ཞི་བྱེད་ཆོས་འབྱུང་།
སངས་རྒྱས་བསྟན་བསྲུང་།
ལེའུ་སྔོན་མ།
(སངས་རྒྱས་བསྟན་བསྲུང་།)
༈ དེའི་ལོ་རྒྱུས་ནི། ཕན་ཡུལ་གྱི་རྒྱ་གྲོང་བྱ་བར་ཡབ་ལྷ་མོ་བྱ་བ་དང་། ཡུམ་ས་ལྕམ་བྱ་བའི་སྲས་སུ་འཁྲུངས། ལོ་བཅུ་གསུམ་ལ་ཞང་པོ་རྡོ་རྗེ་དབང་ཕྱུག་གི་རྩར་ཡི་གེ་སློབ་ཏུ་ཕྱིན་པས། འབྲི་ཀློག་གཉིས་ཀ་ལ་མཁས་པར་གྱུར། ཉིན་གཅིག་ཙ་ན་བཟའ་སྤྲང་འགའ་ཞིག་དང་འཕྲད་པ་ལས་ཁྱེད་རྣམས་གར་འགྲོ་བྱས་པས། ཤམ་པོའི་གངས་ལ་བདེ་གཤེགས་གངས་པ་ལྷུན་གྲུབ་ཀྱི་དྲུང་དུ་འགྲོ་ཟེར། ང་ཡང་འགྲོ་བ་ཡིན་ཁྱེད་རྣམས་སྒུགས་ཤིག་བྱས་ཏེ། ཁྱིམ་དུ་ཕྱིན་གསེར་སྒམ་ན་གང་ཡོད་ཁྱེར་བཟའ་སྤྲང་གི་རྗེས་སུ་འབྲངས་ནས་ཤམས་པོའི་གངས་ལ་བྱོན། གངས་པ་ལྷུན་གྲུབ་ཀྱི་དྲུང་དུ་གཏུགས། ཐུགས་ལ་ཡོད་པའི་གདམས་པ་
64b
རྣམས་སྙན་དུ་བརྒྱུད། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པས་འགྲོ་བ་ལ་ཕན་ཐོགས་པའི་གྲུབ་ཐོབ་ཅིག་བྱུང་ངོ་། །དེའི་ཐུགས་ལ་གང་ཡོད་པ་དེ་མཉམ་ཉིད་རྡོ་རྗེ་འཛིན་པ་ལ་སྙན་དུ་བརྒྱུད། ༈ དེའི་ལོ་རྒྱུས་ནི། སྐྱིད་ཤོད་འཇོང་མོ་ལུང་གི་གྲ་ཐང་བྱ་བར་ཡབ་རྣམ་རྒྱལ་བྱ་བ་དང་། ཡུམ་རྒྱ་གར་གཉིས་ཀྱི་སྲས་སུ་འཁྲུངས། ལོ་དགུ་ནས་ཞང་པོ་ཉག་དགེ་ཟེར་བ་ཅིག་གི་རྩར་ཡི་གེ་སློབ་ཏུ་ཕྱིན། ལོ་བཅོ་བརྒྱད་ལ་གཏེར་མཛོད་དུ་བླ་མ་དྲུང་སྒོམ་བྱ་བ་ཅིག་གི་དྲུང་དུ་ཕྱིན། ཉི་ཤུ་རྩ་བདུན་ལ་ཤམ་པོའི་གངས་ལ་ཕྱིན་ཏེ། སངས་རྒྱས་བསྟན་བསྲུང་གི་དྲུང་དུ་རབ་ཏུ་བྱུང་སྟེ་མིང་མཉམ་ཉིད་རྡོ་རྗེ་འཛིན་པར་བཏགས། གདམས་ངག་ཐམས་ཅད་སྙན་དུ་བརྒྱུད། གཉན་ཁྲོད་གངས་ཁྲོད་བརྒྱ་རྩ་བརྒྱད་འགྲིམས། དེའི་ཐུགས་ལ་ཡོད་པ་དེ་མཚན་ལྡན་གངས་པ་རིན་པོ་ཆེའི་སྙན་དུ་བརྒྱུད།
(གངས་པ་རིན་པོ་ཆེ།)
༈ དེའི་ལོ་རྒྱུས་ནི། ཡུལ་ལྷ་གྲོང་བྱ་བ་ན་ཡབ་སྔགས་པ་ཤེས་རབ་རྡོ་རྗེ་དང་། ཡུམ་ཨོ་པ་སྐྱེ་མོ་བྱ་བའི་སྲས་སུ་འཁྲུངས་ཤིང་། མིང་ཤེས་རབ་དཔལ་དུ་བཏགས། ལོ་ལྔ་ལ་ཡི་གེ་བསླབས་པས་བཅོ་ལྔ་ལོན་ནས་གྲོང་ཆོག་བྱེད་ཐུབ་པ་ཅིག་བྱུང་། དེ་ནས་ཤམ་པོའི་གངས་ལ་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་བྱ་བ་ཡོད་པ་ཐོས་ཏེ། ཀ་ཅ་དུམ་པ་ཅིག་བཟུང་ནས་ཤམ་པོའི་གངས་ལ་ཕྱིན། མཉམ་ཉིད་རྡོ་
65a