(༤༽. གྲངས་ངེས་པ་རྩོད་པ་སྤངས་བ།)
བཞི་པ་ནི། རྒྱུད་སྡེ་བཞིར་གྲངས་ངེས་ན་འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས་གཉིས་གའི་རྒྱུད་དང་གསུམ་མོ་ཞེས་པ་ཁ་ཅིག་འཆད་དེ། དེ་ཡང་ལྷའི་བྱེ་བྲག་ནི་གཉིས་སུ་ཟད་པས་གཉི་གའི་རྒྱུད་ལོགས་ཤིག་མེད་དོ། །ཞེས་སྤྱོད་རྒྱུད་ལོགས་ན་མེད་པར་བཤད་པ་དང་འགལ་ཞེ་ན། སློབ་དཔོན་དེས་ལྷའི་རྣལ་འབྱོར་གཉིས་ལས་ལོགས་པ་མེད་པ་ལ་དགོངས་པ་ཡིན་གྱི་བྱ་བ་དང་། རྣལ་འབྱོར་
༄༅། །གྱི་ཆ་གཉིས་དང་ལྡན་པའི་སྒོ་ནས་ལོགས་ཤིག་ཏུ་བྱས་པ་ལ་སྐྱོན་མེད་དོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་འགྲེལ་པ་ལས་རྒྱུད་ཐམས་ཅད་ནི་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། གསང་བའི་རྒྱུད་ཁ་ཅིག་གོ་ཞེས་གསུམ་དུ་གསུངས་པ་དང་འགལ་ཞེ་ན་སྐྱོན་མེད་དེ། ཕྱིའི་བྱ་བ་ལྷུར་ལེན་པ་ལ་དགོངས་ནས་བྱ་བ་དང་སྤྱོད་པ་གཉིས་ཀ་ཡང་བྱ་བའི་རྒྱུད་དུ་བསྡུས་ནས་བསྟན་པ་ཡིན་ལ་ནང་མཚན་མེད་ཀྱི་ཏིང་ངེ་འཛིན་གཙོ་ཆེ་ཆུང་གིས་གཉིས་སུ་དབྱེར་ཡོད་པའི་ཕྱིར་རོ། །ཡང་ཁ་ཅིག །སློབ་དཔོན་སངས་རྒྱས་གསང་བས། རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །རྒྱུད་སྡེ་རྣམ་པ་གསུམ་དུ་འདོད་ཅེས་བཤད་ཟེར་ཏེ། བདག་གིས་དེའི་ཁུངས་མ་མཐོང་ཡང་། གལ་ཏེ་བཤད་པ་བདེན་ན་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གཉིས་ཀ་ནང་སེམས་ཀྱི་ཏིང་ངེ་འཛིན་སྟོན་པར་གཅིག་པས་གཅིག་ཏུ་བསྡུས་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །སྔགས་དོན་རྣམ་གཟིགས་ལས། རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ་ཞེས་རྒྱུད་སྡེ་གསུམ་དུ་བསྟན་པའང་སྔ་མ་དང་འདྲའོ། །ཡང་ཡེ་ཤེས་ཀུན་ལས་བཏུས་པའི་རྒྱུད་ལས་རྒྱུད་སྡེ་ལྔར་བཤད་པ་དང་འགལ་ཞེ་ན། སྐྱོན་མེད་དེ། བྱ་བའི་རྒྱུད་ལ་གཉིས་སུ་ཕྱེ་ནས་མཆོག་གི་དངོས་གྲུབ་གཙོ་བོར་སྒྲུབ་པ་རྣམས་བྱ་བའི་རྒྱུད་ཐུན་མོང་གི་དངོས་གྲུབ་གཙོ་ཆེར་སྒྲུབ་པ་རྣམས་རྟོག་པའི་རྒྱུད་ཅེས་གཉིས་སུ་ཕྱེ་བ་ཡིན་གྱིས་ངོ་བོ་བྱ་བའི་རྒྱུད་དུ་འདུས་པའི་ཕྱིར་རོ། །དུས་འཁོར་ཡེ་ཤེས་ལེའུའི་ཚིག་བཅད་ཞེ་བཞི་པའི་
འགྲེལ་པར་ཐུན་དང་པོའི་མངོན་མཚམས་ལ་དགོད་པའི་རྒྱུད་དོ་ཞེས་སོགས་ཀྱིས་དགོད་པ་དང་། ལྟ་བ་དང་ནུ་མ་ལ་རེག་པ་དང་། ལག་པ་ནས་འཛིན་པའི་རྒྱུད་བཞི་བཤད་པས་གཉིས་ཀྱིས་གཉིས་སྤྲོད་ཀྱི་རྒྱུད་དང་ལྔར་དོན་གྱིས་བཤད་པ་དང་། མཁའ་འགྲོ་རྒྱ་མཚོར། བྷ་ག་རྣམས་སུ་རྒྱུད་ལྔ་རྣམས། །བྱ་བ་ལ་སོགས་བླ་མེད་མཐར། །བཞུགས་པ་དེ་ལྟར་དུ་ནི་ཅི། །ཞེས་དང་། སློབ་དཔོན་ཤཱནྟི་པས་ཐེག་པ་གསུམ་རྣམ་པར་གཞག་པ་ལས་ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པ་ནི། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་རྣམ་པ་ལྔར་འགྱུར་རོ། །ཞེས་དང་། སློབ་དཔོན་ཨ་བྷ་ཡས་ཀྱང་བཤད་ལ། པཎྜི་ཏ་གཞན་ཡང་འདི་བཞེད་པ་མང་ངོ་ཞེ་ན། སྐྱོན་མེད་དེ། རྣལ་འབྱོར་ཆེན་པོའི་ཐབས་ཀྱི་རྒྱུད་ལས་བརྡ་དང་སྒྲ་ཟབ་ཅིང་། འཇིག་རྟེན་དང་འགལ་བ་རྨད་དུ་གྱུར་པའི་ཐབས་སྟོན་པས་ལོགས་སུ་ཕྱེ་བ་ཡིན་ལ་གཉིས་ཀ་ལ་ཐབས་ཤེས་དབྱེར་མེད་ཀྱི་རྣལ་འབྱོར་ཟབ་མོ་གཙོ་བོར་སྟོན་པ་ཡིན་པས་རྣལ་འབྱོར་ཆེན་པོའི་རྒྱུད་གཅིག་ཏུ་བསྡུས་པ་ཡང་མི་འགལ་ལོ། །ཡང་བདེ་མཆོག་ཉུང་ངུའི་རྒྱུད་དུ། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན་ཞེས་པའི་འགྲེལ་པར། སློབ་དཔོན་ལྭ་ བ་པས། མདོ་སྡེ་རྟོག་པའི་རྒྱུད། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་གསང་བའི་རྒྱུད། རྣལ་འབྱོར་གསང་མཐའི་རྒྱུད་
༄༅། །དང་དྲུག་ཏུ་བཤད་དོ་ཞེས་ཟེར། དེས་མཛད་པའི་འགྲེལ་པ་སྒྲུབ་པའི་ཐབས་ཀྱི་གླེང་གཞིར་ཚིག་དེ་ལ་འགྲེལ་པ་མ་བྱུང་ཡང་། གུར་དུ་རྣལ་འབྱོར་མའི་རྒྱུད་ནི་དྲུག་པར་གྲགས་པ་ཡིན་ཞིང་དྲུག་པར་གྲགས་པ་དེ་མ་རྒྱུད་ཀྱི་ཆེ་བ་དབྱུང་བའམ། བརྡའ་དོན་རྨད་དུ་བྱུང་བ་ལ་དགོངས་པ་ཡིན་གྱི་ངོ་བོ་བཞིར་མི་འདུ་བའི་སྐྱོན་མེད་དོ། །ཡང་ཇོ་བོ་རྗེའི་ལམ་སྒྲོན་གྱི་འགྲེལ་པར་བྱ་བ་སྤྱོད་སོགས་རྒྱུད་ཅེས་བྱ་བ་ནི་བྱ་བའི་རྒྱུད། སྤྱོད་པའི་རྒྱུད་དང་། རྟོག་པའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དོ། །ཞེས་རྒྱུད་སྡེ་བདུན་དུ་བཤད་པ་དང་འགལ་ཞེ་ན། རྟོག་པའི་རྒྱུད་རྟོག་པ་ཀུན་ལས་བཏུས་པ་སོགས་ནི་རི་ལུ་ མིག་སྨན་ལ་སོགས་པས་སྒྲུབ་པའི་ཆོ་ག་ཞིབ་མོ་རྣམས་ཤས་ཆེར་སྟོན་པས་ལོགས་སུ་ཕྱེ་བ་ཡིན་ལ། ངོ་བོ་བྱ་བའི་རྒྱུད་དུ་འདུས་སོ། །གཉིས་ཀའི་རྒྱུད་དུ་བཞེད་པའི་སྒྱུ་འཕྲུལ་དྲ་བ་དང་། པདྨ་གར་དབང་སོགས་ཀྱང་སྤྱོད་པའི་རྒྱུད་དམ་རྣལ་འབྱོར་གྱི་རྒྱུད་ཅི་རིགས་པར་འདུ་བའི་ཕྱིར་རོ། །