བཞིན་ཡེ་ཤེས་ཡིན། །ཞེས་སོ། །འོ་ན་དེ་ཉིད་ཤེས་པའི་རྣལ་འབྱོར་པ་རྣམས་རྡོ་རྗེ་འཆང་དུ་ཐལ་ལོ་ཞེ་ན། འདོད་དེ། ངོ་བོ་ཆོས་སྐུ་རང་བཞིན་ལོངས་སྐུ་ཐུགས་རྗེ་སྤྲུལ་སྐུ་སྟེ་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་ཡིན་ཏེ། དེ་ཉིད་ལས། རྡོ་རྗེ་འཆང་བ་དེ་ཉིད་དུ། །ཕྱོགས་རྣམས་ཐམས་ཅད་ཀུན་ཁྱབ་པ། །བྱང་ཆུབ་སེམས་དཔའ་མཁས་པ་ནི། །ཆོས་དབྱིངས་དང་མཉམ་ཐུག་པ་མེད། །རྡོ་རྗེ་འཆང་རྣམས་དེ་ཉིད་དོ། །ཞེས་སོ། །དེ་ལ་ཕུང་པོ་ལྔ་ཉེ་བར་ལེན་པའི་གཟུགས་སུ་མི་རིགས་སོ་སྙམ་ན་མ་ལགས་ཏེ། འཕགས་པ་ལྷའི་སྤྱོད་བསྡུས་ལས། ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་བོ། །དེ་ཡི་སྐུ་ལ་ཤ་རུས་ཁྲག་ཀྱང་མེད། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ཡིན། །ཞེས་དང་། གུར་ལས། གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་རྣམ་གྱིས། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་པས་རྒྱལ་བའི་སྤྲུལ་པའམ་དེས་བྱིན་གྱིས་བརླབས་པའི་སྐྱེས་བུ་

62b

ཆེན་པོ་ལ་ཁྱད་པར་མེད་དོ། །དོན་ལ་སྟོང་པ་ཉིད་གཞོམ་གཞིག་དང་བྲལ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འཆང་བ་ཐམས་ཅད་ནི་རྡོ་རྗེ་འཆང་སྟེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་མེད་པ། །རྟོག་མེད་བརྗོད་དུ་མེད་པ་དང་། །གཞིག་ཅིང་གཞོམ་དུ་མེད་པའི་ཕྱིར། །སྟོང་པ་ཉིད་དེ་རྡོ་རྗེར་བརྗོད། །ཅེས་སོ། ། སྟོང་པ་ཉིད་ཁོ་ན་ཆོས་སྐུ་ཡང་ཡིན་ལ། ས་བཅུའི་སེམས་དཔའ་རྣམས་འདུལ་བའི་ཕྱིར་མཚན་དཔེས་བརྒྱན་པའི་ལོངས་སྐུར་བཞེངས་ཤིང་། མ་ངེས་པའི་སེམས་ཅན་ཐམས་ཅད་ལ་མ་ངེས་པའི་སྤྲུལ་པ་སྣ་ཚོགས་སྟོན་པར་མཛད་པས་སྤྲུལ་སྐུ་ཡང་ཡིན་ནོ། །སྟོང་པ་ཉིད་ནི་རྡོ་རྗེའི་རིགས་དང་། དེ་ལས་དགོས་འདོད་འབྱུང་བས་རིན་པོ་ཆེ་དང་། སྐྱོན་གྱིས་མ་གོས་པས་པདྨ་དང་། འཕྲིན་ལས་བྱེད་པས་ལས་དང་། གཉིས་སུ་འཛིན་པ་གཅོད་པས་འཁོར་ལོ་སྟེ་རིགས་ལྔ་ཡང་ཡིན་པས། སམ་བྷུ་ཊི་ལས། སྟོང་པའི་རྡོ་རྗེ་ཅན་གཅིག་ལས། །རིགས་ནི་རྣམ་པ་ལྔ་རུ་འགྱུར། །ཞེས་སོ། །གནས་སྐབས་འདིར་རྡོ་རྗེ་འཆང་ནི་སྟོན་པ་ཐུབ་པའི་དབང་པོ་དང་ངོ་བོ་གཅིག་ལ་ཐེག་པ་གཉིས་ཀྱི་གདུལ་བྱའི་སྣང་ཚུལ་དུ་ཤེས་དགོས་ལ། །འཁོར་གྱི་སྡུད་པ་པོ་ཡང་འབྲས་བུ་སྔགས་ཀྱི་སྐབས་སུ་གསང་བའི་བདག་པོ་དང་། རྒྱུ་མཚན་ཉིད་ཐེག་པའི་སྐབས་ཀུན་དགའ་བོར་གྲགས་པའང་ཐ་དད་དུ་མི་བལྟ་

63a

༄༅།       །སྟེ། བསིལ་བའི་ཚལ་ལས། མང་དུ་ཐོས་ཤིང་གསང་སྔགས་འཆང་། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ཞེས་དང་། །དེར་མ་ཟད་སྟོན་འཁོར་གཉིས་ཀྱང་རང་བཞིན་གཅིག་སྟེ། རྒྱུད་བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་པས་རྡོ་རྗེ་འཆང་དེ་ནི་གང་དུ་བཞུགས་པའི་གནས་ཀྱང་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ངེས་པའི་ཚུལ་ནི། ཚིག་ཕྱིར་འབྲངས་པའི་རྟོག་གེ་བའི་རིགས་ཅན་ལ་མི་འཕྲོད་ཀྱང་དོན་དེ་ལས་གཞན་དུ་མིན་ཏེ། མིན་ན་ད་ལྟའི་སྐབས་སུ་གསར་རྙིང་ཀུན་ནས་གསང་སྔགས་འཆད་པ་པོ་ལ་རྡོ་རྗེ་འཆང་དུ་འབོད་པའང་མི་འཐད་པར་འགྱུར་རོ། །ཞེས་རིགས་དྲུག་པ་རྡོ་རྗེ་འཆང་གི་ལོ་རྒྱུས་ཟུར་ཙམ་བཀོད་པ་རེ་ཞིག་དེ་ཙམ་མོ། །       ། །དེས་ལོངས་སྐུ་རྗེ་བཙུན་སྒྲོལ་མ་ལ། དེས་སྤྲུལ་སྐུ་མ་ཅིག་ལབ་སྒྲོན་ལ། དེས་གངས་པ་རྨུག་སང་ལ་གནང་བ་ལགས།