བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༢. ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་ལ་ལྟོས་ནས་གྲངས་ངེས་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༡. མུ་སྟེགས་པ་རྗེས་སུ་གཟུང་བ་ལ་ལྟོས་ན་བཞིར་གྲངས་ངེས་པ།)

མུ་སྟེགས་གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲངས་ནས་གཙང་སྦྲ་དང་སྦྱིན་སྲེག་དང་། ཁྲུས་དང་། སྨྱུང་གནས་ལ་སོགས་པའི་དཀའ་ཐུབ་ཆོས་སུ་སྨྲ་བ་རིགས་ལ་མངོན་པར་ཞེན་པ་དེ་རྣམས་གདུལ་བའི་ཕྱིར་བྱ་བའི་རྒྱུད་གསུངས། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲངས་ནས་འཚེ་བ་ཆོས་སུ་སྨྲ་བ་རྣམས་གདུལ་བའི་ཕྱིར་སྤྱོད་པའི་རྒྱུད་དྲག་པོའི་ལས་ཤས་ཆེར་སྟོན་པའི་

16a

༄༅།        །རྒྱུད་གསུངས། འདོད་ཆགས་ཅན་དབང་ཕྱུག་ཆེན་པོ་ལྷར་འཛིན་པ་འདོད་ཆགས་དང་། ཤ་ལྔ་བདུད་རྩི་ལྔ་ཟ་བ་ཁྱི་དང་བ་ལང་གི་བརྟུལ་ཞུགས་པ་དེ་དག་གིས་གྲོལ་བར་ལྟ་བ་གདུལ་བའི་ཕྱིར་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་གསུངས་ལ། ཡང་རྐྱེན་མཉམ་པ་སྐབས་ཀྱི་སྟོབས་ཀྱིས་གསུམ་ཀའི་རྗེས་སུ་འབྲང་བའི་རིགས་སློབ་དཔོན་གསུམ་པོ་དེ་གང་སྟོན་པ་དང་ཕྲད་པས་དེ་དང་རྗེས་སུ་མཐུན་པར་སློབ་པ་དེ་དག་གདུལ་བར་བྱ་བའི་ཕྱིར་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། དེ་ཉིད་བསྡུས་པའི་དུམ་བུ་དང་པོར་འདོད་ཆགས་ཅན་རྗེས་སུ་གཟུང་བའི་ཕྱིར་ལྷ་ཆགས་པའི་ཉམས་ཅན་དང་། དུམ་པ་གཉིས་པར་ཞེ་སྡང་ཅན་རྗེས་སུ་གཟུང་བའི་ཕྱིར་ལྷ་ཁྲོ་བའི་ཉམས་ཅན་དང་། དུམ་བུ་གསུམ་པར་གཏི་མུག་ཅན་རྗེས་སུ་བཟུང་བའི་ཕྱིར་ལྷ་སྣ་ཚོགས་པའི་ཉམས་ཅན། དུམ་བུ་བཞི་པར་སེར་སྣ་ཅན་རྗེས་སུ་གཟུང་བའི་ཕྱིར་ལྷ་རྒྱས་པའི་ཉམས་ཅན་རྣམས་བསྟན་པའི་ཕྱིར་རོ། །ཞེས་རབ་འབྱོར་བསྐྱངས་དང་། ཀུན་དགའ་སྙིང་པོ་ལ་སོགས་པ་རྣམས་བཞེད་དོ་ཞེས་རྗེ་བཙུན་རྩེ་མོ་གསུངས་ཏེ། ཁོ་བོས་ནི་དེའི་ཤེས་བྱེད་མ་མཐོང་ངོ་། །

(༢. ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་ལ་ལྟོས་ནས་གྲངས་ངེས་པ།)

གཉིས་པ་ནི། སངས་རྒྱས་པའི་གྲུབ་པའི་མཐའ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བ་ཕྱི་རོལ་གྱི་དོན་བདེན་པ་དང་བརྗོད་དུ་མེད་པའི་བདག་འདོད་པ་བཞིན་དུ། མདུན་དུ་རས་རིས་བཀྲམ། ཡེ་ཤེས་སེམས་དཔའ་སྤྱན་དྲངས། དེའི་ཐུགས་ཀར་སྔགས་ཕྲེང་བཀོད་དེ། བདག་ཁྲུས་དང་གཙང་སྦྲ་དང་ལྡན་པས་སྔགས་

16b

བཟླས་ཤིང་དངོས་གྲུབ་ལེན་པ་བྱ་བའི་རྒྱུད། ཡང་མདོ་སྡེ་པ་སྣང་བ་ཐམས་ཅད་ཤེས་པ་ཡིན་ཡང་གཟུང་འཛིན་འདོད་པ་ལྟར་དམ་ཚིག་སེམས་དཔར་བསྐྱེད་མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་དེའི་ཐུགས་ཀར་སྔགས་ཕྲེང་བཀོད་དེ་ཟློ་བ་ལྷ་གྲོགས་པོ་ལྟ་བུ་ལ་དངོས་གྲུབ་ལེན་པ་སྤྱོད་པའི་རྒྱུད་དང་། ཡང་སེམས་ཙམ་པ་ཕྱི་རོལ་གྱི་དོན་བདེན་པ་མེད་ཀྱང་གཟུང་འཛིན་གཉིས་མེད་ཀྱི་རང་རིག་བདེན་པར་འདོད་པ་ལྟར་བདག་དམ་ཚིག་སེམས་དཔར་བསྐྱེད་ཡེ་ཤེས་པ་བཅུག །སྔགས་བཟླས་ནས་མཇུག་ཡེ་ཤེས་པ་གཤེགས་སུ་གསོལ་བ་རྣལ་འབྱོར་གྱི་རྒྱུད་དང་། དབུ་མ་པས་ཀུན་རྫོབ་ཏུ་གཟུང་འཛིན་གཉིས་སུ་སྣང་ཡང་དོན་དམ་པར་གང་ཡང་བདེན་པར་མི་འདོད་པ་ལྟར་དམ་ཚིག་སེམས་དཔའ་བསྐྱེད། ཡེ་ཤེས་པ་བཅུག་ནས་གཤེགས་སུ་གསོལ་བའི་ཆོ་ག་མི་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དེ། བསྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་གཞག་གོ་ཞེས་ཀླུ་སྒྲུབ་ལ་སོགས་པ་རྣམས་བཞེད་དེ་ཞེས་བོད་ཀྱི་བླ་མ་དག་གསུང་མོད་ཀྱི། ཁོ་བོས་དེའི་ཤེས་བྱེད་མ་མཐོང་ངོ་། །