(༡. སྒྲུབ་པ་པོ་གང་ཟག་གི་ཁྱད་པར།)
གདུལ་བྱ་ཕྱིའི་བྱ་བ་མང་པོ་ལ་མོས་པ་ལ་བྱ་བའི་རྒྱུད། དེ་ཁོ་ན་ཉིད་ལ་མོས་ཤིང་བྱ་བ་མང་པོ་མ་ཡིན་པ་ལ་སྤྱོད་པ་ལ་དགའ་བ་ལ་སྤྱོད་པའི་རྒྱུད། བྱ་བ་མང་པོ་གཡེང་བར་ཤེས་ནས་དེ་ཁོ་ན་ཉིད་བསྒོམ་པ་ལ་གཅིག་ཏུ་མོས་པ་ལ་རྣལ་འབྱོར་གྱི་རྒྱུད། གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ལ་མོས་པ་ལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དོ། །གཉིས་པ་ལ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་
༄༅། །རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གམ་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཞེས་གསུངས་པས། འདིའི་དོན་གཏན་ལ་དབབ་པ་ལ། དབང་གི་ཁྱད་པར་དབྱེ་བ་དངོས་དང་། དེ་ལ་རྩོད་པ་སྤངས་པ་གཉིས་ཀྱི་དང་པོ་ནི། བྱ་བའི་རྒྱུད་དུ་ཆུ་ཡི་དབང་བསྐུར་གསལ་བར་བསྟན་ལ། དབུ་རྒྱན་ནི་གསང་བ་སྤྱི་རྒྱུད་ལས། དེ་ནས་ཕྱག་རྒྱ་བཅིངས་ནས་ནི། །གསང་སྔགས་བློས་ནི་སྤྱི་བོར་གཏུག །ཅེས་པས་བསྟན་ནོ། །སྤྱོད་རྒྱུད་ལ་རྣམ་སྣང་མངོན་བྱང་ལས། ཆུ་དབང་དང་ཐུར་མ་དང་མེ་ལོང་དང་ཆོས་བཤད་པའི་རྗེས་གནང་ཙམ་ཞིག་ལས་མ་གསུངས་ཤིང་། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས་ལྔ་བསྟན་ཏོ། །སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་འདིར་ཕྲེང་བ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་བྱ་བའི་རྒྱུད་རྣམས་སུ་ཡང་མི་འགལ་ཏེ་འཇམ་དཔལ་གྱི་རྒྱུད་ལ་སོགས་པ་རྣམས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཕྱིར་རོ་ཞེས་ཕྲེང་བའི་དབང་བསྐུར་ནས་སློབ་དཔོན་གྱི་དབང་རྗེས་གནང་མཐའ་རྟེན་དང་བཅས་པ་བསྐུར་བར་གསུངས་ཤིང་། རྣལ་འབྱོར་རྒྱུད་དུ་འང་དེ་ཉིད་དོ། །རྣལ་འབྱོར་བླ་མེད་ལ་སྔར་བསྟན་པའི་བཅུ་གཅིག་པ་དེ་དག་དང་ཆ་འདྲ་བའི་བུམ་དབང་། སློབ་དཔོན་ཡབ་ཡུམ་སྙོམས་པར་འཇུག་པ་ལས་བྱུང་བའི་ཐིག་ལེ་དཀར་དམར་སྟེར་བ་ནི་གསང་དབང་། ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བདེ་བ་ཡང་དག་པར་
རིག་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། ཕྱག་རྒྱ་ཆེན་པོ་ལས་སྐྱེས་པའི་འགྱུར་བ་མེད་པའི་བདེ་བ་ཆེན་པོ་སྟོང་བ་ཉིད་དང་ཟུང་དུ་འཇུག་པ་ནི་དབང་བཞི་པའོ། །