བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༤. གང་ཟག་དབང་པོ་རྣོ་རྟུལ་གྱི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བ།
ལེའུ་སྔོན་མ།
(༤. གང་ཟག་དབང་པོ་རྣོ་རྟུལ་གྱི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བ།)
བཞི་པ་ནི་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་དག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་དག་ལ། །ཞེས་པས་གང་ཟག་དབང་པོ་ཐ་མ་བློ་དམན་པ་རྣམས་ཕྱིའི་བྱ་བ་ཁྲུས་ལ་སོགས་པ་ལ་དགའ་བ་ཡིན་
11a
༄༅། །ལ། དེའི་དོན་དུ་ཕྱིའི་བྲིས་སྐུ་ལ་སོགས་པ་ལྷར་དམིགས་ནས་གཙང་སྦྲ་ལ་སོགས་པའི་བྱ་བ་སྟོན་པ་བྱ་བའི་རྒྱུད། གང་ཟག་དེ་བས་མཆོག་རང་དང་དེ་ལས་ཕ་རོལ་ཏུ་ལྷར་དམིགས་པ་ལ་སྤྱོད་པ་ལ་སྤྱོད་པའི་རྒྱུད་དང་། དེ་བས་ཀྱང་གང་ཟག་བློ་རྣོ་བ་རང་དང་ཡེ་ཤེས་ཀྱི་ལྷ་རོ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་ཁོ་ན་ལ་གཙོ་བོར་སྤྱོད་པ་ལ་རྣལ་འབྱོར་གྱི་རྒྱུད། དེ་ལས་ཀྱང་གང་ཟག་མཆོག་ཏུ་གྱུར་ཅིང་བློ་རྣོ་བ་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པ་དེའི་དོན་དུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། །