བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༢. སྨིན་པར་བྱ་བ་དབང་གིས་ཁྱད་པར།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢. སྨིན་པར་བྱ་བ་དབང་གིས་ཁྱད་པར།)

གཉིས་པ་ནི། ཁ་ཅིག་རྒྱུད་སྡེ་གོང་འོག་ནས་བཤད་པའི་བསྐྱེད་རྫོགས་ཀྱི་དོན་བསྒོམ་ཞིང་ཉན་བཤད་བྱེད་པ་ལ་དབང་བསྐུར་ཐོབ་མི་དགོས་ཏེ་སྨོན་འཇུག་གི་སེམས་བསྐྱེད་ཐོབ་པས་ཆོག་པར་ཇོ་བོ་རྗེས་བཤད་དོ་ཞེས་ཟེར་བ་ནི་ཇོ་བོ་རྗེ་ལ་སྐུར་པ་འདེབས་པ་སྟེ། ཇོ་བོ་རྗེས་དེ་ལ་དམིགས་ཀྱིས་བསལ་བའི་དགག་པ་ནན་ཆེན་པོ་གསུངས་པའི་ཕྱིར་ཏེ། ལམ་སྒྲོན་གྱི་རང་འགྲེལ་ལས། གལ་ཏེ་བྱ་བའི་རྒྱུད་ལས་སོགས་པའི་གསང་སྔགས་ཀྱི་ཐེག་པ་ལ་སྤྱོད་པར་འདོད་པ་ཡིན་ན་ནི་སློབ་དཔོན་གྱི་དབང་བསྐུར་བ་ཞེས་བྱ་བ་བུམ་པའི་དབང་བསྐུར་བ་ཐོབ་པར་མ་བྱས་པར་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་ཙམ་ལ་ལྟོས་པར་མི་བྱ་སྟེ། གསང་སྔགས་རང་ཉིད་ལེན་པར་འགྱུར་བའི་ཕྱིར་རོ། །ཞེས་རྒྱུ་མཚན་དང་བཅས་པ་གསལ་བར་གསུངས་པའི་ཕྱིར་རོ། །ཡང་རབ་ཏུ་བྱུང་བ་རྣམས་ཀྱིས་རྣལ་འབྱོར་བླ་མེད་ཀྱི་དབང་གོང་མ་ཞུས་ན། ཕམ་པ་འོང་བས་ཞུ་རུ་མི་བཏུབ་སྟེ། ལམ་སྒྲོན་ལས། གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་བཤད་ཅིང་། ཇོ་བོ་རྗེའི་བླ་མ་གསེར་གླིང་པས་མཛད་པའི་དབང་གཏན་ལ་དབབ་པར་དབང་བསྐུར་བ་གཉིས་ནི་ཚངས་པར་སྤྱོད་པ་རྣམས་ཟད་པར་བྱེད་པ་ཡིན་ལ་ཚངས་པར་སྤྱོད་པ་རྣམས་ཟད་

13a

༄༅།        །པ་ན་སངས་རྒྱས་ཀྱི་བསྟན་པ་རྣམས་ནུབ་པར་འགྱུར་ཞིང་། དེ་ནུབ་པ་ལས་བསོད་ནམས་མངོན་པར་འདུ་བྱ་བ་རྒྱུན་ཆད་པར་འགྱུར་ལ་གཞི་དེ་ལས་མི་དགེ་བ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་དེ་གཉིས་ཚངས་པར་སྤྱོད་པ་རྣམས་ཀྱིས་སྤངས་སོ་ཞེས་བཤད་པའི་ཕྱིར་རོ་ཞེ་ན་དེའི་སྐྱོན་མེད་དེ། བླ་མ་དེ་དག་གི་དགོངས་པ་ནི་དབང་གསུམ་པ་ལ་ལས་ཀྱི་ཕྱག་རྒྱ་དངོས་སུ་བསྟེན་ཅིང་གཉིས་པ་ཡང་དེའི་རྒྱུར་འགྱུར་བ་ལ་དགོངས་ནས་དངོས་དབང་བཀག་པ་ཡིན་ལ། དེ་ཡང་གང་ཟག་གི་བྱེ་བྲག་གིས་དངོས་དབང་ཡིན་ཡང་རབ་བྱུང་ལ་ཉེས་པ་མེད་པའི་སྐབས་སྲིད་པར་བླ་མ་སོ་སོས་བཤད་ཅིང་། དེ་ཉིད་ཀྱིས་ཀྱང་། གང་ཡང་དཀྱིལ་འཁོར་ཆེན་པོར་འཇུག་པ་ན། པྲ་སེན་དབབ་པ་དང་ཁྱད་པར་གྱི་ལུང་བསྟན་པ་ཐོབ་པར་གྱུར་ན་ཚངས་པར་སྤྱོད་པ་ལ་ཡང་དབང་བསྐུར་བ་དེ་མ་བཀག་གོ་ཅེས་བཤད་ལ། ཇོ་བོ་རྗེས་ཀྱང་དེ་ཉིད་རིག་ལ་ཉེས་པ་མེད་ཅེས་གསུངས་ཤིང་འོན་ཀྱང་གང་ཟག་གི་ཁྱད་པར་འགའ་ཞིག་ལ་ཉེས་པ་མེད་ཀྱང་། དེ་ལ་བསྙད་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཆེན་པོ་འབྱུང་བ་དགག་པའི་ཕྱིར་རབ་བྱུང་གིས་དངོས་དབང་ལེན་པ་བཀག་པ་ཡིན་གྱི་ཚིག་གི་སྒོ་ནས་ལེན་པ་ལ་ནི་དགག་པ་མེད་དོ། །དྲི་མེད་འོད་ལས། ས་བོན་ཉམས་པའི་རྒན་པོ་ལ་ནི་ཤེས་རབ་དབང་ནི་རྒྱལ་བའི་བདག་པོའི་གསུང་གིས་སྦྱིན་པར་བྱ་སྟེ་དགེ་སློང་ལ་ཇི་ལྟ་བ་བཞིན་ནོ་ཞེས་གསུངས་ཤིང་། སློབ་དཔོན་ནས་གླིང་པས། གང་ཞིག་འདོད་ཆགས་དྲག་པོ་ལ་ཡང་

13b

དབང་བསྐུར་བ་དེ་དག་ཡིད་ཀྱིས་བྱས་པས་ཆོག་ན་དེ་ནི་དེ་ལྟར་བྱའོ་ཞེས་སོ། །གལ་ཏེ་ཚིག་ཙམ་གྱིས་དབང་བསྐུར་བ་ལ་ཡང་དགོས་པ་མེད་དེ། བུམ་དབང་ཙམ་ཐོབ་པས་ཀྱང་སྔགས་ཀྱི་ལམ་སྒྲུབ་ཏུ་རུང་བའི་ཕྱིར། ལམ་སྒྲོན་ལས། རྒྱུད་ཀུན་ཉན་དང་འཆད་པ་དང་། །སྦྱིན་བསྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་འགྱུར་ཞིང་ཞེས་བཤད་ཅིང་ནས་གླིང་པས་ཀྱང་དེ་ལྟར་བཤད་པའི་ཕྱིར་རོ་ཞེ་ན། དེ་ནི་བསྐྱེད་རིམ་དང་སྦྱིན་བསྲེག་དང་རབ་གནས་སོགས་བུམ་དབང་དང་འབྲེལ་པའི་ལམ་རྣམས་སྒྲུབ་ཏུ་རུང་བ་ལ་དགོངས་པ་ཡིན་གྱིས་དབང་གོང་མ་དང་འབྲེལ་བའི་རྫོགས་རིམ་བསྒོམ་པ་ལ་དབང་གོང་མ་མ་ཐོབ་པར་མི་རུང་སྟེ། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་བ་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ་ཞེས་ཚིགས་བཅད་གསུམ་པའི་དོན་དབང་གོང་མ་གསུམ་དང་རིམ་པ་བཞིན་སྦྱར་ནས་ས་ར་ཧས་བཤད་དོ། །